རི་སྤྱང་ཁེར་འགྲོ
འགྲོ་མིའི་མཆེད་ཁུངས་དེ། ཨ་ཧྥུ་རི་ཀ་ཁོ་ན་ལས་ཤར་གླིང་ཨེ་ཞི་ཡ་དང་ཡོ་རོབ་སོགས་ལ་རྩད་གཅོད་དང་ཚོད་དཔག་བྱེད་མཁན་མེད་པ་ནི་མིན་ཡང་། ༡༨༧༡་ལོར་པར་སྐྲུན་བགྱིས་པའི་༼མིའི་བྱུང་བ The Descent of man༽་ཞེས་པའི་གླེགས་བམ་ནང་། སྐྱེས་ཁམས་ཚན་རིག་པ་ཆེན་མོ་ཊར་ཝུན་གྱིས་ཨ་ཧྥུ་རི་ཀ་ནི་མིའི་མཆེད་ཁུངས་ཡིན་པ་ཚན་རིག་དང་མཐུན་པའི་ལུང་བསྟན་ཕེབས་པ་ལ་བརྟེན། དུས་རབས་གོང་མའི་སྟོད་ནས་མིའི་མེས་པོའི་གཏེར་རུས་ཨ་ཧྥུ་རི་ཀའི་ཤར་རྒྱུད་དུ་རྩད་གཅོད་བྱེད་མཁན་ཐོག་མིའི་གྲས་དང་། མིའི་འབྱུང་ཁུངས་སྨྲ་བའི་ཤིང་རྟ་ཆེན་པོ་ལོ་ཡི་སེ ལི་ཁེ་Louis Leakey་དང་ཁོའི་བཟའ་ཟླ་ མ་རེ ལི་ཁེ་Mary Leakey ཟུང་གིས། ཨ་ཧྥུ་རི་ཀའི་ཤར་རྒྱུད་ཀྱི་རྒྱལ་ཁོངས་ཁེན་ཡ་Kenyaདང་ཐན་ཛན་ནི་ཡའི་Tanzania ནང་ཡ་ཐོག་མིའི་གཏེར་རུས་འགྱུར་རྡོ་དང་ཤུལ་བཞག་རྩད་གཅོད་ཀྱི་སྒོ་ཕྱེ་ཞིང་། ཕྱིས་སུ་ཁོང་གི་བུ་རི་ཆར་སྒྲི ལི་ཁེ་དང་། ཨ་རི་བ་སྒྲ་ནོར འཇོ་ཧན་སན་Donald Johanson སོགས་མི་རྒྱུད་བྱུང་རབས་ཚན་རིག་པ་གཏེར་སྟོན་ཆེ་ཆེ་གྲགས་གྲགས་མང་བོ་ཞིག་འདས་པའི་བརྒྱ་ཕྲག་ཕྱེད་ལྷག་རིང་། ཨ་ཧྥུ་རི་ཀའི་ཤར་རྒྱུད་ཀྱི་ས་ཤུན་བརྡོལ་ཡུལ་ཐང་གཤོང་ཆེན་མོ་Great Rift Valley་ཁེབས་སའི་ཡུལ་ལུང་ཁག་ཏུ་ཕྱིན་ནས། ས་བསློགས། བྲག་བརྐོས། རྡོ་ཕྱེ་བཙགས། ས་སྒང་དང་ཐང་གཞོང་། ལུང་ཤུར་དང་། གྲོག་རོང་རེ་རེའི་ནང་ཕྱིན་ནས་གྲོ་མ་བརྐོ་བརྐོ་དང་། ཞིང་ཁ་ནས་སྙེ་མ་འཐུ་འཐུ་བྱས་ཏེ། ཡ་ཐོག་མིའི་རུས་ལྷག་འགྱུར་རྡོ་ཆག་དུམ་ཞིག་ཡན་ཆད་འཚོལ་སྒྲུག་བྱས་བའི་རྩོལ་བ་ལ་བརྟེན། ལོ་ཚད་ས་ཡ་༣་ནས་༥་ཡན་ཁུངས་འདེད་ཐུབ་པའི་ཡ་ཐོག་མིའི་རུས་པའི་འགྱུར་རྡོ་རྙིང་ཤོས་ཨ་ཧྥུ་རི་ཀར་རྙེད་པ། ལོ་ངོ་ས་ཡ་༢.༥ ཕྱེད་སྔོན་དུ་ཡ་ཐོག་མེས་པོས་བཟོ་བསྐྲུན་བྱས་པའི་རྡོ་ཆས་ལག་ཆ་རྙིང་ཤོས་ཀྱང་ཨ་ཧྥུ་རི་ཀར་རྙེད་པ། ལོ་ངོ་ས་ཡ་༢.