ལོ་གསར་གྱི་སྤྲོ་དགའ་སེམས་ནས་མ་འཁྱག་གོང་ནས། དཔྱིད་དཔལ་གྱི་དྲོད་ཀྱིས་ས་གཞི་མ་དྲོས་གོང་ནས། ཕ་ཡུལ་གྱི་ཡུལ་མི་ཚོས་མིག་ཟུང་རིག་རིག་གིས་རྫ་མགོ་ལ་ཅེར་རེར་ལྟ་བཞིན། ས་མ་དྲོས་མ་གོང་ནས་འབུ་བརྐོ་རྒྱུའི་ཉེར་བསྡོགས་བརྩམས་སོང་ཟེར།
ཟླ་བཞི་བ། ལྷོད་ཤིག་ཤིག་གི་ཟླ་བཞི་བ། རྐང་འཇབ་ལག་འཇབ་ཀྱིས་ཧ་ཅང་ཉམ་ཆུང་ངང་ཕ་ཡུལ་གྱི་མགྲིན་པར་འཁྱུད་འགྲོ་བ་ཞིག་ཀྱང་། ཡུལ་མི་ཚོས་ཟླ་བཞི་བའི་བརྡ་རྟགས་དེ་འཆུག་གིན་མེད་པ་འདྲ། མ་ཟད་ཁོང་ཚོས་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཟླ་བཞི་བར་གོ་བ་ལོག་བསྒྲུབས་བྱས་ཏེ། ཟླ་བཞི་བ་ཚེས་ཙམ་གྱིས་ཆུང་བྱིས་པ་ནས་རྒན་མགོ་དཀར་བར་གྱི་ཡུལ་མི་ཚོ། ཁྱིམ་ཚང་དང་ཁྱིམ་ཚང་བྱས་ཏེ་གཅིག་ལས་གཅིག་མགྱོགས་ཀྱིས་རྫ་མགོ་རུ་ཞོགས་ཐལ་ཟེར།
རྫ་མགོའི་ས་ནག་ནང་ནས་འབུ་ནག་གི་མགོ་ས་ཐོག་ལ་མ་བུད་གོང་ནས། ཡུལ་མི་ཚོས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འབུ་ས་འོག་ནས་བརྐོས་ཤིང་། འབུ་རྐོ་བཞིན་རྐོ་བཞིན་ས་ཡར་མར་གྱི་ས་མཚམས་བརྩད་དེ་སྡེ་ཡར་མར་ལ་སྡེ་ཐུག་བརྒྱབས་རབས་ཟེར། ཡུལ་མི་ཚོས་ཐང་ཆེ་ས་རུ་ཀི་རིང་རེ་འདེབས་ཀྱིན་འདེབས་ཀྱིན། རི་མཐོ་ས་རུ་དགྲ་ལྷ་གཉེན་པོ་དག་གསོལ་གྱིན་གསོལ་གྱིན། དཔའ་ཡོད་མེད་ཀུན་པོས། སྟོབས་ཡོད་མེད་ཐམས་ཅད་ཀྱིས་གཅེས་བའི་སྲོག་ལའང་མ་འཛེམ་པར། རྡོ་ཁུག་རྒྱབ་ལ་ཁུར་ནས། འུར་རྡོ་མགོ་ལ་སྐོར་བཞིན། དོན་ངོ་མར་ས་རྩོད་པ་མ་རེད་འབུ་བརྩད་པ་རེད་ཟེར།
