རེབ་ཐོག་མདའ།
______གྲོགས་པོ་ཞིག་དང་མཉམ་དུ་སྐར་འཕྲིན་དྲ་བའི་ནང་དུ་གླེང་མོལ་བྱས་རྗེས།
གྲོགས་གི་འཛུམ་ཆུང་མ་མཐོང་ལོ་ཟླ་གསུམ།།
ཕ་སྐད་དག་མ་མ་ཐོས་དུས་ཡུན་ཟབ།།
འོན་ཀྱང་ཁ་སང་སྐར་འཕྲིན་དྲ་བ་ལས།།
གྲོགས་དང་འཆད་པའི་ལེའུ་ཞིག་འདི་ལ་འཚེར།།
མྱི་རབས་རྒན་པའི་ཞབས་རྗེས་མི་གསལ་ལ།།
སློབ་ཆེན་འགྲིམས་ཀྱང་མདུན་ལམ་མེད་རབས་དང་།།
དགོན་པ་གྲྭ་ཚང་གྲྭ་རྒྱུན་ཆད་རབས་སོགས།།
གྲོགས་གི་ཁ་བརྡའི་སྣེ་ན་སེམས་ཁྲེལ་ཞིག།
ནོར་ནག་ཕྱུགས་ཀྱི་ཕ་ས་མཐོ་སྒང་གི།
སྦྲ་ནག་སྨུག་པོ་ལ་ཁའི་ཉི་མ་དང་།།
འབྲུ་དྲུག་མགོ་ལྕོག་ལྡེམ་པའི་རོང་ཕྱོགས་ཀྱི།།
འཚོ་བའི་ཁ་དོག་རེ་ཞིག་འགྱུར་འདུག་ཟེར།།
རྒྱང་རིང་ཕ་ཡུལ་གྲོང་གི་ཕུ་ནུ་ཡིས།།
རིགས་ཞེན་ལ་རྒྱ་ཟབ་མོས་གླེང་དང་ཐལ།།
རེ་བའི་མིག་ཟུང་ཕྱི་ལ་བསྲིངས་ཡོད་རབས།།
མ་གསང་སེམས་ནས་འདི་ལྟར་བརྗོད་དང་ཐལ།།
མ་མཐོང་ཕ་ཡུལ་ལོ་ཟླའི་ཁུགས་སོ་ན།།
སྒོར་ཀྱི་གཡོག་ཏུ་འདུར་བ་གྲོགས་གིས་འཆད།།
ཆོལ་ཁ་གསུམ་དུ་འབོད་པའི་ཕ་ཡུལ་ན།།
སྲོལ་རྒྱུན་གཙང་མའི་ཁ་དབུགས་བོར་འདུག་ཟེར།།
སོ་ཕག་ཨར་འདམ་བསྲེས་པའི་རྡོ་ཁང་ནས།།
ཨ་མའི་སྦྲ་ནག་དྲན་པའི་གཏམ་རྒྱུད་དང་།།
བཅུད་ལྡན་ཟ་མ་འཛོམས་པའི་རྒྱ་གྲོང་ནས།།
སྦྲང་དཀར་རྩམ་པའི་རིན་ཐང་ཟབ་རབས་བཤད།།
སློབ་ཆེན་འགྲིམས་པའི་གྲངས་ཀ་མང་ན་ཡང།།
མི་རིགས་བར་ལ་ཁྱད་པར་ཆེ་རབས་ཟེར།།
ལག་འཁྱེར་གཅིག་པ་ཐོབ་ཀྱང་གྲངས་ཉུང་བོད།།
རྒྱ་དང་ཁ་ཆེ་གཡོག་ལ་འདུར་འདུག་ཟེར།།
རང་ཚུགས་ཤོར་བའི་མི་བུ་བོད་ལ་མང་།།
རང་ཁྱིམ་སྟོང་བའི་གཏམ་རྒྱུད་བོད་ལ་མང་།།
ཐོབ་ཤོར་འགྲན་པའི་དུས་རབས་གསར་བའི་ཁྲོད།།
སྒོར་མོ་ཡོད་ན་བོད་པ་དེ་ཡིས་ཚིམ།།
རོང་འབྲོག་གཉིས་ཀ་ཤོ་དང་རྒྱན་ལ་དགའ།།
སྐྱ་སེར་གཉིས་ཀ་དེང་རབས་ཁྲོམ་ལ་དགའ།།
རང་གི་རིགས་ལ་ཞེན་པའི་མྱི་དེ་ཚོ།།
མྱི་ཡི་སྡེ་ན་འཚོ་བའི་ཉེས་ཅན་ཡིན།།
འབྲོག་པའི་གཤིས་ཀ་བཟང་བོ་རོང་ནས་བོར།།
རོང་བའི་ངང་རྒྱུད་འཇམ་པོ་སྒོར་ལ་བརྗེས།།
མེས་པོ་སྲོལ་རྒྱུན་བོར་བའི་བོད་པ་ཚང་།།
སྒོར་མོ་ཡོད་ན་ཀུན་ཀྱི་དཔོན་པོ་ཡིན།།
ཕྱུག་པའི་གྲངས་ཀ་གླེང་དུས་ཁ་ཆེ་མང་།།
ཁང་བརྩེགས་གྲངས་ཀ་བརྩི་དུས་རྒྱ་རིགས་མང་།།
ཕ་ས་ཕ་ཡུལ་གྲོང་གི་བོད་པ་ཚོ།།
རང་ས་གོར་མོ་ཐོག་གི་གཡོག་པོ་ཡིན།།
ཨ་མའི་སེམས་ཀྱི་ལྷ་དེ་རྒྱང་ན་ཡོད།།
ཨ་ཕའི་ངག་གི་གདངས་དེ་བོར་བཞིན་ཡོད།།
ཚ་བོ་ཚ་མོའི་མི་ཚེ་རླུང་ནང་གི།
འཆི་གསོན་བར་དུ་ཤོར་བའི་མར་མེ་ཞིག།
བོད་འདི་ཀློག་དུས་བདག་ལ་དུངས་བ་ཞིག།།
བོད་འདི་ཐོས་དུས་བདག་ལ་སེམས་ཁྲེལ་ཞིག།།
བོད་འདི་འདི་ལྟར་རྫོགས་པ་བསམ་དུས་སུ།།
བདག་གི་ཡ་ཆུང་སྙིེང་ལ་ན་ཟུག་ཅིག།
སྔོན་ཆད་ལོ་རྒྱུས་བོད་ལ་ཟབ་ན་ཡང་།།
དེང་སང་གཏམ་རྒྱུད་བོད་ལ་མང་བ་བདེན།།
བདེན་རྫུན་གཉིས་ཀས་བྲིས་པའི་འཇིག་རྟེན་ན།།
གངས་ཅན་བོད་ལ་སྒོར་མོ་ཡོད་ན་ཆོག།
ཕྱི་ལོ ༢༠༡༣ ཟླ ༥ ཚེས ༣༠ ཉིན་དཔེ་མཛོད་ནས་བྲིས།
བྱ་ཁྱུང་འདབས་ན་བྱ་འབུ་མང་རབས་བཤད།།
བྱ་བརྒྱ་མང་པོ་བྱ་འཚོགས་རྒྱབ་རབས་བཤད།།
བྱ་ཟས་རྩད་ནས་བྱ་སྒྲོ་གཏོར་རབས་བཤད།།
བྱ་བཞག་མ་འཁྱོངས་བྱ་སྣ་རྫོབ་རབས་བཤད།།
བྱ་ངན་སྤྱོད་ངན་བྱ་ཚོགས་དཀྲུགས་རབས་བཤད།།