རེབ་ཐོག་མདའ།
ལྗང་མདོག་ནམ་ཟླ་བཀླུབས་པའི་དུས་ཚིགས་ཤིག་ལ།།
ཟླ་བའི་རྨི་ལམ་བོར་བའི་རྩྭ་ཐང་དེ་ནས།།
ཁ་ཡ་ན་ཟླ་འཛོམས་པའི་གླུ་སྐད་ལྷང་ལྷང་།།
སྐྱིད་པའི་ཉིན་མོ་བོད་ལ་འཆར་རྒྱུ་ཡོད་ན།།
སྦྲ་ཁྱིམ་སྨུག་པོའི་གཏམ་རྒྱུད་བོར་ལ་ཉེ་བའི།།
སྒང་བ་བོད་ཀྱི་ཁ་སང་དེ་རིང་བར་གྱི།།
ལས་དབང་སྐྱ་བོའི་ཁུག་ནས་མྱུར་དུ་སྐྱོབ་ལ།།
མཐུ་དང་ནུས་པ་ཅན་གྱི་ལྷ་ཞིག་ཡོད་ན།།
བླ་མའི་ཅི་གསུང་ཤ་གསེང་རུས་གསེང་འཐིམ་བཞིན།།
མི་བུ་གསོན་པོ་ཞིག་གི་མི་གཞི་འཁུར་ཏེ།།
གཞིས་བྱེས་ལྷན་འཛོམས་སྐྱིད་པའི་དགོད་སྒྲའི་བར་ནས།།
དམར་བོའི་རི་ལ་བླ་མའི་ཞབས་སོར་འཁོད་ན།།
ཨ་མ་རྒས་ནས་ལང་ཚོ་ཁ་བས་བཟུང་སོང་།།
ཚ་བོ་ཚ་མོའི་གདོང་པ་མཆི་མས་བརླན་འདུག།
མི་ཚོགས་ཟང་ཟིང་དབུས་ན་ཡལ་ནས་འགྲོ་བའི།།
བཙན་པོའི་མི་རབས་མགོ་འཕང་ཅུང་ཙམ་བཏེགས་ན།།
དབྱངས་གསལ་སོ་བཞིས་གྲུབ་པའི་ངག་དེ་ཐོས་དུས།།
ཁ་བ་བོད་པ་ཚང་གི་རེ་བ་ཟབ་མོད།།
ཕྱིར་རོལ་གྲོང་གི་མྱི་ཚོར་ཞིབ་ཏུ་ཉན་ན།།
ཕ་སྐད་སྲུང་བའི་ཨ་ཕའི་བུ་དེ་གང་ན།།
སློབ་ཆེན་སྒོ་ཐེམ་འགྲིམ་པའི་མིང་བྱང་ཅན་པོ།།
ཤོག་བྱང་ལེབ་མོ་དེ་ཡིས་ཚིམ་ནས་འདུག་གི།།
ཀྱག་ཀྱོག་མི་ཚེའི་སྣེ་ཡི་ང་དང་བོད་པར།།
དེང་རབས་གསར་བའི་ལམ་སྟོན་ཁྱེད་ཀྱིས་ཐུབ་ན།།
སྦྱིན་བདག་ཁུག་མའི་ནང་གི་སེར་སྣ་ཅན་ཚོ།།
རྒྱུ་དང་འབྱོར་བས་ཕྱི་མ་བརྗེད་དེ་ཡོད་ཀི།
ཆོས་དང་འཇིག་རྟེན་ཟང་ཟིང་ཀློང་ལ་འཐིམ་བཞིན།།
མགོན་མེད་ཉམ་ཆུང་ཡིད་ལ་འཁོར་རྒྱུ་བྱུང་ན།།
གཏམ་བཤད་རྫིག་པོར་འཁེན་པའི་གོ་ས་ཅན་ཚོ།།
