ཁང་ཟླ་སྲས།
དྲུག་པ། ཐོ་འགོད་དང་། བཅར་འདྲིའི་སྐོར།
ང་ཕ་ཡུལ་དུ་འབྱོར་བའི་ཕྱི་ཉིན་མོ་ཏག་ཏག་བོད་ཚེས་ཉེར་བདུན་ལ་འཁེལ་ཡོད་པས་རྔ་ཡུལ་གྱི་དགོན་སྡེ་རྣམས་སྲོལ་རྒྱུན་ལོ་གསར་གྱི་ཆོས་ལུགས་བྱེད་སྒོ་གྲགས་ཅན་དགུ་གཏོར་ལ་འཚོགས་བཞིན་པའི་སྒང་རེད། མ་ཟད་བརྒྱད་དང་དགུ་གཉིས་ལ་ཀིརྟི་དགོན་ཆེན་སོགས་དགོན་པ་ཕལ་མོ་ཆེར་མགོན་པོ་ཁྲོ་བཅུའི་གར་འཆམ་སོགས་མཇལ་རྒྱུ་ཡོད་པས་དད་ལྡན་མང་ཚོགས་སྟོང་ཕྲག་མང་པོ་ཕྱོགས་གང་ས་མཇལ་ཁར་ཡོང་སྲོལ་ཡོད་པ་རེད། དངོས་ནས་བྱས་ན་ཁོ་བོ་ཡང་སྔ་མོ་ནས་སྨོན་ལམ་མཇལ་ཁར་འགྲོ་འདོད་ཆེ་ནའང་། དེ་སྔོན་ལྡི་ལི་ནས་གསལ་བསྒྲགས་བྱས་པའི་ཁྲིམས་ལུགས་ཀྱི་སྒྲིག་གཞི་བཞིན་རྫོང་ཉེན་རྟོག་ལས་ཁུངས་ཀྱི་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་ཁུངས་སུ་འབྱོར་ཐོ་འགོད་དུ་སོང་བ་ཡིན།
འབྱོར་ཐོ་འགོད་དུ་འགྲོ་སའི་ལམ་ཀ་ནི་རྫོང་གི་སྲང་ལམ་ཆེ་བ་བརྒྱུད་ནས་འགྲོ་དགོས་པས་ལམ་ཆེན་གྱི་གཡས་གཡོན་ན་གསང་བའི་དམག་གི་སྒྲིག་འཛུགས་དང་། སྤྱིར་བཏང་གི་སྐོར་སྲུང་བ། ད་དུང་དམིགས་བསལ་གྱི་མེ་སྲེག་ལས་འགུལ་ལ་ཉམས་ཞིབ་དང་དོག་ཟོན་ཆེད་བཙུགས་པའི་གོ་ཁྲབ་གྱོན་པའི་དམག་མི་རྣམས་ཀྱིས་རྫོང་གི་སྲང་ལམ་དང་བཞི་མདོ་གལ་ཆེན་རྣམས་སུ་ལག་ཏུ་ལྕགས་འཛེར་གྱིས་མགོ་བྲན་པའི་དབྱིག་རིང་རེ་དང་། ཟུར་ན་མེ་གསོད་ཡོ་ཆས་སོགས་གྲ་སྒྲིག་ཨང་གསར་གྱིས་འགྱིང་ཉམས་དང་བཅས་ངོ་རྒོལ་བ་ཡོད་ན་ད་ཐོན་ཤོག་ཟེར་བ་ལྟ་བུའི་ཉམས་ཀྱིས་ལངས་ནས་ཡོད་པ་མཐོང་ན། ཁ་དཔེར་ཡང་། ར་བསད་ན་ལུག་འདར་ཞེས་པ་ལྟར། སྡར་མ་ང་འདྲ་བ་དག་ལ་ངོ་མ་བྲེད་ཤ་དབང་མེད་དུ་སློང་ཡོང་གི་འདུག
