ཁྲོ་གཏུམ།
སྟག་ཀའི་མོག་མོག་ཟ་བའི་དུས་ནི་དཔྱིད་འགོ་ཚེས་ནས་དཔྱིད་དུས་ཡིན་ལ། སྟག་ཀའི་མོག་མོག་བཟོ་དུས། ཚིལ་རྙིང་མཉམ་དུ་བཟོ་ལ། ཤ་རྙིང་སྐམ་པོ་མཉམ་དུ་བཟོ། དེ་མིན་སྣུམ་ཅུང་ཟད་བླུགས་ཏེ་བཟོ་བའང་འདུག འབྲོག་པ་མང་ཤོས་ལ་ཤ་ཆད་བྱུང་བའི་དུས་ནི་དཔྱིད་ཀ་ཡིན་ལ། དགུན་ཆས་བཤས་པའི་ཤ་འཕྲོ་དང་ཚིལ་འཕྲོ་ལྷག་ཡོད་པ་དེར་རྙིང་དྲི་ཅུང་ཙམ་བྲོ། དེ་བས་སྟག་ཀ་ཡིས་ངའི་རོ་འཛིན་གྱི་སྟེངས་སུ་བྲོ་བ་བཞག་པའི་དུས་ཚིགས་དཔྱིད་ཀར་འཁེལ་ཡོད་ཅིང་། ཤ་རྙིང་ཚིལ་རྙིང་དང་མཉམ་དུ་བསྲེས་པའི་མོག་མོག་དེ་ནི་ཇི་འདྲའི་ཞིམ་མངར་ལྡན་པ་ཞིག་ཡིན་ཨང་། སྟག་ཚོལ་༼ངའི་ཕ་ཡུལ་གྱི་སྟག་ཀའི་མོག་མོག་གི་བསྡུས་མིང་།༽མ་ཟོས་ནས་ལོ་བཅུ་གསུམ་ལྷག་འགོར་བའི་ས་མཐའི་འཁྱམ་པོ་ངའི་མིག་ལམ་ཏུ་པར་རིས་འདི་བརྒྱུད་དུས། ཕྱིར་དྲན་གང་མང་ཞིག་གིས་ལྕེ་འདབས་སུ་ཆུ་འཁྱིལ་ཞིང་། ཟ་འདུན་གྱི་ཡི་ག་ཆེ་རུ་སོང་སྟེ་ཧ་ཅང་ལྟོག་ཆེ་བའི་ངང་མཆིལ་མ་རྡོག་རྡོག་འགའ་ཁྱུར་མིད་བཏང་བཞག
འདི་ལ་ཡུལ་ལུང་སོ་སོར་མིང་གི་འབོད་སྟངས་འདྲ་མིན་འདུག་པ་དག་ནི། སྟག་ཀ ཙ་ཀོ གོ་སྙེད། ག་ལོ། སྟག་གི་གོ་སྙེད། གོ་ཏོག་སོགས་འདུག་མོད། ཡུ་ལ་ལར་”ཙ་ཀོ” ཟེར་ཞིང་། འདི་དང་འབྲེལ་བའི་”ཁ་བཙོག་” ཞིག་ལ། “ཙ་ཀོ་ཟོས་ན་ཕ་ཀོ་སྐྲང་ང་། ཅ་རི་ཟོས་ན་རླིག་རུལ་སྐྲང་ང་།” ལྟ་བུ།
ཚིག་མཛོད་དུ། གོ་སྙེད་ཅེས་པ་འདུག་ལ། རྩི་ཤིང་ཞིག་གི་མིང་སྟེ། དེ་ནི་འུ་སུ་དང་མཚུངས་པའི་རི་སྐྱེས་རྩྭ་ལྡུམ་ཞིག་ཡིན་ཞིང་འབྲས་བུ་ཟླུམ་པོ་ཕོ་བ་རིལ་འདྲ་བ། དྲི་ཞིམ་ཞིང་རོ་ཅུང་ཟད་ཚ་ལ་མངར་བ་སྨན་དུ་བྱེད་ཆོག་པ་དང་། ཟས་ལ་བཏབ་ནས་སྨན་དུ་བྱེད་ཆོག སྔོ་སྨན་གྱི་རིགས་ཤིག་སྟེ། རོ་ཚ། ཞུ་རྗེས་དྲོད། ནུས་པས་དུག་དང་། རླུང་ཚད། མིག་ནད་བཅས་ལ་ཕན།
