ཀླུ་སྨྱོན།
ཕ་ཡུལ་ཡ། ཕ་ཡུལ།
ད་དུང་སྨུག་ཞགས་ཀྱིས་དཀྲིས་པའི་ཕ་ཡུལ། ད་དུང་མུན་ནག་གིས་བཏུམས་པའི་ཕ་ཡུལ།
འབྲོང་ངར་མ་རྫ་ནས་ཕབས་པའི་ཕ་ཡུལ། རྐྱང་རྒོད་པོར་ཁ་ལོ་བཏུལ་བའི་ཕ་ཡུལ།
འདི་ལྟར་གཞན་དབང་གིས་འཚོ་བའི་ཕ་ཡུལ། དེ་ལྟར་བཙན་དབང་གིས་མནར་བའི་ཕ་ཡུལ།
ཕ་ཡུལ་ཡ། ཕ་ཡུལ།
མུ་མེད་བྱང་ཐང་གིས་ཁེངས་པའི་ཕ་ཡུལ། མཐའ་མེད་རྒྱ་མཚོ་དང་རིང་བའི་ཕ་ཡུལ།
འགྱུར་མེད་གངས་རི་ཡིས་བསྐོར་བའི་ཕ་ཡུལ། ཡལ་མེད་ལོ་རྒྱུས་ཀྱིས་གཏམས་པའི་ཕ་ཡུལ།
ཕ་ཡུལ་ཡ། ཕ་ཡུལ།
ས་མཐའ་ནས་བརྗེད་ཐབས་བྲལ་བའི་ཕ་ཡུལ། མི་ཡུལ་ནས་སེམས་ལ་དྲན་པའི་ཕ་ཡུལ།
སྐྱིད་དུས་སུ་ངག་ནས་གྱེར་བའི་ཕ་ཡུལ། སྡུག་དུས་སུ་མིག་ལམ་ཤར་བའི་ཕ་ཡུལ།
ཕ་ཡུལ་ཡ། ཕ་ཡུལ།
ཁྱེད་ཀྱི་བུ་རབས་ཚ་བརྒྱུད་ས་མཐར་འཁྱམས། ཁྱེད་ཀྱི་ལོ་རྒྱུས་རིང་མོ་འདི་ལྟར་བཞུར།
ཁྱེད་ཀྱི་བདག་པོ་ངོ་མ་གང་ན་ཡོད། ཁྱེད་ཀྱི་གདོད་མའི་བླ་སྲོག་གང་ནས་འཚོལ།
ཕ་ཡུལ་ཡ། ཕ་ཡུལ།
ངའི་སེམས་གཏིང་ནས་དྲན་པའི་གཅེས་པའི་ཕ་ཡུལ། ངའི་མིག་མཐའ་ནས་བརྡོལ་བའི་མཛེས་པའི་ཕ་ཡུལ།
ངའི་སྙན་ངག་གིས་སྤྲས་པའི་ཕ་ས་ཕ་ཡུལ། ངའི་གཏམ་རྒྱུད་ཀྱིས་བསྐྱོར་བའི་རང་ས་རང་ཡུལ།
ཨ། ཕ་ཡུལ།
ངོ་མ་དྲན་ནི་ཟིག་རེད། ཕ་ཡུལ་དྲན་ཐེངས་རེ་རེར།
ངས་རང་གི་ཕ་ཡུལ་གྱི་རྫི་གླུ་སྙན་མོའི་འོད་སྡེར་རེར་ཉན་པ་ཡིན་ལ།
ཕ་ཡུལ་དྲན་ཐེངས་རེར།
ངས་ཕ་ཡུལ་གྱི་མཛེས་ལྗོངས་ཅན་གྱི་ཚོན་པར་དག་བསྔོགས་པ་ཡིན།
ཕ་ཡུལ་གྱི་ཁ་ཡ་ན་ཟླ་དག་རྒས་ཚར་བ་དང་། ཕ་ཡུལ་གྱི་ཚ་བོ་ཚ་མོ་རྣམས་འཚར་ཟིན་པ་ངས་ཤེས་ཡོད།