དེ་ནི་ལོས་ཀྱང་ཡིན་ཏེ་ཕོ་ལོ་བཅུ་དྲུག་ནས་དམངས་གཙོ་དང་རང་དབང་གི་འཚོ་བའི་ཉིང་བཅུད་ལོངས་སུ་སྤྱད་དེ་ཆོས་ཁྲིམས་དང་རྒྱལ་ཁྲིམས་གང་གི་ཐད་ནས་ཐ་ན་བཀའ་བཀྱོན་ཚིག་གཅིག་ཀྱང་རག་མ་མྱོང་བའི་སྐྱིད་ལངས་མ་ང་ལྟ་བུ་ཞིག ལས་དབང་གིས་དེད་དེ་གློ་བུར་གང་ཞིག་མི་ཆོག་པ་དང་། ཅི་ཞིག་མི་འགྲིག་པ། མི་དེར་ལྟ་མི་ཉན་པ་དང་། གཏམ་དེ་གོ་མི་རུང་བའི་སློབ་གསོ་བཙན་དབང་གིས་སྤེལ་བཞིན་པའི་ཁོར་ཡུག་དོགས་པོ་འདྲ་ཞིག་ཏུ་སླེབས་པ་ནི་དཀའ་ངལ་གྱི་ནང་ནས་ཀྱང་ཆེས་ཆེ་བའི་དཀའ་ངལ་ཞིག་ཏུ་སེམས་སོ། །
གང་ལྟར་ང་ལས་ཁུངས་དེར་ཐོ་འགོད་བྱེད་པར་བསྟུད་མར་ཐེངས་གཉིས་སོང་ནའང་། ལས་བྱེད་པ་དག་འཚོགས་འདུ་གལ་ཆེན་ཞིག་ལ་འཚོགས་ཀྱི་ཡོད་ཟེར་བས་ཐུག་ཕྲད་བྱུང་མ་སོང་། ཉིན་མཐའ་མ་དེར་ངས་ལས་ཁུངས་གཞན་ཞིག་ལ་འབྲེལ་གཏུགས་ཨང་གྲངས་ཤིག་བསླངས་ཏེ་ཁ་པར་བཏང་བས་ད་གཟོད་འབྲེལ་ཡོད་ལས་བྱེད་པ་ཞིག་ལ་ཕྲད་སོང་། ཁོང་གིས་འདི་རུ་ཐོ་འགོད་བྱས་རྗེས་སྤྱི་བདེ་ཉེན་རྟོག་ཁང་དུ་འགྲོ་དགོས་ཚུལ་བཤད་པས། ང་ཡང་ལས་ཁུངས་དེའི་ཐད་ཀར་ཡོད་པའི་ཐོག་བརྩེགས་གསུམ་ཅན་གྱི་ལས་ཁུངས་དེར་སོང་བ་ཡིན། དེ་ནི་དེང་རབས་ཅན་གྱི་ལུགས་སུ་བཟོ་བཀོད་བྱས་པའི་རྫོང་འདིའི་ལས་ཁུངས་མཐོ་གྲས་ཤིག་རེད། ལས་ཁུངས་དེར་སྒོ་སྲུང་མི་འདུག་ལ། སྣེ་ལེན་བྱེད་མཁན་ཡང་མི་འདུག་པས་བལྟས་ཚོད་ལ་བག་ཡངས་སུ་རྒྱུ་ཆོག་པའི་རྣམ་པ་ཞིག་འདུག ང་ལས་ཁུངས་སུ་ཉེན་དཔོན་བཙལ་དུ་སོང་།
སྐབས་དེར་མཚོན་ན་ངའི་སེམས་པ་ནི་བླང་བློང་པོ་ཞིག་སྟེ། ཉེན་རྟོག་ཁང་གིས་ང་ལ་ངོས་འཛིན་ཅི་འདྲ་ཞིག་བྱེད་འོང་སྙམ་པས་རེད། ཉེན་རྟོག་དཔོན་གྱིས་ང་ལ་སྐད་བསྒྱུར་ཞིག་དང་བཅས་ལས་ཁུངས་ཤིག་ལ་བཏང་བྱུང་། དེར་རྒྱ་མོས་ཕྱི་རྒྱལ་ན་ཅི་ཞིག་གི་ཆེད་དུ་སོང་བ་ནས་བརྩམས་ཏེ་ཆུ་ཚོད་གཉིས་ཙམ་གྱི་རིང་ཕྱི་རྒྱལ་དུ་སྡོད་རིང་གི་འཚོ་བའི་གནས་ཚུལ་ཐད་ནས་དྲི་བ་འདྲ་མིན་དྲིས་པ་ནི་ངོ་མ་ཡིད་སུན་བྱེད་ཅིག་རེད། རྒྱུ་མཚན། དེའི་རིང་ངའི་མི་ཚེའི་ནང་བརྒྱུད་མ་མྱོང་བའི་གནོན་ཤུགས་མང་པོ་ཞིག་རང་གི་རྣམ་རྟོགས་དང་འབྲེལ་ཕྲག་པར་བབས་པས་ཡིན།
