སྨིན་སྣང་མཛེས།
བཤད་འདོད་པའི་སྐད་ཆ་ཐུང་ཐུང་ཞིག
རང་ཉིད་ཕ་ཡུལ་དང་བྲལ་ནས་གང་དུ་སོང་ཡང་ཆོགགང་ནས་བསྡད་ཀྱང་རུང་། ང་དང་ཕ་ཡུལ་གྱི་བར་ན་བརྩེ་བ་དྲོན་མོ་ཞིག་གིས་གཏན་དུ་སྦྲེལ་ཡོད། བརྩེ་བ་དེ་ང་ཕ་ཡུལ་ལ་དུང་བའི་འདུན་མ་ཡིན་ལ་ཕ་ཡུལ་གྱིས་ང་ལ་བཞག་པའི་བག་ཆགས་ཀྱང་ཡིན། དེར་བརྟེན། ཕ་ཡུལ་ནི་ངའི་ཆེས་ཐོག་མའི་ངུ་སྐད་དབྱངས་སུ་གྱེར་ས་དང་། ཆེས་མཐའ་མའི་དབུགས་ཀྱི་རྒྱུ་བ་ཆད་སའང་ཅིས་ཀྱང་ཡིན་དགོས།
ཕ་ཡུལ་གྱི་རྩྭ་ཐང་།
༡༽ ངུ་ངག་གི་དབྱངས་རྟ་གཉོམ་པོ་ཞིག་རྩྭ་ཐང་དུ་གྱེར་བ་ནས། ཁྱེད་ནི་ངའི་ལྟེ་ཁྲག་གི་བདག་པོ་དང་གསེར་མདོག་གི་འཇིག་རྟེན་ཡིན། བྱིས་དུས་སུ། སྦྲ་འདབས་ཀྱི་གཏམ་རྒྱུད་ལ་འཁྱུད་ཅིང་། རྟ་ནོར་གྱི་འཚོ་རྟེན་ལ་སྣང་བ་གཡེང་ཐེངས་རེར། ང་ནི་དགོད་སྒྲ་དང་འཛུམ་མདངས་ཀྱིས་འཚོ་བའི་འབྲོག་ཕྲུག་ཆུང་ཆུང་ཞིག་ཡིན། ཁྱེད་ཀྱི་པང་ནས་ངས་མ་ལོ་བྱང་སེམས་ཅན་ཞིག་གི་འཛུམ་མདངས་དྲོན་མོ་རྙེད་བྱུང་ལ། ཁྱེད་ཀྱི་པང་ནས་ངས་ཕ་ལོ་སྙིང་སྟོབས་ཅན་ཞིག་གི་སྤོབས་པ་མཐོང་བྱུང་། ཕ་ཡུལ་གྱི་རྩྭ་ཐང་། ང་ནམ་ཡང་ཁྱེད་ལ་དགའ།
༢༽ དཔེ་ཁུག་ཆུང་ཆུང་ཞིག་ཁུར་ནས་སློབ་ཆུང་གི་སྒོ་ཐེམ་འགྲིམས་པ་ནས། ཁྱེད་ནི་ངའི་སེམས་ཁོང་གི་རེ་བ་དང་མདུན་ལྗོངས་ཀྱི་འོད་ཁྱིམ་ཡིན། བསམ་ཤེས་པ་ནས། སློབ་ཕྲུག་སྣབས་ལུག་སྐོར་ཞིག་དང་ལྷན་དུ། ཀ་ཁའི་དབྱངས་རྟར་འཁྲེན་ཞིང་། དཔེ་ཆའི་འཇིག་རྟེན་ལ་སེམས་པ་ཕྱོགས་ཐེངས་རེར། ང་ནི་སྙིང་རུས་དང་སྤོབས་པས་འཚོ་བའི་སློབ་ཕྲུག་ཆུང་ཆུང་ཞིག་ཡིན། ཁྱེད་ཀྱི་སྐྱེལ་མའི་ཁྲོད་ནས་ངས་ཕུགས་བསམ་གསར་བ་ཞིག་རྙེད་བྱུང་ལ། ཁྱེད་ཀྱི་བསུ་མའི་ཁྲོད་ནས་ངས་མདུན་ལམ་ཡངས་པོ་ཞིག་མཐོང་བྱུང་། ཕ་ཡུལ་གྱི་རྩྭ་ཐང་། ང་ནམ་ཡང་ཁྱེད་ལ་དུང་།
༣༽ རེ་འདུན་རྣལ་མ་ཞིག་ཁྱེར་ནས་རྩྭ་ཐང་དང་རྒྱང་དུ་གྱེས་པ་ནས། ཁྱེད་ནི་ངའི་རྨི་ལམ་གྱི་འཇིག་རྟེན་དང་སྟོང་བསམ་གྱི་གཞིས་ཁྱིམ་ཡིན། དྲན་པས་སྒུལ་དུས།རིགས་མཐུན་ཁྱུ་གཅིག་དང་ལྷན་དུ། ཁྱེད་ཀྱི་འདས་མ་ད་གསུམ་གླེང་ཞིང་། ཁྱེད་ཀྱི་བདེ་སྡུག་ནི་ང་ཚོ་དང་དུས་གཏན་དུ་འབྲལ་ཐབས་མེད་པ་ཞིག་ཡིན་པའི་ངེས་ཤེས་རྙེད་བྱུང་ལ། ང་ཚོའི་བདེ་སྡུག་ཀྱང་ཁྱེད་དང་འབྲེལ་ནས་ཡོད་པའི་གནས་ལུགས་ཤིག་ཤེས་སོང་། ཕ་ཡུལ་གྱི་རྩྭ་ཐང་། ང་ནམ་ཡང་ཁྱེད་དང་འབྲལ་མི་སྲིད།
༢༠༡༥ ལོའི་ཟླ་༤ ཚེས་༢༢ ཉིན།
ཕ་ཡུལ་གྱི་རྩྭ་ཐང་།
རྩྭ་ཐང་གི་ནོར་ལུག
ནོར་ལུག་གི་མར་ཕྱུར།
མར་ཕྱུར་གྱི་བདེ་སྐྱིད།