ཡིན་ན་ཡང་། ང་རང་གི་ཕ་ཡུལ་དུ་ལོག་འདོད། ང་རང་གི་རང་ཡུལ་དུ་བསྐྱོད་འདོད།
ཕ་ཡུལ་ན་ཡོད་དུས། ཕ་ཡུལ་གྱི་རིན་ཐང་མ་ཤེས།
ཕ་ཡུལ་དུ་བསྡད་དུས། ཕ་ཡུལ་གྱི་བརྩེ་དུང་མ་ཚོར།
ཕ་ཡུལ་དང་བྲལ་དུས། ཕ་ཡུལ་དུ་ལོག་འདོད་སྐྱེས།
ཕ་ཡུལ་དང་རིང་དུས། ཕ་ཡུལ་དུ་ཤི་ན་བསམ།
ཕ་ཡུལ་ན་ཡོད་པ།
ཕ་ཡུལ་གྱི་རྫ་ཆུ་ཟིལ་མ། ཕ་ཡུལ་གྱི་སྦྲང་དཀར་རྩམ་པ།
ཕ་ཡུལ་གྱི་འོ་ཇ་མངར་མོ། ཕ་ཡུལ་གྱི་ནོར་ཤ་ལུག་ཤ
ཕ་ཡུལ་ནས་ལུས་པ།
ཕ་ཡུལ་གྱི་ནམ་མཁའ་སྔོན་པོ། ཕ་ཡུལ་གྱི་སྤྲིན་དཀར་ཕོན་པོ།
ཕ་ཡུལ་གྱི་རྩྭ་ཐང་ལྗང་ཁུ། ཕ་ཡུལ་གྱི་མེ་ཏོག་སེར་ཆེན།
ངོ་མ། ཕ་ཡུལ་གྱིས་བཞག་པའི་བག་ཆགས་ཟབ་མོ་འདི། ཕ་ཡུལ་གྱིས་བྲིས་པའི་གཏམ་རྒྱུད་སྐྱུར་མོ་འདི།
ད་ལྟ་མུན་དཔུང་གཤག་པའི་སྐར་མདའ་བཞིན། ད་ལྟ་བསྐལ་བ་འཇིགས་པའི་ཐོག་མདའ་བཞིན།
གཞི་ནས་སད་བྱུང་ཨང་། གཞི་ནས་མཆེད་བྱུང་ཨང་།
ཕ་ཡུལ་གྱི་ཁ་དོག་མ་འགྱུར་གོང་། ཕ་མ་གཉིས་ཕྱི་མར་མ་བཞུད་སྔོན།
ང་ངོ་མ་ཕ་ཡུལ་དུ་ལོག་འདོད་ལ། ང་ཕ་ཡུལ་དུ་ལོག་ནས།
ངས་ཕ་མ་གཉིས་ཀྱི་སེམས་གཏམ་དྲོན་མོ་རེར་ཉན་འདོད་ལ། ངས་ཕུ་ནུ་དག་གི་མི་ཚེའི་འགྱུར་ལྡོག་ལ་བལྟ་འདོད།
ངས་ནོར་ལུག་འགའ་འཚོ་འདོད་ལ། ངས་རྟ་རྒན་ཞིག་ཀྱང་ཞོན་འདོད།
ང་རི་མཐོ་ས་གཙང་ཞིག་ཏུ་བསྡད་དེ། རྒྱང་རིང་ནས་གྲག་འོང་བའི་རྫི་གླུ་སྙན་མོ་ཞིག་ལ་ཉན་འདོད།
དེ་ལས་གཞན། ངས་ཅི་ཡང་མི་འདོད།
ཕ་ཡུལ་ཡ་ཕ་ཡུལ།
ང་དངོས་གནས་ཁྱེད་ཀྱི་པང་དུ་ལོག་འདོད། ང་གཞི་ནས་ཁྱེད་ཀྱི་ཕྱོགས་སུ་འཕུར་འདོད།
