སེང་གདོང་སྐྱབས།
རྒྱ་གར་བལ་ཡུལ་འགྲུལ་ལམ་རིང་ལ་ཀྱོག།
ལོ་རེར་འགྲུལ་བཞུད་ཐེངས་རེར་དཀའ་བས་ལན།།
སྟབས་ལེགས་ལྟེས་དབང་འདི་ཡི་སློབ་གསེང་གིས།།
དེ་རིང་ཡུལ་སྤུན་ལྷན་དུ་འདི་ལ་འདུར།།
འདི་ནས་ཀྱེན་དུ་བརྩིས་བའི་མི་ལོ་བཅུར།།
བྲོས་བྱོལ་མི་ཚེ་ཞིག་གི་གཏམ་རྒྱུད་དྲན།།
ཉེན་བགེགས་རི་ཆུ་སྟོང་གི་བློས་བཏང་ཞིག།
ད་ལྟ་བསམ་ན་ཧ་ཅང་དོན་ཡོད་འདྲ།།
དེ་རིང་ཉེ་སར་བཅར་བའི་འགྲུལ་བཞུད་འདིས།།
ཕྱིར་མིག་སྟོང་ཕྲག་ཅིག་གི་སྒོ་མོ་འབྱེད།།
ལན་རེར་དགའ་ལ་ལན་རེར་སྐྱོ་བས་ལན།།
འགྲེལ་དཀའི་མཆི་མ་རྡོག་གཅིག་སྙིང་ལ་ཟུག།
ཡ་གའི་རི་ན་དུད་ཁྱིམ་ཁེར་ཆད་ཅིག།
ཁང་ཆུང་ཀླད་ན་དུ་བའི་སྤྲིན་ཕུང་ཞིག།
མིག་ཟུང་བཙུམ་ན་རང་ཡུལ་ཡིན་པ་འདྲ།།
གོ་ཁ་དེ་ན་ཨ་མ་ཡོད་པར་སྣང་།།
རི་སུལ་འདི་ན་གཙང་བོ་མར་བཞུད་ཅིག།
དེ་ཡི་རླབས་ན་སྙིང་གཏམ་ཚིག་གསུམ་ཞིག།
དྲིན་ཆེན་ཡབ་ཆེན་ཞིག་གི་རྨི་ལམ་འདྲ།།
ཁྲེལ་གཞུང་ཕྱི་ཐག་ཅིག་བསྒུལ་ནས་འགྲོ།
འདི་ནས་རིང་མིན་ཕ་ཡུལ་གངས་ལྗོངས་དེ།།
བསམ་ཞིང་བསམ་ན་ཚོར་བའི་ཕུང་བོ་ཞིག།
ཤོག་སྨྱུག་བརྡར་བས་འགྲེལ་ཐབས་མི་འདུག་བཞིན།།
རང་སེམས་མཚོ་མོ་ནམ་མཁའི་མཐའ་དང་མཉམ།།