ལྟག་མཚེར་རིན་པོ་ཆེའི་སྲས་འཇིགས་མེད་ནོར་བུ་ལགས་ཀྱིས་ཡང་བསྐྱར་བོད་རང་བཙན་སླད་གོམ་བགྲོད་བྱེད་རྒྱུ་ཡིན་འདུག
ཕྱི་ཟླ་ ༨ ཚེས་ ༨ ཉིན་ཞོགས་ཀར་འཇིགས་མེད་ནོར་བུ་ལགས་ཀྱིས་གསུངས་གསལ་ལྟར་ན། ཁོང་གིས་ ལོ་འདིའི་ཟླ་བ་ ༡༠ པའི་ཚེས་ཤར་ལ་ ཨིན་ཌི་ཡཱ་ན་མངའ་སྡེའི་རྒྱལ་ས་ ཨིན་ཌི་ཡཱ་ནཱ་ཨེ་པོ་ལི་སེ་ ཞེས་པ་ནས་ ཁེ་ན་ཌའི་ཊོ་རོན་ཊོ་བར་དུ་ རང་བཙན་གོམ་བགྲོད་ གནང་རྒྱུ་ཡིན་པ་དང་། དེ་ཡང་ལམ་ཐག་ མེལ་ལེ་ ༦༠༠ ལྷག་ཙམ་ཡོད་པའི་གོམ་བགྲོད་འདི་བདུན་ཕྲག་གསུམ་ཙམ་གྱི་རིང་གྲུབ་པར་བྱེད་འཆར་ཡོད་པ་རེད། གོམ་བགྲོད་འདིའི་སྐོར་གྱི་གནས་ཚུལ་རྣམས་ཁོང་གི་དྲ་རྒྱ་ http://www.ambassadorsforworldpeace.org/ ན་གསལ་འདུག
ལམ་ཐག་དེ་འདྲ་ལ་ནི་རླངས་འཁོར་གྱིས་བསྐྱོད་དགོས་ཤར་ཚེའང་། ཆུ་ཚོད་བཅུ་ལྷག་འགོར་གི་རེད་ལ། ལམ་ཐག་དེར་གོམ་པ་རེ་རེ་བྱས་ཏེ་འཇལ་སྐབས། གནམ་གཤིས་ཀྱི་དཀའ་ངལ་དང་། ཁེར་རྐྱང་གི་དཀའ་ངལ། ལུས་ལ་ན་ཟུག་གི་དཀའ་ངལ། གནས་ཚང་གི་དཀའ་ངལ་སོགས་དཀའ་ངལ་བརྒྱ་ཕྲག་མང་པོ་གདོང་ལེན་བྱེད་དགོས་པ་རེད། ལར་ནས་ད་ལྟའི་ཆར་བོད་མིའི་སྤྱི་ཚོགས་ཁྲོད་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འོས་འདེམས་ཀྱིས་ཟིང་སླེབས་བཞིན་པ་རེད། ད་ཅིའི་ཕྱིར་རང་བཙན་གོམ་བགྲོད་བྱེད་དགོས་པ་རེད།
འཇིགས་མེད་ནོར་བུ་ལགས་ཀྱི་དགོངས་ཚུལ་ལྟར་བྱས་ན། ཁོང་གི་ཡབ་ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་ལགས་ནི། བོད་ནས་བཙན་བྱོལ་དུ་ཕེབས་པ་དང་། དེ་ནས་ཀྱང་ཨ་རིར་ཕེབས་དགོས་པའི་དགོས་དོན་མཐར་ཐུག་པ་ནི། བོད་རང་བཙན་ཆེད་ལས་འགུལ་སྤེལ་བ་དང་། དེ་ཡང་བོད་ནང་གི་བདེ་སྡུག་གིས་མཚོན་པའི་དངོས་ཡོད་གནས་ཚུལ་རྣམས་འཛམ་གླིང་མི་མང