ཆབ་ངོམས་ཨ་ཚོགས།
གནས་དྷ་སའི་རི་བོ་རྩེ་མོའི་སྟེང་།།
གངས་དཀར་པོའི་རི་བོ་མཛེས་སྡུག་བསྐྲུན།།
ཤིང་ལྗོན་པ་ལྡེམ་ལྡེམ་ལྕུག་ལྕུག་བྱེད།།
དེ་མཐོང་བ་ཉིད་ལ་ངོམས་ཡུལ་དྲན།།
གནས་གཙུག་ལག་ཁང་གི་སྐོར་ལམ་ནས།།
མི་བགྲེས་པོ་སྐོར་ལམ་དལ་གྱིས་བསྐྱོད།།
ལག་ཕྲེང་བ་འཛིན་ཞིང་ཡིག་དྲུག་བགྲང་།།
ལུས་སྡིག་སྒྲིབ་དག་པར་རྩེ་གཅིག་བརྩོན།།
གནས་དྷ་སའི་རི་བོ་མཐོང་ཐེངས་རེར།།
ས་སྐྱིད་པོ་ཆབ་མདོ་ངོམས་ཀྱི་ཡུལ།།
དུས་ད་ལྟ་སླེབས་ན་ཅི་མ་རུང་།།
དེ་བསམ་སྟེ་བྲང་ཁར་ཟུག་གཟེར་ཁེངས།།
གནས་ཐེག་ཆེན་ཆོས་གླིང་མཇལ་ཐེངས་རེར།།
གནས་བྱིན་ཅན་ཆབ་དགོན་བྱམས་པ་གླིང་།།
རྗེ་རྩ་བའི་བླ་མ་འཛུམ་དཀར་ཅན།།
ཆོས་ཟབ་མོ་ཡང་ཡང་ཞུ་བར་འདོད།།
གསུང་མི་འགྱུར་རྡོ་རྗེ་བྲག་དང་མཚུངས།།
ཐུགས་མི་འགྱུར་དམ་པ་ཆོས་ལ་དད།།
ཆོས་ཟབ་མོའི་ལམ་སྟོན་གནང་ཐེངས་རེར།།
ཆོས་ཟབ་མོ་བྱེད་པའི་འདུན་པ་ཤར།།
དགོན་རྒྱབ་རི་གཡུ་འབྲུག་འཁྱུག་པའི་འདབས།།
གཡས་ཕྱོགས་ནས་ངོམས་ཆུ་ཞི་ཞིང་འབབ།།
གཡོན་ཕྱོགས་ནས་རྫ་ཆུ་དྲག་ཅིང་འཕྱོ།།
ཆབ་ཆུ་བོ་གཉིས་ཀྱི་འདུས་པའི་མདོ།།
གཡས་སེའུ་འབྲུ་ཐང་གཞུང་ཆེན་མོ་དང་།།
གཡོན་སྐྱ་ཐོང་ཐང་ཞེས་ཡོངས་གྲགས་པ།།
དེར་ཁྱུང་ཆེན་མཇུག་མ་བགྲད་འདྲའི་སྟེང་།།
གནས་ཆབ་མདོའི་གྲོང་ཁྱེར་ཆགས་ནས་ཡོད།།
རི་གངས་རི་ཤེལ་ཕྲེང་དབུ་འཕང་མཐོ།།
གནས་འཇའ་འོད་གདུགས་ཀྱི་ངོ་མཚར་འཕྲོ།།
རྫ་བྲག་གཡབ་གསུམ་གྱི་བརྗིད་ཉམས་ལྡན།།
ཞི་དྲག་ལས་བསྐོས་པའི་རྟགས་མཚན་མཚར།།
ཕྱི་ཁོར་ཡུག་རྣམ་པར་རབ་ཏུ་མཛེས།།
ནང་བཅུད་ཀྱིས་སེམས་ཅན་ཞི་བདེར་འཁོད།།
ནང་ཕུ་ནུ་དམ་ཚིག་དུང་ལྟར་དཀར།།
གནས་ཞིང་མཆོག་ཡིད་དགའ་དེ་ཉིད་དྲན།།
རྗེ་བླ་མ་ཉི་ཟླ་ཚུལ་དུ་བཞུགས།།
ནང་བུ་སློབ་ཡོངས་ཀྱི་མཐའ་ནས་སྐོར།།
ཐུགས་ཞུམ་པ་མེད་པར་དམ་ཆོས་འཆད།།
རྗེ་བླ་མ་དེ་ཉིད་ཡང་ཡང་དྲན།།
དྲིན་ཕ་མའི་བརྩེ་བ་མཚོ་ལས་ཟབ།།
སྤུན་ཉེ་འབྲེལ་འབྲེལ་ལམ་ཆུ་ལས་རིང་།།
ཆེས་མཛེས་སྡུག་ལྡན་པའི་ཕ་ཡུལ་ཞིང་།།
དུས་ད་ལྟ་ཡིད་ལ་ཡང་ཡང་འཁོར།།
རྩྭ་ཡར་སྐྱེས་ཐམས་ཅད་སྨན་རྩྭ་རེད།།
ཆུ་མར་འབབ་ཐམས་ཅད་སྨན་ཆུ་རེད།།
མི་རྒན་གཞོན་ཐམས་ཅད་ཡ་རབས་ལྡན།།
དུས་རྟག་ཏུ་ཆོག་ཤེས་བག་ཡོད་བརྩོན།།