ཁ་སང་ཞིག་ལ་ཨ་ཁུ་ཀླུ་སྨྱོན་ཚང་གིས་ཨ་ཚོགས་མྱི་རྡང་རྩད་གཅོད་བྱེད་ཀྱིན་འདུག་པས། ཁོང་ལ་དེའི་སྐོར་ལན་ཞིག་སྤྲད་ན་བསམ་བྱུང༌། ཨ་ཚོགས་མྱི་རྡང་གིས་རྐུབ་བཀྱག་དང་སྨྲ་བརྗོད་རང་དབང་གཉིས་ལས་སྨྲ་བརྗོད་བདམས་ཏེ། ད་ཆ་རྡ་སའི་གཡས་གཡོན་དུ་སྨྲ་བརྗོད་རང་དབང་གི་གདམ་བྱ་བེད་སྤྱོད་ཀྱིས་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔ་བ་་ཟེར་བ་ཞིག་བྲིས་ཏེ་འགྲེམ་སྤེལ་བྱེད་བཞིན་འདུག འོན་ཀྱང་རྩོམ་ཡིག་དེ་ཆ་ཚང་འདིར་བཀོད་ན་མང་དྲགས་ཀྱིས་དོགས་ནས་མ་བྲིས། དེའི་ནང་གི་དོན་གནད་ཁ་ཤས་ཤིག་གཤམ་འདིར་བཀོད་ཡོད་པས་གཟིགས་པར་འཚལ།
་་་་་་་་་་་་ མི་ཁ་ཤས་ཀྱིས་རང་བཙན་ལམ་ན་དངོས་ཡོད་གནས་ཚུལ་དང་མི་མཐུན་ཟེར་ཞིང༌། དེ་ལས་ལམ་དབུ་མར་ཕྱིན་ན་ཁ་ཡོད་ལག་ཡོད་ཡིན་ཞིང༌། ལོ་ངོ་སུམ་ཅུའི་རིང་ལམ་འདིར་ཕྱིན་ནས་གཡོ་ཅན་ལ་ལྷོད་བཞུགས་གནང་སའི་གོ་སྐབས་ཤིག་ཐོབ་ཡོད་ན་མ་གཏོགས། རྩ་དོན་ཐོག་ཁ་ཡོད་ལག་ཡོད་གང་བྱུང་ཁོག་རྩིས་ཤིག་རྒྱོབས་དང༌། མ་ཟད་ང་ཚོས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་བཀོད་པ་དང༌། རྒྱལ་བ་པཎ་ཆེན་གཉིས་ཀྱིས་ཏང་ཀྲུང་དབྱང་གི་ཆོ་ལོ་བཞེས་ཏེ། མོའོ་ཙེ་ཏུང་དང༌། སྤྱི་ཚོགས་རིང་ལུགས་ལ་བསྟོད་གླུ་བླངས་ནས་མི་རིགས་ས་ཁོངས་རང་སྐྱོང་འོག་ལོ་བརྒྱད་ལ་བསྡད་པའི་ལོ་རྒྱུས་དུམ་ཚན་དེ། ད་ཆ་བཙན་བྱོལ་གཞུང་གིས་བརྗེད་སོང་བ་འདྲ་་་་་་་་་་་་་་་
དེང་སྐབས་ལམ་དབུ་མའི་མིང་བྱང་འཁུར་མཁན་ཚོས། བོད་རང་བཙན་ལབ་ན་ལམ་དབུ་མའི་གནས་བབ་རྩོད་རྒྱུར་མ་གནོད་ཟེར། དེ་བདེན་པ་ཡིན་སྲིད་མོད། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མར་ཕྱིན་པ་འདིས་རང་བཙན་ལ་གནོད་ལས་ཕན་མེད་ལ། མ་གཞི་ལམ་དབུ་མ་འདི་ལམ་ཞིག་ཡིན་པའི་དབང་དུ་བྱས་ན་ལམ་གོར་གོར་ཞིག་རེད། ལམ་འདི་ནས་འགྲོ་མཁན་ཚོ་བོད་རྒྱའི་འབྲེལ་མོལ་ལ་གོ་ཅིག་ལ་སོང་ཡོད་པ་ཡིན་ན་སྐོར་ར་གཅིག་སྐོར་ཡོད། ང་ཚོ་ལམ་འདིར་ལོ་ངོ་སུམ་ཅུའི་རིང་ཕྱིན་ནས་ཐ་མར་སླེབས་ས་དེ་ཐོག་དང་པའི་མགོ་འཛུགས་ས་ཡིན། གནས་དེ་རུ་རྙིང་བཞི་རྩ་གཏོར་དང༌། ལྷ་འདྲེ་གདོན་བགེགས་ཚར་གཅོད་བྱེད་པའི་རིག་གནས་གསར་བརྗེ་ལས་འགུལ་ད་དུང་འཇགས་མེད། འཆར་ཟླའི་ཚོགས་ཆེན་འདི་ནི་ལམ་དབུ་མར་ཕྱིན་ནས་སྐོར་བ་གཅིག་ཐེབས་པའི་འགྲུབ་སྟོན་ཡིན་ལ། སླར་ཡང་ལམ་འདིར་འགྲོ་མིན་གྱི་འགག་རྩའི་དཀྱོགས་མཚམས་ཀྱང་ཡིན་ན། འུ་ཚང་གི་ཞི་མོལ་གྱི་མིང་བྱང་འཁུར་མཁན་ཚོས་ཀྱང་ད་ནི་ལམ་འདི་གོར་གོར་ཡིན་དང༌། ལམ་དེ་ནས་སོང་ན་སླེབས་ས་འདི་ལས་མེད་པ་ཤེས་དགོས་ཚོད་ཡིན། ཁྱད་མཚར་ཞིག་ལ། ཁོ་ཚོ་ལམ་ནོར་དེར་ཐུགས་སྤྲོ་བ་ཆེན་པོས་ཕེབས་དོན་ཅི་ཡིན་ནམ། ང་ཚོས་ལམ་གོར་གོར་འདིར་ཕྱིན་པའི་རིང་སྐད་ཆ་ཡག་ས་ནས་བཤད་ན། མི་སེམས་ཀྱི་དངས་གཙང་གི་ཆ་དང་གུ་ཡངས་ཀྱི་ཆ་ཚང་མ་བསྟན་ཚར་ཡོད་ལ། སྐད་ཆ་སྡུག་ས་ནས་བཤད་ན་ཕམ་ཚོང་མ་རྒྱབ་བསམ་པ་དང༌། བྱ་བ་མ་བསྐྱལ་བསམ་པ་མེད་མོད། སྟབས་ཡག་ནས་མི་རིགས་ས་གནས་རང་སྐྱོང་ལ་ྋགོང་ས་མཆོག་གིས་མཚན་རྟགས་མ་བཀོད་ཙམ་པོ་དང༌། བཙན་བྱོལ་གཞུང་ལ་སྒོ་ཐམ་མ་བརྒྱབ་ཙམ་པོ་འདི་བཞིན་ང་ཚོ་འདི་ཕྱོགས་གྲུང་སོང་བ་མ་ཡིན་པར། ངས་བལྟས་ན་ཕར་ཕྱོགས་ལ་དོགས་པ་ཚ་དྲགས་པས་རེད། རྒྱུ་མཚན་དེའི་དབང་གིས་བོད་རང་བཙན་རྩོད་མཁན་དང༌། ལམ་གོར་གོར་ནང་མགོ་འཁོར་ནས་འདུག་མི་འདོད་མཁན་ཚོས། ད་ནི་ཁ་ཕྱོགས་ལ་འགྱུར་བ་ཞིག་གཏོང་རྒྱུར་ཤུགས་རྒྱག་དགོས་པ་མ་གཏོགས། འུ་ཚང་གི་ཁ་ལ་དབུ་མ་བཟས། རྒྱབ་ལ་དབུ་མ་གྱོན་པའི་གཙོ་རྒྱུག་སྤྱི་ཚོགས་status