རེབ་ཐོག་མདའ།
རྨ་ཀླུང་རིང་མོའི་ལྷོ་རྒྱུད་དེ་ན་བདག་གི་བྱིས་དུས་རྨི་ལམ་འཁྲུངས་ཡོད།།
བྱ་ཁྱུང་རི་བོའི་འདབས་རོལ་དེ་ལ་བདག་གི་ལས་ཀྱི་ས་བོན་བཏབ་ཡོད།།
དགུ་ཀླུང་རིང་མོའི་འགྲམ་རྒྱུད་དེ་ལ་བརྗེད་མེད་སེམས་ཀྱི་དྲན་ཤིང་བརྐོས་ཡོད།།
ས་མཐའི་བུ་ཡི་སེམས་པ་དམར་པོ་ཕ་ཡུལ་རེབ་གོང་གྲོང་ལ་འཁྲེང་ཡོད།
མ་བཟང་བྲག་སྲིན་རྒྱུད་དུ་འཁྲུངས་པའི་གཤིས་བཟང་བུ་མོའི་ཕ་ས་གཙང་མ།།
རིགས་ཞེན་ལ་རྒྱའི་མགོ་འཕང་མཐོ་བའི་བོད་ཡིག་དག་མའི་གཞིས་ཀ་སྨུག་པོ།།
ས་ཡ་དྲུག་གི་ལས་དབང་གླེང་བའི་ཞེན་པ་དཀར་བའི་སྡེ་ཆེན་ཡིན་སོང་།།
ཀ་ཁ་སུམ་ཅུའི་ལས་དབང་གླེང་བའི་མི་རབས་ཞིག་གི་སྲོག་རྩ་ཡིན་སོང་།།
མཛངས་མའི་གཤིས་ཀའི་ཕྱི་ནང་བྲིས་པའི་ན་ཆུང་བུ་མོ་སྣང་བ་མཐུན་ས།།
གནའ་དེང་འཚོ་བའི་ཚོགས་སྡེ་དབུས་ན་སྲོལ་རྒྱུན་གཙང་མའི་ཕྱི་ནང་སྦྲུམ་ས།།
བོད་རྒྱ་གཉིས་ཀའི་སོ་མཚམས་དེ་ན་རང་རུས་རིགས་ལ་ཞེན་པ་དཀར་ས།།
སྨད་ཕྱོགས་ཨ་མདོའི་ལྷོ་རྒྱུད་གནས་པའི་བདག་གི་ཕ་ཡུལ་རེབ་གོང་ཡིན་སོང་།།
སྟོད་ཀྱི་མཐའ་མེད་རྩྭ་ཐང་དེ་ན་སྦྲ་ནག་སྨུག་པོའི་གཏམ་རྒྱུད་བྲིས་ཡོད།།
སྨད་ཀྱི་སྡེ་ཆེན་མཐའ་བཞིའི་ཕྱོགས་ན་འབྲུ་དྲུག་སྣ་ཚོགས་མགོ་ལྕོག་ལྡེམ་ཡོད།།
མི་རིགས་སྣ་མང་འདུ་འཛི་ཆེ་ཡང་བོད་པའི་གཤིས་ཀ་གསོན་པོ་བསྡད་ཡོད།།
རིག་འབྱུང་ཡུལ་གྱི་སྡེ་ཆེན་དེ་ན་བདག་གི་དྲན་གདུང་རྨི་ལམ་འཁྲུངས་ཡོད།།
འཆི་གསོན་ཚེ་ཡིས་ལམ་སྣེ་འདྲེན་པའི་ཡབ་གཅིག་བླ་མ་དེ་ལ་བཞུགས་ཡོད།།
རིག་པའི་གནས་ལ་སྦྱངས་བརྩོན་མངའ་བའི་ཚ་བོའི་མདུན་ལམ་དེ་ན་སྨིན་ཡོད།།
གཞན་སྐད་ལྷད་མའི་བཙན་འཛུལ་ལྕི་ཡང་ཕ་སྐད་གསོན་པོའི་ལང་ཚོ་རྒྱས་ཡོད།།
དེང་རབས་ཆས་གོས་ལས་ལ་བདེ་ཡང་བོད་ལྭ་གཙང་མ་ལུས་ལ་བརྒྱན་ཡོད།།
གངས་རི་རྫ་རི་སྤང་རིའི་མགོ་འཕང་མཐའ་བཞིའི་རེབ་གོང་ལྷག་དུ་མཛེས་པ།།
རྫ་ཆུ་སྣ་ཆུ་གངས་ཆུ་དྭངས་མོས་མ་བོས་མགྲོན་པོའི་བཀྲེས་སྐོམ་སེལ་བ།།
དགུ་ཀླུང་རིང་མོ་དལ་གྱིས་བཞུར་བ་གནམ་གྱི་དགུ་ཚུགས་ས་ལ་ལྷུང་འདྲ།།
བདག་གི་ཕ་ཡུལ་གསེར་ལྗོངས་འདི་ནི་མཛེས་སྡུག་ལྷ་ཡི་ཞིང་དང་འདྲ་བ།།
དམ་པའི་ལྷ་ཆོས་དད་འདུན་ཟབ་པའི་ལོ་ལོན་རྒན་པའི་ཚེ་ཐག་རིང་ས།།
