འགར་མེ་ཕུང་།
དེ་རིང་ང་ཡང་བསྐྱར་ཕ་སྐད་འཚོལ་དུ་གྲོང་ཁྱེར་ལ་ཐོན་ཡོད། གནས་འདི་ན་རང་ཉིད་ཀྱི་རིགས་ཞེན་བོར་བའི་མི་ག་ཚོད་ཅིག་འདུག་གམ། འདི་ལྟར་རང་ཉིད་ལ་དྲི་བ་ཞིག་དང་དོག་གཞི་ཞིག་གིས་མི་སྣ་ཁ་ཤས་ལ་ལབ་གླེང་བྱེད་དུ་ཆས། ཁང་བརྩེགས་ཀྱི་རྔམ་ཁ་འཐུག་ཅིང་འབོལ་ལྡན་གྱི་འདུག་ཁྲི་མཐོ་བའི་གྲོང་ཁྱེར་གྱི་མགོ་པ་དེས་རང་མིང་གཞན་ཞིག་ཏུ་བསྒྱུར་ཅིང་རུས་མིང་གང་ཞིག་ལ་གཡུག་ཏེ་ཧ་ཅང་ཁེངས་སེམས་དང་སྤྱོད་ལྡན་གྱི་ཉམས་ཀྱིས་རང་གི་ཕ་ཡུལ་གྱི་སྐུ་མགྲོན་དག་འཐད་ལ་མི་འཐད་ངང་རྒྱ་སྐད་ཁོ་ནས་མདུན་དུ་བསུ་ཞིང་། འདུག་ཁོམ་ལ་མི་ཁོམ་པའི་ཚུལ་གྱིས་ཡུལ་མི་དེ་ཚོས་རྒྱ་སྐད་མི་གོ་བར་མགོ་བོ་བཞིན་དུ་ལེ་བདའ་དང་འཁང་ར་སྣ་ཚོགས་ཀྱིས་ཞོར་ཏུ་བཅུམ།
མགོ་པ་ཡ། ཁྱོད་རང་ནར་སོན་པའི་གོ་རིམ་ཁྲོད་ཀྱི་ཕ་སྐད་རྣལ་མ་དེ་གང་དུ་གཡུག ཁྱོད་རང་ལག་འཆག་སའི་ཁོར་ཡུག་གི་ཆུང་དུས་རྩེ་རོགས་ཚོ་གང་ནས་བརྗེད། གནས་མལ་གྱི་ཁང་བརྩེགས་དེ་སྦྲ་ནག་ལས་ཐུ་བ་བདེན་དུ་ཆུག་ལ། འདུག་སྟེགས་ཀྱི་འབོལ་ཁྲི་དེ་ཡར་ཀོ་ལས་བཟང་བ་བདེན་དུ་ཆུག་ཀྱང་ཁྱོད་ཀྱི་ད་ལྟའི་འཚོ་བའི་ཁྲོད་ན་སྐད་ཡིག་གི་རིན་ཐང་དེ་ཙམ་དམའ་འདུག་པ་ཅི་ཡིན། ད་ལྟའི་ཁྱོད་ཀྱི་དཔོན་ཉམས་ཀྱི་གཟི་བྱིན་འོག་ན་མི་རིགས་ཤིག་གི་ཆོ་ག་ཡེ་ནས་མེད་པ་གང་ལ་ཐུག་འདུག ཐ་ན་ཁྱོད་ཀྱི་དཔེ་སྒྲོམ་དུ་བཅུག་པའི་དེབ་དག་ལས་སྐད་ཡིག་གི་དེབ་གཅིག་ཀྱང་མཐོང་རྒྱུ་མེད་པ་བདེན་ནམ།
འདི་ལྟར་ཐོས་ཞིང་འདི་ལྟར་མཐོང་བཞིན་སྐྱོ་བའི་ངུ་ངག་གི་དབྱངས་རྟ་ཁོག་ལ་སྦས་ནས་གྲོང་ཁྱེར་ནས་ཕྱིར་མི་འབུད་ག་མེད་རེད། ཕྱིར་ལོག་ཁར་དབྱངས་ལ་མ་བརྒྱུས་པའི་གླུ་ཚིག་ཅིག་འདི་ལྟར།
ཕྱི་བརྗིད་ལྡན་ལྷ་ཡི་ཁང་བཟང་།།ནང་བཞུགས་ཁྲི་ནེམ་ནེམ་འདུག་སྟེགས།།
འགྲོ་གང་འདུག་གོང་ཆེན་རླངས་འཁོར།།སྐད་གང་བརྒྱབ་རྒྱ་སྐད་རྐྱང་རྐྱང་།།
ནང་བསམ་བློ་འགྱུར་བག་ཅན་པོ།།འདང་བརྒྱབ་ན་དཔོན་པོ་ཁྱོད་རེད།།
ཅེས་ཀྱང་ཐལ་ལོ།།
