སོག་མདའ།
རི་རབ་གཙང་པོ་ཡི་ཕ་རོལ་དེ་ན།།
མཐའ་མེད་སྤང་ཐང་གི་འཇིག་རྟེན་ངོགས་ན།།
རྟ་ཕོའི་གོམ་ལག་ལྷན་ལང་ཚོ་རྒས་པའི།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
ཉི་ཟླའི་འཁོར་སྐྱོད་ཀྱིས་རྒྱུ་བའི་གནས་ན།།
གངས་རྒན་རི་བོ་ཡིས་བསྐོར་བའི་ཡུལ་་ན།།
འགྱུར་མེད་བརྟན་བརླིང་གི་འབྲོག་མི་རྒད་པོ།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
མཚོ་མོ་ཁྲི་ཤོར་དང་ཉེ་བའི་ཡུལ་གྱི།།
རྨ་སོག་རྩྭ་ཐང་གི་མཛེས་སྡུག་གཞི་ན།།
ཕྱུགས་རིགས་ཁྱུ་ཚོགས་ཀྱི་རྫི་བོ་རྒན་པ།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
སོག་གུར་གོར་མོ་ཡི་དྲོད་ཁྱིམ་ཕུག་གི །
བདེ་སྡུག་གང་ཡོད་ཀྱང་ཕྲག་ལ་ལེན་མཁན།།
དཀའ་ཐུབ་སྡུག་རུས་གྱི་སྤོབས་པས་ཁེངས་པའི།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
ཨ་མའི་ཚེ་གང་གི་གཏན་གྱི་སྐྱ་ཡ།།
བུ་ངའི་སེམས་ཁོང་གི་རྒྱབ་རི་སྨུག་པོ།།
ཁྱིམ་འདིའི་དྲོད་ཁོལ་གྱི་ཉི་མ་སེར་བོ།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
འདས་སོང་ལོ་ཟླ་ཡི་བཞུད་ངོགས་ཁྲོད་ནས།།
བུ་རྣམས་མ་ཡུམ་གྱི་སློབ་གྲྭར་བཅུག་དེ།།
དུས་བཞིའི་དཀའ་སྡུག་གྱི་གདོང་ལ་འབུད་མཁན།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
ལྷན་པ་དགུ་བརྩེགས་ཀྱི་རྩག་ཧྲུལ་གོན་ནས།།
ངན་ངོན་འཚོ་བ་དེ་རང་གིས་རོལ་ནས།།
གང་ཡག་གང་ཞིམ་དེ་བུ་ལ་གནང་མཁན།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
རྒྱང་བཞུད་བས་མཐའ་ཡི་མི་ཡུལ་གནས་སུ།།
གྲོགས་མེད་སྤུན་མེད་ངང་གཅིག་པུ་འཁྱམས་དུས།།
བུ་ངའི་ཁེན་ས་ཡི་རྒྱབ་དཔུང་བརྟན་པོ།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
འཇིག་རྟེན་གནས་ལུགས་ཀྱི་དོན་དམ་ངོ་མ།།
རང་ཚུགས་བཟོད་བསྲན་གྱི་མི་གཤིས་བཟང་པོ།།
བུ་ངའི་སེམས་རྒྱུད་ལ་ཆོས་བཞིན་གནང་མཁན།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
བརྩེགས་པའི་ལོ་ཟླ་ཡི་ཕྲེང་རིམ་བར་ནས།།