༦ ་སྔོན་ཙམ་ལ་མེ་རིའི་ཞུན་ཐལ་སྟེང་བཞག་པའི་ཡ་ཐོག་མེས་པོའི་རྐང་རྗེས་རྙིང་ཤོས་ཀྱང་ཧྥུ་རི་ཀར་རྙེད་པ་དང་། དེ་རྣམས་ཀྱི་རྒྱབ་རྟེན་དུ། རིགས་རྒྱུད་རྫས་རྒྱུན་ཆེད་མཁས་ཚན་རིག་པས་དེང་རབས་མིའི་འགོ་ཁུངས་ཨ་ཧྥུ་རི་ཀར་ཁུངས་གཏུགས་པ་དང་། མིའི་རིགས་དང་ཁྲག་རྒྱུན་བར་ཐག་ཉེ་ཤོས་ཡིན་པའི་སྤྲ་རྒོད་མཆིམས་ཕན་ཛེ་ཡང་ཨ་ཧྥུ་རི་ཀར་ཁོ་ནར་གནས་འཆའ་བ་སོགས་ལ་བརྟེན། ཨ་ཧྥུ་རི་ཀ་མིའི་འབྱུང་ཁུངས་ཡིན་པའི་འདོད་ཚུལ་དེ་གྲགས་ཆེ་ཞིང་། བཤད་ཚུལ་དེའི་རྗེས་འཇུག་ཀྱང་མང་ཤོས་ཡིན་འདུག
ཡིན་ནའང་། ཨ་ཧྥུ་རི་ཀར་རྙེད་པའི་ལོ་ཚད་དང་མཉམ་པའི་རུས་པའི་འགྱུར་རྡོ་དང་། རྡོ་ཆས་ལག་ཆ། མེས་བོའི་རྐང་རྗེས་སོགས་མ་རྙེད་པའི་རྒྱུ་མཚན་གྱིས་ཡུལ་གཞན་དག་ནི་མིའི་འགོ་ཁུངས་མིན་པར་མི་འགྱུར་ཏེ། བོད་ཡུལ་ལྟ་བུར་མཚོན་ནའང། ཨ་ཧྥུ་རི་ཀར་སྤྲ་ཡི་རིགས་མི་ལ་འཕེལ་འགྱུར་གྱི་བར་བརྒལ་དུས་སྐབས་དེར། ཧི་མ་ལའི་ཡའི་མཐོ་ཚད་མཚོ་ངོས་ལས་མི་ཊར(meter)་༡༠༠༠་ཙམ་མ་གཏོགས་འཕགས་མེད་པས། རྒྱ་གར་རྒྱ་མཚོ་ནས་ལྡང་ཡོང་བའི་དྲོད་འཇམ་དང་ཆུ་ཟིལ་ཅན་གྱི་རླུང་བུ་བོད་ཀྱི་ལྷོ་ངོས་ནས་བྱང་ངོས་བར་རྒྱུ་ཞིང་། སྐབས་དེའི་བོད་ཡུལ་གྱི་ལོ་རེའི་ཆ་སྙོམ་གནམ་གཤིས་ཀྱི་དྲོད་ཚད་༡༠ºC(50ºF)་ལས་མཐོ་བ་དང་ལོ་རེའི་ཆ་སྙོམ་ཆར་བ་འབེབས་ཚད་མི་ལི་མི་ཊར་༢༠༠༠(mm)་ཡིན་པས་སའི་གོ་ལའི་དཀྱིལ་ཐིག་དང་ཐག་ཉེ་བའི་ཡུལ་ལུང་ཁག་གི་གནམ་གཤིས་དང་འདྲ་བ་དང་། ཧི་མ་ལ་རི་རྒྱུད་ཀྱི་ས་གཏེར་ནང་ཚ་བའི་ཡུལ་ལུང་དུ་སྐྱེས་པའི་རྩི་ཤིང་དང་འབྲུ་སྣའི་དཔང་རྟགས་རྙེད་པ། ད་སྔོན་ལོ་ངོ་ས་ཡ་༢་ནས་༥་བར་གྱི་ཚ་བའི་ཡུལ་ལུང་གི་སྲོགས་ཆགས་རི་རྟ་རྨིག་གསུམ་པའི་འགྱུར་རྡོའང་བོད་དུ་རྙེད་པ་སོགས་ལ་བརྟེན། རྒྱ་ནག་གི་མི་རྒྱུད་མཆེད་ཁུངས་སྨྲ་བ་ཚན་རིག་པའི་ཡབ་ཆེན་ཞིང་གཤེགས་ཅ་ལན་པོ་ཡིས། སྐབས་དེའི་བོད་ཡུལ་གྱི་གནམ་གཤིས་དང་ཁོར་ཡུག་ལ་སྤྲ་དང་སྤྲེའུ། མིིའི་འཕེལ་འགྱུར་གྱི་མཐུན་རྐྱེན་འཛོམས་བསྡད་ཡོད་པས་མཚོ་བོད་མཐོ་སྒང་དུ་མིའི་འགོ་ཁུངས་འཚོལ་ཞིབ་སྣང་ཆུང་བྱེད་མི་རུང་གསུངས་ཡོད། [༧]
