ཀོ་ལི་གྷ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས།
ཀ་ལས་མང་པོ་མྱང་པའི་སྤྲེལ་སྲིན་རིགས།།
ཁ་བ་ཅན་དེ་ང་ཚོའི་ཕ་ཡུལ་རེད།།
ག་རེ་བྱས་ནས་རྒྱ་ལ་ཤོར་བ་རེད།།
ང་ཚོ་མི་ཡུལ་ཡོང་དོན་གང་ཡིན་ནམ།།
ཅ་ཅོ་མང་བའི་རྒྱལ་སྤྱིའི་ཆབ་སྲིད་མདུན།།
ཆ་རྒྱུས་མེད་པའི་བོད་མིའི་འཐབ་རྩོད་དེ།།
ཇ་ཆང་བཞིན་དུ་མ་བསྲེ་སྤྲེལ་སྲིན་རིགས།།
ཉ་མོ་ཆུ་དང་བྲལ་ན་འཆི་རྒྱུ་རེད།།
ཏ་ལའི་བླ་མའི་བྱམས་བརྩེའི་གཟིགས་སྐྱོང་འོག །
ཐ་མ་མི་ཡུལ་བགྲོད་ནས་བདེ་སྐྱིད་འཚོ།།
ད་ཆ་རང་གི་རྩ་དོན་གླེེང་འདོད་ན།།
ན་གཞོན་བསམ་ལུས་རྒྱས་པའི་ལངས་ཕྱོགས་བརྟན།།
པ་བོ་དཔའ་མོ་གྲངས་མང་ཐོན་པའི་སྐབས།།
ཕ་ཡུལ་བོད་ཀྱི་ས་ཆའི་བདག་དབང་དེ།།
བ་དང་གནག་ཕྱུགས་ཡིན་ཀྱང་ཤེས་ངེས་ལ།།
མ་རྩོད་ལག་ཏུ་འཇོག་མཁན་གླིང་འདིར་མེད།།
ཙ་རྩོད་མ་མང་གཞིས་ཡོད་སྤྲེལ་སྲིན་རིགས།།
ཚ་ཚ་འུར་འུར་ས་ཆའི་བདག་དབང་རྩོད།།
ཛ་ར་འཛེར་བ་ཙན་དན་ཤིང་ལ་འདུག །
ཝ་ཞ་གྱོན་མཁན་ཚང་མ་བོད་རིགས་མིན།།
ཞྭ་མོ་ནག་པོའི་ཁྲིམས་དེ་བོད་མིར་གཡོགས།།
ཟ་འཐུང་གནས་མལ་དཀའ་ངལ་བོད་མིར་འཕྲད།།
འ་ཆད་འུ་ཐུག་རང་བསྲེགས་བྱ་བ་བརྩམས།།
ཡ་ང་སྙིང་རྗེ་མེད་པ་ཀླ་ཀློའི་གཞུང་།།
ར་ལུག་མང་ཡང་འབྲོག་པར་བདག་དབང་མེེད།།
ལ་ཐང་བགྲོད་ཀྱང་ཙ་ཆུའི་བསྟེན་ས་མེད།།
ཤ་མར་ཐོན་འབབ་རང་ལ་བདག་དབང་མེད།།
ས་ཆའི་བདག་དབང་རྩོད་ཤིག་སྤྲེལ་སྲིན་རིགས།།
ཧ་ཧ་ལོ་ན་རྒས་ནས་ཕ་ཡུལ་དྲན།།
ཨ་ཁ་མཛུབ་མོ་མགྱོགས་ནས་ཁ་བརྡར་ཤོར།།
མི་རྒས་ནས་ཕ་ཡུལ་ཡིད་ལ་འཁོར།།
བྱ་རྒས་ནས་ཤིང་བཟང་བློ་ལ་བསམ།།
ཟེར་ཡང་ཟེར་ལ་བདེན་ཡང་བདེན།།
བདེན་གཏམ་བདེན་ངོ་སྤྲད་ཡོད་དོ།།
སྒལ་ཚིགས་ཡོད་ན་ཁ་བརྡ་འདི་ལ་བལྟོས།།
ཁྲག་རྩ་ཡོད་ན་ཁ་བརྡ་འདི་ལ་གཟིགས།།
ཁ་བརྡ་དྲ་རྒྱའི་སྒོ་ཡངས་ཆེན་པོའི་འོག །
ཁ་བརྡའི་གཏམ་གྱི་གཟིགས་མོ་ཕུལ་ཡོད་དོ།།
ཀློག་དང་མི་ཀློག་རང་རང་བསམ་བློ་རེད།།
བལྟ་ཀློག་ཡོད་ནས་འཐོབ་རྒྱུ་གང་ཡང་མེད།།
བལྟ་ཀློག་མེད་ནས་ཤོར་རྒྱུ་གང་ཡང་མེད།།
བསམ་བཟང་གཏིང་གི་ཁ་བརྡ་གླེང་པ་འདི།།
ཕན་མེད་གནོད་ལ་མི་འགྲོའི་བསྔོ་བ་ཡོད།།
མཐོ་བའི་དཔོན་ལ་མ་ཕོག་ཤོག །
འབངས་ཀྱི་སྡེ་ལ་མ་གནོད་ཤོག །
སྡང་བའི་དགྲ་ལ་མ་ཟུག་ཤོག །
རང་བདེ་གཞན་བདེ་དགེ་བའི་རྒྱུ།།
རང་སྡུག་གཞན་སྡུག་སྡིག་པའི་རྒྱུ།།
དགེ་སྡིག་ངོ་བོ་འཕྲོད་པ་ན།།
དེ་ཡང་དཀར་པོའི་དགེ་བ་ཡིན།།