quoདང༌། དེ་དག་གི་ཁ་སྔ་ནས་ཤ་རྒུམ་ཚིལ་རྒུམ་རེ་འཐུ་མཁན་ཚོས་ལན་ནོར་འདི་ལ་ཡོ་བསྲང་བྱ་རྒྱུའི་རེ་བ་བཅངས་ན། རྦད་དེ་རེ་སྟོང་རང་ཡིན།
ཞེས་གོང་གི་བོད་རང་བཙན་གྱི་སྐྱ་ཐིག་དོན་ཚན་བཅོ་ལྔ་བ་ཞེས་པ་འདི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཆུང་ཚང་མར་ཡང་ཕུལ་འདུག
ད་འོ་ན་མྱི་ལྡང་དེ་གཞོན་ནུ་ཚོགས་པའམ་རང་བཙན་ཚོགས་མིའི་གྲས་སུ་ཡོད་དམ་མེད། མེད་ན་མྱི་ལྡང་དེས་ཚོགས་པ་ཞིག་གི་ནང་ནས་ཉི་མ་མི་འཁྱོལ་བ་རེད་དམ། སྐྱབས་བཅོལ་བ་ཞིག་དང་དེའི་ནང་ནས་ཀྱང་སྲིད་དོན་སྐྱབས་བཅོལ་བ་ཞིག་ཡིན་ཚེ་ལྟ་བ་ག་འདྲ་ཞིག་བཟུང་ན་ཡང་ཚོགས་པ་རེར་འབྱར་ནས་བསྡད་ན་ལོས་བཟང་། ངས་གོ་ཚོད་ཡིན་ན་ད་ལྟ་ཇ་ཞིག་ཀྱང་ཁོལ་མི་ཁོལ་གཉིས་ཀྱི་ས་མཚམས་རེད་ཟེར། མྱི་ལྡང་དེའི་གྲས་ཀྱིས་སྒེར་དོན་མི་འཁྱོང་ན་ཡང་སེམས་ཤུགས་ཤིག་གིས་ཚོས་བསྡད་ཡོད། བསྟན་འཛིན་མགོན་པོ་དང་དེ་གཉིས་ཀྱི་ལས་དབང་གཅིག་པ་རེད།
ཟླ་བ་གཅིག་གི་སྔོན་ང་ལ་ཨ་རི་བ་ཞིག་གིས་ཕ་ཡུལ་ཨ་མདོ་ནས་ཁྱེར་བའི་ཆུ་རྡོ་རིལ་རིལ་ཞིག་སྤྲད་བྱུང་བས། ད་ལྟ་ངས་དེ་ལ་ཨ་མྱེས་རྨ་ཆེན་ཞེས་པའི་མིང་རྫིག་པོ་ཞིག་བཏགས་ཏེ་ཞོགས་པར་ཡར་ལངས་དུས་དང་དགོང་མོར་མར་ཉལ་དུས་ལྟ་ཙམ་རེ་བྱེད་བཞིན་ཡོད་ལ། སྐབས་རེར་ཁང་པའི་དཀྱིལ་དུ་ཅོག་ཙེ་ཞིག་གི་སྟེང་དུ་རྡོ་རིལ་དེ་བཞག་རྗེས་རྨ་ཆེན་གངས་སྐོར་ལ་ཡང་འགྲོ་གིན་ཡོད།