༼བཀའ་ཆེམས་ཀ་ཁོལ་མ༽་ནང་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་འཚོ་སྡོད་ཀྱི་ཁོར་ཡུག་སྐོར་ལ། “ … … དེ་ནས་ཡང་བོད་ཡུལ་ཁ་བ་ཅན་དེའི་སྟོད་ཁམས་གསུམ་ན་གངས་རི་དང་། བྲག་རི་དང་། གཡའ་རིའི་ར་བ་ན་སེངྒེ་དང་ལྕེ་སྤྱང་ལ་སོགས་པའི་གཅན་གཟན་སྣ་ཚོགས་དང་། ཤ་རྒོ་སྙན་ལ་སོགས་པ་རི་དྭགས་སྣ་ཚོགས་གནས་པ། བར་ཁམས་གསུམ་ན་བྲག་དང་སྤང་དང་ནགས་ཀྱི་ར་བ་ན་བྲག་སྲིན་མོ་དང་སྤྲེའུ་དང་། དོམ་དྲེད་ལ་སོགས་པ་སེམས་ཅན་དུད་འགྲོ་སྣ་ཚོགས་པས་དབང་བྱས། སྨད་ཁམས་གསུམ་ན་ནགས་ཀྱི་ལྗོངས་དང་། མཚོ་དང་མཚེའུ་དང་ནེའུ་སིང་གི་ར་བ་ན་འདབ་ཆགས་ཀྱི་བྱ་སྣ་ཚོགས་དང་། གླང་པོ་ཆེ་དང་ཆུ་རྟ་ཆུ་གླང་ལ་སོགས་པ་དུད་འགྲོའི་རིགས་སུ་གྱུར་པ་སྣ་ཚོགས་པ་གནས་ཏེ། མིའི་འགྲོ་བ་ནི་གཅིག་ཀྱང་ཡེ་མེད…”ཅེས་སྐབས་དེའི་བོད་ཡུལ་གྱི་འབྱུང་ཁམས་ཁོར་ཡུག་ནི། སྨད་ཁམས་གསུམ་སྟེ་བོད་ཀྱི་ལྷོ་རྒྱུད་ནི་ནགས་ཚལ་དང་མཚོ་དང་མཚེའུས་ཁེངས་ཤིང་། འདབ་ཆགས་སྣ་ཚོགས་ཡོད་པར་མ་ཟད། སྲོགས་ཆགས་གླང་པོ་ཆེ་དང་།ཆུ་རྟ་ཆུ་གླང་ཡང་ཡོད་པས་གོ་ལའི་དཀྱིལ་ཐིག་དང་ཐག་ཉེ་བའི་ཚ་ཡུལ་གྱི་གནམ་གཤིས་དང་འདྲ་ལ། མིའི་འགྲོ་བ་ནི་གཅིག་ཀྱང་མེད་གསུངས་བས། སྐབས་དེར་བོད་ཡུལ་དུ་མིའི་རིགས་རྒྱུད་(Homo)་གཞི་ནས་འབྱུང་རྒྱུ་ཡིན་པ། བར་ཁམས་གསུམ་ན་བྲག་དང་སྤང་ནགས་ཀྱི་རྭ་བ་ན་བྲག་སྲིན་མོ་དང་སྤྲེའུ་དང་། དོམ་དྲེད་ལ་སོགས་པས་ཁེངས་ནས་ཡོད་པས་སྐབས་དེར་བོད་ཡུལ་དུ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་བཟའ་ཚོ་གཉིས་ཁོ་ན་མ་ཡིན་པར། སྤྲེའུ་དང་བྲག་སྲིན་མང་དུ་སྡོད་པ། དེ་རྣམས་ཀྱང་ནགས་ལྗོངས་ཀྱི་ཁོར་ཡུག་ནང་ཁེགས་སྡོད