རྐུབ་སྟེགས་མཐོན་པོ་འདེགས་མཁན་སུ་དག་རེད་འདུག།
ས་ཡ་དྲུག་ལ་བདེ་སྐྱིད་འོད་སྣང་བསུ་བར།།
མི་བུ་དྲུག་ཅུས་ཚེ་སྲོག་སྦར་བ་ཨེ་ཚོར།།
སྨྱུ་གུ་ལག་ན་དགོད་པའི་མཁས་མིང་ཅན་པོ།།
སྟེགས་བུ་མཐོན་པོའི་སྒང་ནས་འདར་འདར་མ་བྱེད།།
མི་རབས་གསར་བ་ཞིག་གི་མིག་དབང་གཉིས་ཀ།།
ཁྱོད་ཀྱི་གདོང་ལ་ཅེར་ནས་ཧད་དེ་ལུས་འདུག།
གཞིས་ཁྱིམ་དྲོ་མོའི་སྦུག་གི་ཕ་ལོ་མ་ལོ།།
ཚ་བོ་ཚ་མོའི་མི་ཚེ་རི་ལ་མ་རྒྱག།
མི་ཚེའི་འགྲུལ་བཞུད་ཞིག་གི་ལམ་ཆེན་དཀྱིལ་ན།།
ཁ་བ་བོད་པ་ད་དུང་རྐད་ཐང་རེད་འདུག།
ལང་ཚོའི་མེ་ཏོག་བཞད་པའི་ན་ཆུང་བུ་མོ།།
ཁ་ངོ་སྐྱེས་གཟུགས་མཛེས་པའི་ཉམས་ཀྱིས་ཕྱུག་ཀྱང་།
གཞིས་ཁྱིམ་དྲོད་མོ་བསྐྱུར་ནས་རྒྱང་ལ་ཆས་དེ།།
བཅུ་དྲུག་ལང་ཚོ་ཁྲོམ་གྱི་ཚོང་ཟོག་མ་བྱེད།།
མི་ཚེ་ལྷས་རར་རྫོགས་པའི་ཨ་མ་ལོ་ལོ།།
ནུ་མོའི་བརྩེ་བའི་ལམ་དེ་སྒོར་གྱིས་མ་གཅོད།།
སེམས་དང་སེམས་པ་འདྲེས་པའི་ལས་ཀྱི་ཁ་ཡིག།
རྒྱང་རིང་མཛའ་བོ་ཞིག་གི་སྙིང་ལ་མདུད་འདུག།
ཕྱི་ལོ་ ༢༠༡༢ ་ལོའི་ ༡༡ ཚེས་ ༡ ལ་དཔེ་མཛོད་ནས།
ཞིབ་བཀླགས་ཤིང་བྱས་ནས་ཡག་བྱུང་ཟེར་རྒྱུ་ཡིན།
ཨ་ཨ་རེབ་ཐོག་ལགས་ངས་འདི་ལ་སྐད་ཆ་ཚིག་བཅད་དུ་སྡེབ་མཁན་ཞིག་གི་གཟིང་རྟག་ལ་ཐེབ་མོ་
ཡག་ཐ་ཀློག་ནས་བུད་ཐ།
ཚིག་བསྡེབས་ནོ་ལྷུ་ཁ་རང་འགྲིག་རེད། དོན་འདུས་ནོ་འཚོ་བའི་མེ་ལོང་རེད།
སེམས་སྐྱོ་ནོ་དྭ་ཕྲུག་འཁྱམ་པོ་རེད། སྙིང་རྗེ་ས་རང་རང་སོ་སོ་རེད།
རྒྱན་དང་འདོགས་ལ་དགའ་བའི་མི་དེར།།
གྲུ་འཛིན་རི་ལ་བཞུགས་པའི་གསར་དངུལ།།
གྲུ་འཛིན་ཐང་ལ་བཞག་པའི་གཡུ་བྱིརུ།།
ལས་དང་སྐལ་བ་མེད་པར་ལྷག་སོང་།།