ད་ལོར་འབུ་བརྩད་ནས་སྡེ་བ་ཕན་ཚུན་ལ་སྡེ་ཐུག་བརྒྱབས་ཏེ་རྨས་མའང་མང་རབས་ཟེར། སྡེ་ཕར་ཚུར་གཉིས་ཀ་དམག་གིས་བསྐོར་རབས་ཟེར། སྐབས་དེ་དུས་ད་བར་འབྲོང་གཡག་དང་ནོར་ལུག་ལས་བཤར་མྱོང་མེད་པའི་རྫ་འགོ་ནས་དྲག་པོའི་མཚོན་ཆ་ཐོགས་པའི་དམར་དམག་གིས་རུ་སྒྲིག་བཏང་སྟེ་འཇིག་སྐུལ་བྱས་པ་དང་། ད་བར་རང་བྱུང་ས་ཡི་དྭངས་གཙང་གི་ཁ་རླངས་ལྟ་བུའི་སྨུག་ལོང་ལས་འཐིབས་མྱོང་མེད་པའི་རྫ་མགོ་རུ། ད་ཐེངས་དམག་གི་དུག་བོའུ་ཡི་བཙོག་རླངས་ཀྱིས་ཁྱབ་པས། ས་མི་གཉིས་ཀའི་མིག་ནས་མཆི་མ་ཤར་ཤར་ཧ་ཅང་དཀའ་རབས་ཟེར།
ད་དུང་ཡུལ་མི་ཚོས་རྫ་མགོ་ནས་བརྐོས་ཡོང་བའི་དབྱར་རྩ་དགུན་འབུ་དེ། ཉོ་མཁན་གྱི་རྒྱ་མང་རབས་ཟེར་ལ་གོང་ཡང་མཐོ་རབས་ལབ་སོང་། འབུ་བཙོང་ནས་བྱིས་པ་ཚོ་སློབ་གྲྭ་མ་སོང་བར་རྒྱ་སྲང་ལ་འཁྱམ་སྡོད་པ་དང་། དར་མ་ཚོས་ཁྱིམ་ནས་འབུ་བརྐུས་ནས་རྒྱ་ནང་ཐུར་ཐུར་ལ་བྲོས་འགྲོ་ཞིང་། གསར་བུ་དག་སྐོར་ཚོགས་དང་སྐོར་ཚོགས་བྱས་ཏེ་ཆང་འཐུང་རབས་དང་ཤོ་རྒྱག་རབས་ཟེར་བ་མ་ཟད། ལྷག་པར་དུ་ཕ་མ་ཚོས་ཀྱང་འབུ་བརྐོས་ཚར་རྗེས། ཀླད་པ་གཞན་ལ་མི་བསྐོར་བར་ཁྱིམ་ན་ཇི་ཞིག་ཡོད་མདོག་གིས་འགྱིང་ནས་འདུག་རབས་ཟེར།
ཕ་ཡུལ་ན་ཡོད་དུས་ཕ་ཡུལ་ཧ་ཅང་སྐྱིད་ཀྱང་། ཕྱིར་ཕ་ཡུལ་ལ་ཉན་དུས། ཕ་ཡུལ་སྡུག་སྣང་ཞིག་གིས་ཁོལ་ཏེ་འདུག འཇིག་སྣང་ཞིག་གིས་རུབ་ཏེ་གདའ་ཨང་།།
རིགས་ཀྱི་བུ། རིགས་ཀྱི་བུ་སྐལ་ཉི། ཉོན་དང། ཉོན་དང། ལེགས་པར་ཉོན་དང། བོད་ཡུལ་ལ་ས་རྩོད་པ་མ་རེད། འབུ་རྩོད་པ་ཡིན་འགྱུར་ན། ཤེས་རབ་དགའ་ཚལ་སློབ་གླིང་ལ་གང་ཞིག་རྩོད་དམ། ཕལ་ཆེར། བུ་རྩོད་པ་མ་རེད། བུ་མོ་རྩོད་པ་ཡིན་རྒྱུ་རེད། ཆུ་འགྲམ་དུ་གང་ཞིག་རྩོད་དམ། ཕལ་ཆེར། ཕྱི་ས་གཏོང་སྐབས་ཆུ་རྩོད་པ་མ་རེད། རྡོ་རྩོད་པ་རེད་རྒྱུ་རེད།
གཡུ་དྲུག་དཀར་ལགས་ངོ་མ་རེད་གནས་ཚུལ་འདི་ཆུང་ཆུང་ཞིག་རྩ་བ་ནས་མེད་རེད།