་ལ་གསལ་བསྒྲགས་གནང་ཕྱིར་ཡིན་པར་འདོད་ལ། རྒྱུ་མཚན་དེའི་ཕྱིར། ཁོང་གི་ཡབ་དམ་པས། བོད་མི་ཚོས་འཛམ་གླིང་གང་སར་མ་མཐའ་ལ་ཡང་ཟླ་རེར་ཐེངས་རེར་རང་བཙན་གོམ་བགྲོད་བྱེད་དགོས་པ་རེད་ཅེས་གསུངས་མྱོང་བ་རེད་གསུངས། ད་ནི། ཡབ་དམ་པ་ཞི་བར་གཤེགས་ཟིན་པའི་རྗེས་འདིར། ཁོང་གིས་མུ་མཐུད་ནས་ཡབ་ཀྱི་དགོངས་བཞེད་མཐའ་ལ་འཁྱོལ་དགོས་པ་དང་། ད་ལྟ་ལོ་ན་གཞོན་པ་དང་གཟུགས་གཞི་བདེ་པོ་ཡིན་སྐབས་གོམ་བགྲོད་བྱེད་དགོས་པ་དེ་ཁ་ཚ་དགོས་གཏུགས་ཤིག་ཏུ་མཐོང་གི་ཡོད་པ་རེད།
འཇིགས་མེད་ནོར་བུ་ལགས་ཀྱིས་གནད་དོན་བཞིའི་ཐོག་ནས་ཁོང་གི་གོམ་བགྲོད་ལ་འགྲེལ་བཤད་བྱེད་ཅིང་། དོན་ཚན་དེ་རྣམས་ནི། བོད་མིའི་སྤྱི་ཚོགས་ཀྱིས་ཕན་ཚུན་སྐྱོན་བརྗོད་བྱེད་པ་ལས་ཕན་ཚུན་མཉམ་འབྲེལ་བྱེད་རྒྱུ་དེ་གལ་ཆེ་བ་མ་ཟད། མཉམ་འབྲེལ་གྱི་ཐོག་ནས་ལས་འགུལ་སྤེལ་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། བོད་མི་སོ་སོ་རང་ཉིད་ཀྱི་ཆབ་སྲིད་ལྟ་བ་གང་འདྲ་ཞིག་ཡིན་ཀྱང་མཐའ་མ་འབབ་ས་དེ་སྐད་ཆ་བཤད་པ་ཙམ་གྱིས་མི་འདང་བར། ཚང་མས་ལས་ཀ་ཞིག་བྱེད་དགོས་པ་དེ་གལ་ཆེན་པོ་ཡིན་པ། བོད་ནང་གི་བོད་མི་རྣམས་ལ་ང་ཚོ་བཙན་བྱོལ་བ་ཚོས་ནམ་ཡང་བརྗེད་ཀྱི་མེད་ཅེས་བརྡ་ལན་གསལ་པོ་ཞིག་སྤྲོད་དགོས་པ། དེ་བཞིན་རྒྱ་ནག་གཞུང་ལའང་ང་ཚོས་རང་གི་རྩ་དོན་འདི་ ལས་སླ་པོར་བློས་གཏོང་གི་མེད་པའི་བརྡ་ལན་གསལ་པོ་སྤྲོད་དགོས་པ་བཅས་རེད།
ཁོང་གི་ཡབ་དམ་པས་ ༡༩༩༧ ལོར་ ཁེ་ན་ཌའི་ཊོ་རོན་ཊོ་ནས་ནིའུ་ཡོག་བར་དུ་གོམ་བགྲོད་གནང་ཡོད་པ་དང་། དེའི་རྟེན་འབྲེལ་མཚོན་པའི་ཆེད་དུ། ཐེངས་འདིར་ཡབ་དམ་པའི་གོམ་བགྲོད་ཐོག་མར་གནང་ས་དེ་ནས་མགོ་བཙུགས་ཏེ་ཊོ་རོན་ཊོ་བར་དུ་ཕེབས་རྒྱུ་ཡིན་པ་རེད།
གནས་ཚུལ་ཕྱོགས་སྒྲིག་པ་དགེ་འདུན་རབ་གསལ་ཡིན།