གནག་སྣུམ་སྐྲ་ལོ་ལ་ཁ་བ་བབས་ཤིང་།།
དཀྱིལ་ཆེ་དབུ་ཐོད་ལ་གཉེར་མས་ཁེངས་པའི།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
དྭངས་གསལ་གསུང་སྐད་ཀྱི་སྨྲ་མཁས་འཇམ་པོ།།
གཅེས་ལོ་གཅེས་ཕྲུག་གི་དབྱངས་རྟ་སྙན་མོ།།
རྒྱུན་འཇགས་སེམས་རྩ་ལ་དྲོད་ཁོལ་གནང་མཁན།།
བྱམས་ཆེན་ཕ་ལོ་ལགས་སྙིང་ནས་དྲན་བྱུང་།།
མ་མཇལ་ཕ་ལོ་ཡི་ཞལ་རས་གོར་མོ།།
མཁའ་དབྱིངས་དྭངས་གསལ་གྱི་དུང་ཟླ་ལྟ་བུར།།
འགྱུར་མེད་ནག་ནོག་གི་དྲི་མས་དབེན་པའི།།
བྱམས་ཆེན་ཕ་ལོ་ལགས་སྐུ་ཚེ་བརྟན་ཤོག །
མ་ཐོས་ཕ་ལོ་ཡི་ཞལ་གསུང་དྲོན་པོ།།
དཔྱིད་གསུམ་ཟླ་བ་ཡི་ཁུ་བྱུག་སྐད་ལྟར།།
འགག་མེད་དྲུག་འགྱུར་གྱི་དབྱངས་རྟ་སྒྲོག་ནས།
བྱམས་ཆེན་ཕ་ལོ་ལགས་སྐུ་ཚེ་བརྟན་ཤོག །
མ་ཐུག་ཕ་ལོ་ཡི་བརྩེ་བ་ཟབ་མོ།།
འཁྱིལ་བའི་མཚོ་ཆུང་གི་ཉ་མོ་བཞིན་ཏུ།།
ལྷན་འཛོམས་བདེ་སྐྱིད་ཀྱི་དུས་བཟང་ཤར་བར།།
བྱམས་ཆེན་ཕ་ལོ་ལགས་སྐུ་ཚེ་བརྟན་ཤོག།
༢༠༡༣ ཟླ་༦ ཚེས་༢༠ ཉིན་རང་ཤག་ནས་བྲིས།
ཕ་མ་མི་དྲན་འཇིག་རྟེན་སྲིད་ན་མེད།།
དྲན་ཡང་མི་རྟག་འཕྲུལ་འདི་སུ་ཡིས་བཟློག།
ཕ་མ་བུ་ཕྲུག་ཟེར་བཞིན་སྐྱོ་གར་འདི།།
མི་འདོད་ན་ཡང་འཁྲབ་དགོས་སྔོན་གྱི་ལས།།
སྔ་མོ་བོད་ཀྱི་གཏམ་དཔེར། །
ཟླ་ད་དཀར་བ་ཟླ་སྟོད། །
ཕ་མ་འཇལ་བ་ཚེ་སྟོད། །
དེ་ཕྱིར་དྲིན་ལན་དྲིན་འཇོལ། །
ཁྱིམ་སྒོ་རའི་བར་ན་ཡོད་དུས། །
དྲིན་ཕ་ལོའི་བཀའ་དྲིན་མ་ཚོར།།
དུས་དེང་སང་ས་མཐར་ལྷུང་དུས། །
དྲིན་ཕ་ལོའི་བཀའ་དྲིན་དྲན་གི །
ཟླ་དཀར་དཀར་བ་ཟླ་སྟོད། །
ཕ་མ་ཡོད་པ་ཚེ་སྟོད། །ཀྱང་ཟེར།
དྲན་པའི་གདུང་བ་སེམས་ཀྱི་སྡུག་བསྔལ་ཡིན།།
འདི་ཡི་བཅོས་ཐབས་བླ་སྨན་ལ་ཡང་མེད།།
ཀློག་ཏུ་ངུས་ནས་མིག་ཆུ་མང་གཏོར་ན།།
ཅུང་ཙམ་ལྷོད་དུ་འགྲོ་བའི་སྣང་བ་སྟེར།།
གེ་སར་ཕྲོམ་ཆེན་གྱི་རྒྱལ་ཁམས་འབོད་པ།།
ཁྲི་གཤོག་རྒྱལ་མོ་ཡི་རླབས་སྒྲས་སྡོངས་པ།།
རྨ་སོག་རྩྭ་ཐང་གི་ཁོད་ཞེང་ཡངས་པས།།
ཡབ་ཆེན་གང་ཞིག་ལ་ཐུགས་ཁྲེལ་མ་གནང་།། །།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གྲོགས་པ་མཉམ་བསྐྱེད་དུ་བྲིས།