ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ར་གུ་རམ་ཕྲུ་གུའི་ཟས།།
ཁ་ཟས་ཞིམ་པོ་དཔོན་གྱིས་བཞེས།།
ག་བཏང་གོ་ཆོད་གཡོག་གི་འགན།།
ང་ཚོའི་ཕ་ཡུལ་གངས་ལྗོངས་བོད།།
ཅ་ཅོ་དབེན་པས་ཆོས་བྱེད་མང་།།
ཆ་ཚང་ནང་པའི་བསྟན་ལ་དད།།
ཇ་མར་ཙམ་པའི་འཚོ་བ་བསྐྱངས།།
ཉ་ཅོང་སྦལ་བའི་ཚེ་སྲོག་བླུས།།
ཏ་སྤྱོད་གཙང་མའི་གྲུབ་མཐའ་འཛིན།།
ཐ་དབུས་མེད་པ་ཆོས་ཀྱི་ཁྱབ།།
ད་ར་འོ་མའི་དཀར་ཟས་སྤྱོད།།
ན་རྒྱུ་ཚ་རྒྱུའི་མིང་ཙམ་མེད།།
པ་ཊ་མཛེས་པའི་རི་མོར་དགའ།།
ཕ་མ་སྐྱོང་མཁན་བུ་ཕྲུག་མང་།།
བ་ཕྱུགས་སེམས་ཅན་བདག་ཉར་བྱེད།།
མ་རབས་རྐུན་ཇག་ཐོས་རྒྱུ་མེད།།
ཙ་བའི་བླ་མའི་བཀའ་གསུང་སྒྲུབ།།
ཚ་གྲང་ཇི་བྱུང་བཟོད་བསྲན་ཐུབ།།
ཛ་བརྩེ་བརྟན་པོའི་ཁྱིམ་གཞིས་འཛིན།།
ཝ་མོ་ཁྱི་སྤྱང་མི་དང་འདྲིས།།
ཞ་རིགས་མི་འདྲ་མགོ་ལ་གྱོན།།
ཟ་འཐུང་ལོངས་སྤྱོད་རྣམ་སྲས་མཛོད།།
འ་ཆད་འུ་ཐུག་མཐོང་རྒྱུ་མེད།།
ཡ་རབས་བུ་བརྒྱུད་ཀུན་གྱི་བསྟོད།།
ར་མོ་ཆེ་ཡི་ལྷ་ཁང་ལ།།
ལ་ལུང་བགྲོད་ནས་མཇལ་མཁན་མང་།།
ཤ་མར་ཐུད་ཀྱི་ལམ་རྒྱག་བྱས།།
ས་ཆ་སྐྱིད་པོ་ལྷ་ཡུལ་འདྲ།།
ཧ་ཅང་ཕ་ཡུལ་དྲན་པ་ན།།
ཨ་ཙ་མ་འཐོན་མཛུབ་མོ་ཤོར།།
མཛུབ་མོ་ཁ་བརྡའི་སྒོ་ལ་ཤོར།།