ཁ་ལས་ལག་པ་འགུལ་ནུས་པའི་ཤུལ་འཛིན་པ་གང་ན་སུ་ཡོད་པའི་བོད་ཀྱི་རིགས་ཞེན་གཙང་མ་ཡོད་མཁན་དག་ལ་སེམས་གཏིང་ནས་རྒྱབ་སྐྱོར་ཡོད།
གོམ་བགྲོད་གནང་བར་ཐུགས་རྗེ་ཆེ།
དྲ་གྲོགས་ཚང་མར་རེ་བ་ཞུ་རྒྱུ་ཞིག་ལ་ཉིན་རེར་ཐེང་རེ་ རྟགས་ཅན་གྱི་ཊོ་ཡོ་ཊ་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དེ་ཕྱི་ལོ་ ༢༠༡༠ ལོའི་རྒྱལ་ཡོངས་འཇེབ་འཁོར་འགྲན་ཞུགས་མཛེས་སྤྲོས་ཇུས་འགོད་འགྲན་བསྡུར་ཁྲོད་ཞུགས་པར་འོས་ཤོག་འཕེན་རོགས། གཅིག་ལཐ་མའི་དུས་ཚོད་བར་ཉིན་ལྔ་ལས་མི་འདུག མོ་ཊ་མི་འདྲ་བ་གཉིས་འདུག་ཁ་བྱང་གཤམ་ལ་ཡོད།
http://www.sponsafier.com/#/gallery/view/356094
http://www.sponsafier.com/#/gallery/view/364595
ཁ་བྱང་དེ་གཉིས་ཀར་ཉིན་རེར་ཐེང་རེ་འོས་ཤོག་འཕེན་རོགས།
དེ་ཡང་བོད་དོན་གལ་ཆེན་ཞིག་ཏུ་སེམས།
རྒྱལ་བསྟན་ལགས། རྩ་བའི་ཆ་ནས་བཟོ་གྲྭ་དེའི་ཚོང་དོན་དང༌། ཞོར་དུ་བོད་གཉིས་ཀ་ཁྱབ་བསྒྲགས་བྱེད་པའི་འོས་དམིགས་འདི་ཡག་པོ་འདུག དེས་ན་གོང་གི་དྲ་མིང་གཉིས་ལ་རྡེག་གནོན་བྱོས་ཞེས་བསྐུལ་བ་ཙམ་མ་ཡིན་པར་རིམ་གྱིས་དེའི་ནང་དུ་སོང་སྟེ་འོས་ཤོག་བླུག་ཚུལ་ཅུང་གསལ་བོ་ཞིག་འབྲི་ཐུབ་ན་ཡག་པོ་འདུག དྲ་རྒྱ་འདིའི་སྒང་གི་དྲ་གྲོགས་མང་པོ་ཞིག་ལ་དྲ་ཐོག་འདིར་བོད་ཡིག་རྒྱུན་སྤྱོད་ཀྱི་རྨང་གཞི་ཙམ་ལས། དབྱིན་ཡིག་གི་ཤེས་ཚད་མེད་མཁན་ཡང་མང་པོ་ཞིག་ཡོད་ཐག་ཆོད་ཡིན་རྒྱུ་རེད།
གུས་འདུད་དང་རྒྱབ་སྐྱོར། ཡི་རངས་བསྔགས་བརྗོད། གྲུབ་འབྲས་གང་ལེགས་སྨིན་པའི་སྨོན་ལམ་བཅས།
དགེ་འདུན་རབ་གསལ་ལགས།
འཇིགས་མེད་ནོར་བུའི་འཚར་ལོང་གི་བརྒྱུད་རིམ། ཤེས་ཡོན་དང་ལས་གནས་བཅས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།