མདོར་ན་གནས་འདི་ནས་རང་དབང་གི་སྨྲ་ལྕེ་སྤྱད་དེ་སྤྱི་དམངས་ཀྱི་ཐོབ་ཐང་གླེང་ན་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་ཁུར་ནས་མུན་ནག་གི་བཙོན་དུ་འགྲོ་དགོས་ལ། གནས་འདི་ནས་ཆོས་དད་ཀྱི་བསམ་བློ་བསྒྲགས་ན་ངོ་ལོག་པའི་ཞྭ་མོ་བསྐོན་ཏེ་ལུས་སེམས་གཉིས་ཀར་མནར་གཅོད་གཏོང་འོང་བས་བརྒྱུད་ལམ་འདི་དག་སླ་མོ་ཞིག་མིན་པ་སུས་ཀྱང་ཤེས་ཨང་།
བདུན་པ། ཤོག་སྦག་དང་། མཚོ་སྔོན་བརྙན་འཕྲིན།
མི་ལོ་བཅུ་བཞིའི་སྔོན་དུ་ལོ་གསར་ལ་ཉེ་དུས་ང་ཚོར་བསམ་རྒྱུ་ཞིག་ཡོད་པ་ནི། སྒོར་མོ་འགའ་རག་ན་རིགས་མི་གཅིག་པའི་ཤོག་སྦག་མང་ཙམ་ཉོ་རྒྱུ་དེ་རེད། དེ་ནི་མ་གཞི་ནས་ངའི་ཕ་ཡུལ་གྱི་བྱིས་པ་བྱིངས་ལ་ཡོད་པའི་ལྟ་ཚུལ་ཞིག་སྟེ། ཁོང་ཚོར་ཐོབ་པའི་སྒོར་མོ་དག་ལས་ཕལ་མོ་ཆེས་ཤོག་སྦག་ཉོ་རྒྱུ་ཡིན་པ་ཐག་གིས་ཆོད་པ་རེད། གལ་སྲིད་མི་ཞིག་གིས་ང་ལ་བྱིས་པ་ཚོ་ཅིའི་ཕྱིར་ཤོག་སྦག་ལ་དགའ་བ་ཡིན་ནམ་ཞེས་དྲིས་ཚེ། ངས་ཐེ་ཚོམ་མེད་པར་ཤོག་སྦག་ནི་ལོ་གསར་བསུ་བའི་རྟེན་འབྲེལ་གྱི་དབུ་ཁྱུད་ཅིག་ཡིན་པས་རེད་ཅེས་ལན་རྒྱག་ངེས་ཡིན། ལན་དེ་འགྲིག་མིན་མ་ཤེས་ཀྱང་། ལོ་གསར་སླེབས་ལ་ཉེ་དུས་གྲོང་བརྡལ་ཙམ་མ་ཟད། ཞིང་གྲོང་དཀྱུས་མའི་ཕྲུ་གུ་ཚོས་ཀྱང་ཤོག་སྦག་སྦར་རྒྱུ་ཇེ་མང་དང་སྐད་ཤུགས་ཇེ་ཆེར་འགྲོ་བཞིན་པ་དེས་ལོ་གསར་ཁོང་ཚོ་དང་ཆེས་བར་ཐག་ཉེ་སར་བཅར་བཞིན་པ་ཤེས་ཐུབ།