དེ་ནས་མུ་མཐུད་དུ་འདི་ལྟར་གྲོགས་མེད་ཁེར་རྐྱང་གིས་མདུན་དུ་སྤོས་ཚེ། ཕར་ཕྱོགས་ན་ཤེས་རིག་སྦྱོར་ཀློག་གི་དབྱངས་རྟ་མཁའ་ལ་མཆེད་ཅིང་ལང་ཚོའི་འཇོན་ཐང་གི་མེ་ཏོག་རྣམ་པར་བཞད་པའི་ས་ཆ་ག་གེ་མོ་ཞིག་གི་སློབ་གྲྭ་ཡི་སྒོ་གླེགས་མཐོང་བྱུང་། ད་ནི་ངོ་མ་ངའི་ཕ་སྐད་ཀྱི་གདངས་དབྱངས་སྙན་པོ་ཐོས་ཐུབ་ལ་ངའི་ཕ་སྐད་ཀྱི་རིན་ཐང་ངོ་མ་འཚོལ་ཐུབ་སྙམ་པའི་ངེས་ཤེས་ཡང་དག་ཅིག་གིས་བརྒྱུད་སྐུལ་ནས་གནས་དེ་རུ་མི་འགྲོ་ཐབས་མེད་བྱུང་སོང་། སྒོ་ཆེན་གྱི་གཡས་གཡོན་ན་ཡིག་རིགས་དུ་མའི་སྒོ་བྱང་གི་རྫིག་ཉམས་ལ་བལྟས་ན་ནང་ན་སྤྱོད་ཡོན་གཉིས་ལྡན་གྱི་དགེ་བཤེས་མང་པོ་དང་དེ་ལ་དམིགས་ཡུལ་གཅིག་ཏུ་བལྟ་མཁན་གྱི་གཤིས་བཟང་སློབ་བུའི་ཚོགས་ཀྱིས་མི་རིགས་ཤིག་གི་བླ་སྲོག་གི་སྙིང་བོ་བཟུང་ལོས་ཡོད་སྙམ་པའི་ཚུར་སྣང་ངོ་མ་ཞིག་སྐྱེས་ཡོང་།
སློབ་གྲྭའི་སྒོ་ཆེན་གྱི་འགྲམ་དུ་ཐོན་མ་ཐག་མིག་མདུན་དུ་མངོན་གསལ་དོད་པོར་འོང་བ་ནི་རྒྱ་ཡིག་གིས་ཁྱེད་རང་ཕེབས་པར་དགའ་བསུ་ཞུ་ཟེར་བའི་ཡིག་འབྲུ་རྡོག་རྡོག་འགའ་ལས་ཅི་ཡང་མེད་སོང་བ་རེད། ཡིན་ན་ཡང་། དེ་ཁོ་ནར་སྐྱོན་མི་འདུག་སྟེ། དེ་ནི་ཉིན་ཁ་ཤས་ཀྱི་སྔོན་དུ་གོང་རིམ་གྱི་མགོ་ཁྲིད་ལ་བསུ་བ་བྱེད་པའི་བརྡ་ཁྱབ་ཡིན་འདུག
དེ་ནས་ནང་སྐས་ཀྱི་རྡོ་གཅལ་རིམ་གྱིས་མནན་ནས་སློབ་གྲྭའི་ཁྲིད་སྟེགས་སུ་སླེབས་དུས་ངའི་ངོ་ཤེས་ཤིག་ཡིན་པ་འདྲ་བའི་གཟུགས་བརྙན་ཞིག་བརྒྱུད་འོང་བ་ནི་སྔོན་ཆད་ང་དང་ཀ་ཁ་སྦྱོར་བྱེད་མྱོང་བའི་སློབ་གྲོགས་བུ་མོ་ཞིག་རེད། སློབ་གྲོགས་དེས་ངོ་ཤེས་དང་མི་ཤེས་པའི་ཚོད་ཀྱིས་རྒྱ་སྐད་ཁོ་ནའི་ལམ་ནས་ང་ལ་གར་འགྲོ་དྲིས་བྱུང་། ངའི་ཆེས་ཐོག་མའི་ཁོར་ཡུག་དེར་བཅིངས་པའི་རེ་བའི་མེ་ཏོག་དེ་གློ་བུར་དྲག་ཆར་དེས་རྔམ་གྱིས་བཅོམ་སོང་ལ། ངའི་ཆེས་ཐོག་མའི་རེ་བ་ཡི་ཉི་གཞོན་དེ་གློ་བུར་གྱི་སྤྲིན་ནག་གིས་བཀབ་བྱུང་། གནས་དེ་ན་ང་ལ་མཁོ་བའི་ཕ་སྐད་ཀྱི་གཟི་འོད་མེད་པ་རྟོགས་སོང་ལ།གནས་དེ་ན་ང་ལ་ཕ་ཡིག་གི་རིན་ཐང་ཡེ་ནས་བརླག་ཡོད་པ་གཞི་ནས་ཤེས་སོང་། མགོ་བོ་སྒུར་ཏེ་ཧ་ཅང་སྐྱོ་ལ་སྡུག་པའི་ཉམས་ཀྱིས་ཕྱིར་ལོག་ཁར་ཡང་རོལ་དབྱངས་ཀྱི་རམ་འདེགས་མེད་པའི་གླུ་གཞས་ཤིག་བླངས་སོ།།
