སྐྱ་རེངས།
00
རྡ་ས་ཟེར་ན་ཅི་ཞིག་རེད། རྡ་ས་ཟེར་ན་ཉི་འོད་མི་ཕོག་པའི་བྲག་ཁུང་ཞིག་རེད།
དེའི་ནང་དུ་ང་རྒྱལ་དང་རང་རློམ་གྱི་བྲག་ཅ་འཁོར་ཞིང་། མུན་ནག་དང་གཡོ་རྫུན་མཉམ་དུ་འཐབ།
01
རྡ་ས་ནི་དྲན་ཆོག་པའི་ལྷ་ས་མ་ཡིན་པས། ཁྱེད་ཀྱིས་རྡ་ས་དྲན་པ་དེ།
དོན་དུ། ཁྲམ་པ་ཁྱུ་གཅིག་དྲན་པ་ལགས།
02
དོ་ནུབ། བདག་གིས་ཕ་ཡུལ་དུ་དྲན་མྱོང་པའི་རྡ་ས་གང་དུ་མཆིས།
ཕ་ཡུལ་དུ། ང་ཚོས་ལྷ་ས་ལས་ཀྱང་རྡ་ས་དྲན་མྱོང་བ་སུ་ཡིས་རྟོགས།
03
བོང་བུ་འདེད་མཁན་གྱིས། བདག་གི་རྒྱལ་ཁབ་དང་མི་རིགས་ཀྱི་མཚན་སྙན་བསྲུང་དུས།
ད་གསོད། བདག་གིས་དོ་ནུབ་ཀྱི་རྡ་ས་དྲན་ཆོག་ཨང་།
བདག་གིས། ཁྱེད་དྲན་མྱོང་།
ཀྱེ། ཁྱེད་ཀྱིས་གསན་ནམ།
བདག་གིས་ཁྱེད་དྲན་མྱོང་། ཐ་ན་རྨི་ལམ་དུའང་དྲན་མྱོང་།
ཁྱེད་དྲན་དུས་ཚོད་ཚོད་དུ། བདག་ཡར་འགྲེང་ཞིང་།
དེ་མ་ཉིད་མར་ཙོག་པུར་གྱུར།
ཀྱེ། ཁྱེད་ཀྱིས་གསན་ནམ།
བདག་གིས་ཁྱེད་དྲན་མྱོང་། ཐ་ན་རྨི་ལམ་དུའང་དྲན་མྱོང་།
ཁྱེད་དྲན་དུས། བདག་གིས་རང་གི་ལས་སུ་བྱ་བ་ནི་ཅི་ཞིག་ཡིན་པ་བརྗེད་པར་མ་ཟད།
དོན་མེད་དུ་བདག་ཁྲོམ་སྲང་དག་འཁྱམས་པར་གྱུར།
ཀྱེ། ཁྱེད་ཀྱིས་གསན་ནམ།
“བདག་གིས་ཁྱེད་དྲན་མྱོང་། ཐ་ན་རྨི་ལམ་དུའང་དྲན་མྱོང་”ཞེས།
བརྗོད་པར་གསན་ནམ།
བྲིས་པ་བཟང་གི མ་གཞི་རྡ་ས་དྲན་པ་ནི་མྱི་གཅིག་དྲན་པ་ཡིན་ནམ། དོན་དམ་དུ་མྱི་གཅིག་དྲན་པ་ལ་རྡ་ས་དྲན་ཟེར་དོན་ག་རེ། ད་དུང་རྡ་ས་དྲན་པ་ནི་ཡང་སྙིང་ཁྲམ་པ་ཁྱུ་གཅིག་དྲན་པ་རེད་ཟེར་དོན་ག་རེ། གཞུག་ཏུ། མཐའ་ན་རྨི་ལམ་དུའང་དྲན་ཟེར་དོན་ག་རེ། སྔ་ཕྱི་འགལ་ལོ། གོང་འོག་འགལ་ལོ་སྙམ་པའི་སྙན་ངག་འདིས་ཅི་ཞིག་བྲིས་པ་ཡིན་ནམ། རྡ་ས་ལ་རྒྱུས་་ཡོད་མེད་གཉིས་ཀའི་སེམས་ཁམས་བྲིས་པ་ཡིན་ནམ། བྲིས་པ་དེ་གནད་ལ་ཁེལ་འདུག བཀའ་དྲིན་ཆེ།
སྙནན་ངག་འདི་ཀློག་གིན་ངས་མདུད་ཐག་ཅིག་དང་ཉིན་ཐོ་ཚན་པ་ཞིག་དྲན་སོང་།
མདུད་ཐག་རེ་རེ་ཁུག་སོར་ངོ་བོ་འགྱུར་བའི་མི་གཤིས་རེ་རེར་བསྐོན་ནས་འདུག་ལ།
ཉིན་ཐོ་ཚན་པ་རེ་རེར་ངོས་སུ་ཆེས་གཟི་བརྗིིིད་དུ་རློམ་པའི་ཕཱི་ལ་ཁྲོ་ཡི་ཕུགས་བསམ་དང་ཉལ་ཐ་གཉིས་ཀྱི་ཁེངས་ནས་འདུག
ཕ་ཡུལ་དང་ལྷ་ས་ནི་བདག་མི་ཤོང་བའི་རོ་སྒམ་རྙིང་པ་གཉིས་དང་།
རྡ་ས་ནི་སྨུག་རྒྱུའི་གྲོང་གི་ཤེལ་དཀར་ཀྱི་ཕོ་བྲང་སྟེ། ལམ་འགྲོ་བ་དག་གིས་རང་སེམས་གསོ་ཕྱིར་དུ་བརྩིགས་པའི་འཁྲུལ་སྣང་ཞིག
རྣམ་ཤེས་མེད་པའི་འབྱུང་བོ་དག་གིས་ཡུལ་དེར་གང་ཞིག་ལ་སྐྱབས་སུ་འགྲོ་བཞིན་ངའི་མེས་པོའི་གདོང་གཞིར་འདམ་རྫོབ་ཀྱིས་ཕྱི་དོར་བྱེད་ཀྱིན་སྤྲོ
ཕ་ཡུལ་དུ་ལྷ་ས་ལས་ཀྱང་རྡ་ས་དྲན་པ་ནི་ཆགས་སྲེད་ཀྱིས་མནར་ཏེ་འཆི་བཞིན་པའི་རྒས་འཁོགས་དེའི་ཟུར་མིག་ལགས།
ཁྱེད་གཉིས་ཕེབས་པར་ཐུགས་རྗེ་ཆེ། དུར་བྱང་ལགས། སྙན་ངག་རྗེས་མ་བོ་དེ་གོང་མ་དང་འབྲེལ་བ་གང་ཡང་མེད། རྩོམ་ཡིག་སྐུར་དུས་མཉམ་དུ་བསྐུར་རྐྱེན། རྩོམ་སྒྲིག་པས་མཉམ་དུ་བཀོད་པ་ལས། ཕྱིས་མ་དང་འབྲེལ་བ་མེད་ཅེས་ཞུ་རྒྱུ་ཡིན་ལགས། ཐུགས་རྗེ་ཆེ།
ཧ་ཅང་གི་སྙན་མོ་འདུག