གཡུ་སྒང་དགེ་འདུན་གྱིས།
དཔྱིད་ཀ
དཔྱིད་རླུང་དྲག་པོས་གདུག་རྩུབ་རེ་རེས་རྩྭ་རྡུལ་ནམ་མཁའི་དབྱིངས་སུ་བསྐྱོམས།།
སྦྲ་གུར་ཁྲོད་དུ་རྡུལ་དམར་འཚུབ་པས་ཁ་མིག་བསུབ་པའི་ཚུལ་དུ་ལྟ།།
ཁ་ཆར་འདྲིས་མའི་འབབ་ཞོལ་རེ་རེ་གནག་ཕྱུགས་སྲོག་གི་གཤེད་མར་གྱུར།།
དུས་ཚིགས་འདི་ཡིས་འབྲོག་པའི་འཚོ་བར་རྐྱེན་ངན་སྤྲད་པ་ཉུང་ཉུང་མིན།།
དབྱར་ཁ།
སྔོ་ལྗང་རྩི་ཤིང་འབུས་འགོ་རྩམ་དུས་ཁུ་བྱུག་སྔོན་མོས་གསུང་སྐད་སྒྲོགས།།
ནོར་འཛིན་སྒེག་མོའི་ཡངས་པའི་མགྲིན་པར་རྐང་ཐུང་འབུམ་གྱི་མགུལ་རྒྱན་བཏགས།།
སྲོག་ལྡན་ཁྲི་འབུམ་ཚེ་སྲོག་སྟེར་བའི་བསྐལ་བཟང་དུས་ཀྱི་ཡོ་ལང་ལས།།
འབྲོག་ཁྱིམ་དྲོན་མོར་འཚོ་བའི་ཞིང་ས་གཤིན་པོ་བཙུགས་པ་དགའ་མགུའི་གནས།།
སྟོན་ཁ།
ནམ་ཟླ་སྟོན་གྱི་རྩི་བཅུད་རེ་རེ་རྟ་ནོར་ལུག་གི་གསོས་སུ་བསྟིམས།།
ཤ་མར་འཕྱུར་གསུམ་བརྟས་པར་གྱུར་པའི་དུས་ཚིགས་ཤིག་གིས་བང་རིམ་ན།།
དབྱངས་གསལ་སོ་བཞི་མཐོང་ཐོས་མེད་པའི་གནག་ཕྱུག་ཁྲོད་ཀྱི་མི་རབས་ཤིག །
ནང་སྔ་དགོང་འཕྱིའི་བྲེལ་ཚབ་ཅིག་གིས་སྐུལ་ལྕག་བྱེད་པའི་གཡུལ་ས་ཉིད།།
དགུན་ཁ།
གྲང་ལྷགས་སྟག་གིས་ངར་སྒྲ་རེ་རེས་ས་གཞི་འཁྱག་ལ་དམ་པུར་བསྡམས།།
ནམ་ཟླ་འདི་རུ་ཕ་ཡུལ་འབྲོག་པས་ལྟོ་གོས་འཚོ་བ་ཉག་ཅིག་ཏུ།།
སེམས་ཅན་རེ་འགའི་ཚེ་སྲོག་ཕྲ་མོ་ཡིག་དྲུག་སྔགས་དང་མཉམ་དུ་གཅོད།།
ཤ་ཁྲག་འཚོ་བར་ལོངས་སུ་སྤྱོད་པའི་འབྲོག་པའི་འཚོ་བ་སྙིང་རྗེའི་ཡུལ།།
གཡུ་སྒང་དགེ་འདུན་གྱིས་ ༢༠༡༥། ༠༨། ༡༨། ཉིན་བྲིས།