སྔོན་ཆད་ཕ་མེས་བཞག་པའི་ཤེས་རིག་ནོར།།ད་ལྟ་ཤོག་ལྷེ་བཞིན་དུ་གང་ལ་འཕུར།།
སྔོན་ཆད་ཕ་མེས་བརྒྱུད་པའི་སྐད་གཙང་མ།།ད་ལྟ་སླག་བཞིན་དུ་གང་དུ་གཡུག།
སྔོན་ཆད་ཀ་ཁའི་དབྱངས་རྟ་གྱེར་རོགས་དེས།།ད་ལྟ་ཕ་སྐད་རིན་ཆེན་གང་དུ་ཤོར།།
ཅེས་ཀྱང་ཐལ་ལོ།།
དེ་ནས་ཡང་མུ་མཐུད་དུ་སློབ་གྲྭའི་སྒོ་ཆེན་ལས་གོམ་པས་གཞལ་ཏེ་མི་ཚོགས་ཀྱི་འདུ་ལོང་འཁྲིགས་པའི་བར་གསེང་ལ་སོང་དུས། མི་ཚོགས་དེ་དག་གིས་ཀྱང་ང་ངོ་ཤེས་ཞིག་ཡིན་བརྗེད་ནས་འཚམས་འདྲི་ལ་ལོབས་པའི་སྐད་ཆ་ཡང་འདྲེས་སྐད་ལས་ཅི་ཡང་ཐོས་རྒྱུ་མ་བྱུང་། ཕ་སྐད་དེ་གང་དུ་ཡོད་དམ། ཕ་ཡིག་དེ་གང་ན་འདུག་གམ། རང་སེམས་ལ་འཁོར་བའི་དྲི་བ་འདིས་ད་དུང་ང་ལ་རྟག་ཏུ་བཅར། ངས་མི་ཚོགས་ཀྱི་བར་གསེང་ལས་མཐོང་བའི་བརྡ་ཁྱབ་དང་ཚོང་རྫས་ཀྱི་གསལ་བྱེད་ཡི་གེ་དེ་དག་དང་ཐ་ན་ལས་ཁུངས་དང་ཚོང་ཁང་དག་གི་སྒོ་བྱང་ལ་ངས་འཚོལ་བའི་ཕ་ཡིག་གི་རིན་ཐང་ཡེ་ནས་མི་འདུག
ཕ་ཡིག་ཨ། ཕ་སྐད། དོན་དམ་དུ་བླ་མ་དང་གྲྭ་བའི་ངག་ན་ཡོད་དམ། སློབ་གྲྭ་དང་སྤྱི་ཚོགས་ཁྲོད་ན་ཡོད་དམ། དགེ་རྒན་དང་སློབ་མའི་བརྒྱུད་ན་ཡོད་དམ། རྒྱ་གྲོང་དང་ཞིང་གྲོང་དག་ན་ཡོད་དམ། རང་ཁྱིམ་དང་ཁྱིམ་མཚེས་དག་ན་ཡོད་དམ། རྫི་བོ་དང་གླུ་བ་ཚོའི་ཁྲོད་ན་ཡོད་དམ། ང་ལ་ཡང་དག་པའི་ལན་ཞིག་འདེབས་པར་ཞུ།
ངའི་སྙིང་ཉེ་བའི་ཀློག་པ་པོ་ལགས། འཚོ་བའི་ཁྲོད་ཀྱི་ཕ་སྐད་ཀྱིས་གོ་གནས་ཅི་ཙམ་ཟིན་ཡོད། འཚོ་བའི་ཁྲོད་ཀྱི་ཕ་སྐད་ལ་རིན་ཐང་ཅི་ཙམ་ཡོད།
ཕ་སྐད་གང་དུ་ཡང་མེད་ལ་ཕ་ཡུལ་ན་ཡོད་།
ཕ་ཡུལ་དགྲ་ལ་ཤོར་བས་ཕ་སྐད་དགྲ་ཡི་འཕྲོག་་འདའ་།
ཕ་སྐད་ཤེས་འདོད་ཡོད་ན་ཕ་ཡུལ་ལེན་དགོས་།
ཕ་ཡུལ་མེད་པའི་ཕ་སྐད་གང་ན་ཡོད་།
ལུང་པ་མེད་པར་ས་ཆ་གང་ན་ཡོད་།
རྒྱལ་ཁབ་མེད་པར་རང་དབང་གང་ན་ཡོད་།
རང་དབང་དགོས་ན་རྒྱལ་ཁབ་དགོས་།
རྒྱལ་ཁབ་དགོས་ན་རང་བཙན་བརྩོད་།
རང་བཙན་དགོས་ན་ས་ཆའི་དག་དབང་བརྩོད་།
ཕ་སྐད་དགོས་ན་ཕ་ཡུལ་ལོག་།
ཕ་ཡུལ་ཡོད་ན་ཕ་སྐད་ཡོད་།