ཁ་དོག་མི་གཅིག་པའི་ཤོག་སྦག་སྣ་ཚོགས་མཁའ་དབྱིངས་སུ་འོད་ལམ་མེར་འཚེར་བའི་མཚན་མོ་དེ་ནི། ངེད་གཟའ་མི་ཚང་མས་མི་ལོ་བཅུ་བཞིའི་རིང་སྒུག་པའི་ལྷན་འཛོམས་ཀྱི་ལོ་གསར་སྤྲོ་སྐྱིད་རེད། ཕ་དང་ཨ་ཁུ་གྲལ་མགོ་ན་བརྗིད་ཅིང་། བུ་དང་ཚ་བོ་གྲལ་དཀྱིལ་ན་གསལ་བ། མ་དང་སྲིང་མོ་གྲལ་མཐའ་ན་མཛེས་པའི་དགོང་མོ་དེ་ནི་རྨི་ལམ་ཞིག་མངོན་གྱུར་བྱུང་བ་དང་འདྲ་སྟེ། ཁ་བ་ལྷབ་ལྷབ་ཏུ་འབས་པའི་དུས་ཚོད་དེ་ནི་ཅི་འདྲའི་བརྗེད་དཀའ་ཞིང་། ཡང་ཡང་ཕྱིར་དྲན་དང་བསམ་གཞིགས་ཀྱིས་གཞིབ་འདོད་པའི་མཛེས་སྡུག་གི་ལང་ཚོ་ཡོངས་སུ་རྫོགས་པའི་རིན་བྲལ་གྱི་མཚན་མོ་ཞིག་རེད་ཨང་།
མཚན་མོ་དེར་ཨ་མདོ་བྱིངས་ཀྱི་ལོ་གསར་ཡིན་པས་མཚོ་སྔོན་བརྙན་འཕྲིན་ཁང་གིས་ཀྱང་ལོ་གསར་དགོངས་ཚོགས་ཐད་གཏོང་བྱེད་ཀྱི་འདུག་པར་གཟའ་མི་ཚང་མས་མཉམ་དུ་བལྟས་ཤིང་དམིགས་བསལ་ལོ་ལོན་ཚོས་དེ་ལ་དགའ་མུས་ཆེན་པོ་བྱེད་ཀྱི་འདུག ལོ་མང་རིང་གཞན་ཡུལ་ན་ཅི་ཞིག་གི་ཆེད་དུ་འཁྱམས་ཤིང་ཉུལ་པའི་ཁོ་བོར་མཚོན་ན་ནི་བརྙན་འཕྲིན་གྱི་འཁྲབ་སྟོན་དེ་དག་ལས་རིག་གཞུང་སྲུང་སྐྱོབས་དང་འབྲེལ་བའི་གླུ་གར་སྒྱུ་རྩལ་གྱི་འཁྲབ་སྟོན་དང་། ཕྱི་ཡུལ་གྱི་བོད་རིགས་སྤུན་ཟླ་ཚོར་གནམ་ལོ་གསར་བའི་འཚམས་འདྲི་སོགས་ཀྱང་བྱས་སོང་བ་དེས་རང་ཉིད་ད་དུང་ཡང་མི་ཡུལ་ག་གེ་མོ་ཞིག་ན་ཁེར་རྐྱང་དུ་ལུས་ཡོད་པའི་ཚོར་བ་ཞིག་བྱིན་སོང་། ངོ་མ་ཡིན།
མཚོ་སྔོན་བརྙན་འཕྲིན་ཁང་ནི་སྤྱིར་བཏང་གི་བརྙན་འཕྲིན་ཁང་ཞིག་མ་ཡིན་ཏེ། འདི་ནི་བོད་ཀྱི་རིག་གཞུང་གི་ཕོ་ཉ་གལ་ཆེན་ཞིག་སྟེ། འདིས་ཨ་མདོ་གཙོ་བྱས་པའི་བོད་རིགས་རོང་འབྲོག་མང་ཚོགས་ཁྲི་སྟོང་མང་པོར་མི་རིགས་དང་། རིག་གནས། དུས་རབས་བཅས་ཀྱི་ཁྱད་ཆོས་ལྡན་པའི་ཆ་འཕྲིན་གྱི་ལེགས་སྐྱེས་གྱ་ནོམ་པ་མང་པོ་ཞིག་བརྒྱུད་སྒྲོག་བྱས་དང་བྱེད་བཞིན་ཡོད་པས། མཚོ་སྔོན་བརྙན་འཕྲིན་ཁང་ནི་ངའི་ཕ་ཡུལ་གྱི་ཡུལ་མི་ཚོའི་འཚོ་བའི་ནང་ཆེས་དགའ་མོས་བྱ་སའི་དུས་རབས་ཀྱི་འཕྲིན་ལམ་གལ་ཆེན་ཞིག་ཏུ་གྱུར་ཡོད།