ལོ་ཆུང་བྱིས་པའི་བོད་སྐད་དག་མས་གླུ་དང་གར་གྱི་མཚོ་མོ་འཁྱིལ་ས།།
ན་ཆུང་མཛངས་མའི་སྒེག་པའི་ཉམས་ལ་ཟླ་བ་ལྷ་མོ་འཁྲེང་སེམས་ཤོར་ས།།
མདོ་དབུས་མཐོ་སྒང་ཡུལ་ལུང་འདི་ན་རིག་འབྱུང་ཕ་ཡུལ་འོད་དུ་འཚེར་ཡོད།།
ཕྱོགས་བཞིའི་རྒྱལ་ཁམས་ཞབས་ཀྱིས་བཅགས་པའི་སྐྱེས་ཆེན་དམ་པའི་ས་བོན་སྨིན་ས།།
འཆི་གསོན་སྐྱེ་བོ་སྐྱབས་སུ་འཛིན་པའི་ཡབ་རྗེ་བླ་མའི་མཛད་འཕྲིན་སྤེལ་ས།།
ཡབ་མེས་བཙན་པོ་རྒྱུད་དུ་འཁྲུངས་པའི་ཤ་ཁྲག་གཙང་མའི་རིགས་རུས་གཙང་ས།།
རྨ་ཀླུང་རིང་མོའི་ལྷོ་རྒྱུད་དེ་ཡི་སྐྱིད་པའི་ཕ་ཡུལ་རེབ་གོང་དྲན་སོང་།།
ཕྱི་ལོ་༢༠༡༣ ཟླ་༥ ཚེས་༡༨ ཉིན་ཕ་ཡུལ་གྱི་འདྲ་པར་ཁ་ཤས་ལ་བལྟས་རྗེས་རང་ཤག་ནས་བྲིས།
འ་་་ལ་ལ་ལ།
སྙན་ངག་གསོན་པོ་ཟིག་བྲིས་ཡོད་གི་ཡ།
ཙོང་གི་ཤུན་བག་བཤུས་པ་བཞིན་དུ་དམར་རྗེན་ལ་བཏོན་ཡོད་གི
འགའ་ཤས་ཀྱི་ཁ་སྣ་ཚ་ན་ཐང་མ་གཏོགས།
ང་ལྟ་བུ་ལ་བྲོ་བ་ཡོད་གི་ཡ།
ཚིག་གི་སྦྱོར་བ་བདེ་ཞིང་ཡིད་དུ་འོང་བའི་སྙན་ངག་འདིས་བདག་ལ་འང་ཕ་ཡུལ་དྲན་པའི་འདུན་པ་འགོག་མེད་དུ་སྐྱེས་བྱུང་།
ཡག་པོ་བྲིས་འདུག
ངོ་མ་ཧ་ལས་འདུག
(འཆི་གསོན་སྐྱེ་བོ་སྐྱབས་སུ་འཛིན་)པའི་ཡབ་རྗེ་བླ་མའི་མཛད་འཕྲིན་སྤེལ་ས།།
འདི་དག་གོའི་དོན་ཆི་ཟིག་རེད། སྐྱོན་ཟིག་ཡིན་མིན་མི་ཤེས་རེད་ཨ། དོག་འདྲི་ཟིག་བྱས་ན་བསམ་སོང་།
ཙོང་གི་ཤུན་བག་བཤུས་པ་བཞིན་ཅི་ཞིག་བྲིས་འདུག་གམ།
རེ་བའི་བསམ་པ་འཕགས་པའི་ནོར་གྱིས་སྐོང་།།
རིག་གནས་མཁས་པའི་ལས་ལ་བྲེལ་བྱེད་པ།།
འབྱུང་འགྱུར་ལོངས་སྤྱོད་དཔལ་ལ་མངོན་ཕྱོགས་པའི།།
གྲོང་སྒར་ཟུང་གིས་དམ་བཅའ་སྲོག་ཏུ་ཁྱེར།།
ཡུལ་ཕྱོགས་དེ་ན་རིག་སྔགས་འཛིན་པ་མང་།།
རི་ལུང་དབེན་པར་ཏིང་འཛིན་ཟས་སུ་སྤྱོད།།
ཐོས་བསམ་གྲྭ་བར་རིག་པའི་འགྲན་རྩོད་ཆེ།།
དབུ་ཕར་ཚད་གསུམ་རྣམ་དཔྱོད་གྲོགས་སུ་ལེན།།
སྤྱི་འབངས་ཡོངས་ལ་སྤྲེའུ་གཤིས་རྒྱུད་ཡོད།།
ཕྲག་དོག་རྩེ་དགའི་མཇུག་མ་རིང་དུ་གཡུག།
ངོ་མཚར་རིག་རྩལ་སྣང་བ་ཁྲ་ལེམ་མེ།།
མ་སྦས་ཕྱི་རུ་མངོན་པ་མཆོག་ཏུ་བརྩི།།
ཡོད་པ་ཀུན་གྱིས་དགྲ་བོ་ལ།།
མེད་པ་གཅིག་གིས་གྲོགས་བྱས་ཏེ།།
ཡོད་མེད་གཉིས་མེད་ཁང་ཁྱིམ་དུ།།
ཡིན་མིན་མེད་པའི་བྲོ་ཞིག་འཁྲབ།།
འདི་ཕ་ཡུལ་དྲན་པའི་དུང་ཞེན་སྡོམ་པོ་ཞིག་ཡིན།།