གང་ལྟར་འདི་ནི། ཟ་བའི་དུས་ཚོད་ནི་དཔྱིད་འགོ་ཚེས་ནས་དཔྱིད་མཇུག་བར་རེད། དབྱར་འགོ་ཚེས་པ་་དང་ཤང་འགྲོ་བས་ན་ཟ་མི་ཐུབ། དེ་རྗེས་ལོ་མའི་སྒང་ལ་འབྲུ་རིགས་ཐལ་སྐྱ་ཞིག་ཡོད་པ་དེའི་མིང་ལ་གོ་ཏོག་ཟེར། ང་ཚོའི་ས་ནས་ཨམ་ཇ་བསྐོལ་ཏེ་ཇ་ཁར་བཏབ་ན་དམིགས་གསལ་བྲོ་བ་ཞིག་ཡོད་ཅིང་།དེ་ནི་དམིགས་གསལ་གྱིས་ལོ་ལོན་རྣམས་ཀྱིས་འཐུང་ན་རླུང་ནད་ལ་ཕན་པའི་བཤད་སྲོལ་ཡོད།
གང་ལྟར་ས་ཁུལ་ལ་ལར་སྐྱེས་ཡོད་ཀྱང་ཟས་རིགས་སུ་ལོངས་སྤྱོད་མི་བྱེད་ལ། ཁ་ཤས་སུ་དབྱར་ཁ་སླེབས་དུས་བཏུས་ཏེ་སྨན་གྱི་སྡེབ་སྦྱོར་དུའང་འགྲོ་འདུགགང་ལྟར་རང་ཉིད་ཀྱི་བསམ་ཚུལ་ཞིག་ལ། ཟ་ཆོག་པའི་དུས་སུ་སྟག་ཀ་དང་། ཤང་སོང་བའམ་མེ་ཏོག་བཀད་པའི་དུས་སུ་གོ་སྙེད་དུ་བཏགས་ན་ཧ་ཅང་གིས་མཛའ་བོ་འདུག་བསམ།
ངའི་ཕ་ཡུལ་ནི་མཚོ་ངོས་ལས་མཐོ་ཚད་རྨིད་ ༣༥༥༠ ཡིན་ལ། དམིགས་གསལ་གྱིས་ངའི་ཡུལ་ལུང་ནས་སྟག་ཀ་འཐུ་ཞིང་། སྟག་ཚོལ་བཟོ་བའི་དར་སྲོལ་ཆེ། སྟག་ཀ་སྐྱེ་ས་ནི་ཆུ་འགྲམ་དང་རྡོ་ཟེགས་མང་ས་ཡིན་ལ། སྟག་ཀ་འཐུ་བ་དང་དེ་ནས་བཀྲུ་བ། གཏུབ་པ་བཅས་སུ་ཆུ་ཚོད་མང་ཙམ་གཏོང་དགོས་འཁེལ་གྱི་ཡོད།
སྟག་ཀ་ཟ་བའི་མིང་འདི་བོད་སྤྱི་ཡོངས་སུ་ཁྱབ་མིན་བཤད་དཀའ་མོད། གང་ལྟར་ཟས་དགའ་ཞིག་ཡིན་པར་སྣང་། ཚལ་འདིའི་བྲོ་བ་ནི་སྒོག་རིགས་མིན་པར་ཁོ་རང་ལ་ཁྱད་ཆོས་ཡོད་པའི་སྔོ་སྨན་གྱི་བྲོ་བ་ཞིག་ཡོད། དེ་མིན་གྲོང་གསེབ་ཀྱི་གསོ་བ་རིག་པའི་སྨན་པ་རྣམས་ཀྱིས་ཛ་ཏིའི་ཚབ་ཏུ་སྨན་གྱི་སྡེབ་སྦྱོར་གནང་མཁན་ཡང་འདུག་པར་གྲགས།
༢༠༢༠/༤/༡༥ཉིན་གྲུབ།
ཡག་པོ་བྲིས་འདུག ངས་ཀྱང་ཙ་ཀོ་ཚོད་མ་མང་པོ་ཟ་མྱོང་། ཞིམ་པོ་ཡོད་པ་རེད། འབྲས་བུ་ནི་རླུང་སྨན་གྱི་མཆོག་གཅིག་རེད། རྩི་ཤིང་་གོ་སྙོད་སྐྱེ་ས་ནས་རྒན་རྒོན་རླུང་གིས་འཆི་ནི་མེད་ཅེས་གཏམ་དཔེ་ཡོད་པ་རེད། ར་སྒོག་དང་སྒོག་རིལ་ཟེར་བའི་རི་སྐྱེ་ཞིག་ཡོད། ཚོད་མ་དང་ཐུག་པའི་ནང་ལ་བཏབ་ན་བྲོ་བ་ཧ་ཅང་ཆེ། །