་པ་མ་ཡིན་པར། རི་བྲག་དང་སྤང་ནའང་འཚོ་སྡོད་དང་འགྲོ་བསྐྱོད་བྱེད་པ་ཡིན་པས། ཨ་ཧྥུ་རི་ཀར་སྤྲ་རྐང་གཉིས་འཕེལ་འགྱུར་གྱི་ཁོར་ཡུག་དང་ཡང་ཅུང་འདྲ་བ་མིན་ནམ་སྙམ། ༼མ་ཎི་བཀའ་འབུམ༽་དུའང་སྐབས་དེའི་ཁོར་ཡུག་གི་གནས་སྟངས་གོང་གི་དེ་དང་འདྲ་བ་ཞིག་གསུངས་ནས། དེ་མུར། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་ལ་ “བུ་དྲུག་བྱུང་སྟེ། ཕ་སྤྲེའུ་ཡིན་པས་ལུས་སྤུས་ཁེངས་བ། མ་བྲག་སྲིན་མོ་ཡིན་པས་མཇུག་མ་མེད་པ། ”་དང་། “དེ་རྣམས་ཀྱང་གདོང་དམར་བ་དང་ཤ་དང་ཁྲག་ལ་དགའ་བ། སྐྲ་ཡོད་པ་ལུས་ལ་སྤུ་ཡོད་པ་སྨྲ་ཤེས་པ་སྐྱེས་སོ།”་ཞེས་སྤྲེལ་སྲིན་རིགས་རྒྱུད་ཀྱི་གདུང་རྒྱུད་རང་མཚན་བ་ཞིག་ལོགས་སུ་ཆད་དེ། དེ་རྣམས་ཀྱང་སྤྲེའུ་དང་འདྲ་ཡང་། དམའ་རིམ་སྤྲེའུ་སྤྱིར་བཏང་བ་མཇུག་མ་ཅན་དག་མ་ཡིན་པ། ཁ་ཟས་ཀྱང་ཤིང་འབྲས་ཀྱི་རིགས་ཁོ་ན་བསྟེན་པ་མ་ཡིན་པར། སྲོག་ཆགས་ཀྱི་ཤ་ཁྲག་ལའང་སྤྱོད་ཀྱིན་པ། སྨྲ་ཡང་ཤེས་སོ་ཞེས་ཚད་མཐོའི་སྐད་ཆའི་བརྡ་སྤྲོད་ཐུབ་མིན་ཚོད་དཔག་བྱེད་དཀའ་ཡང་། ལུས་པོའི་ཡན་ལག་འགུལ་བསྐྱོད་དང་སྒྲ་སྤྱི་ཙམ་གྱི་བརྡ་ལམ་གཅིག་པུ་མ་ཡིན་པར། སྐད་ཆའི་བརྡ་སྤྲོད་ཀྱང་གང་མཚམས་དར་ཡོད་འདུག
དེ་ནས། ༼མ་ཎི་བཀའ་འབུམ༽་ནང་ “བུ་དེ་རྣམས་ཀྱང་མ་བྲག་སྲིན་མོ་དེས་ནམ་ལྟོགས་པ་ན་ཟར་འོང་བར་འདུག་ནས། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་ལྷོ་ཕྱོགས་ཀྱི་ནགས་རྨ་བྱ་ཚོགས་ཅན་བྱ་བ་ན་སྤྲེའུ་ཡོད་པའི་ཟླ་ལ་བསྐྱལ་ལོ། དེ་ནས་སྤྲེལ་མོ་དེ་རྣམས་དང་ཚོགས་པས། ཕས་ལོ་གཅིག་ལོན་ནས་ལྟར་ཕྱིན་ཙམ་ན་སྤྲེའུ་ཡང་མ་ཡིན། མི་ཡང་མ་ཡིན་པ་ལྔ་བརྒྱ་ཙམ་འཕེལ་ནས་འདུག་གོ།” ཞེས་སྤྲེལ་སྲིན་རིགས་རྒྱུད་ཀྱི་བུ་རྒྱུན་རྒྱ་ཆེར་འཕེལ་གྱིན་པ་དང་། སྤྲེའུ་ཡང་མ་ཡིན། མི་ཡང་མ་ཡིན་ཞེས་སྤྲ་དང་མིའི་ཁྱད་ཆོས་གཉིས་ལྡན་གྱི་དུས་སྐབས་ལ་སླེབས་ཡོད་པ་ཤེས།
༼མ་ཎི་བཀའ་འབུམ༽་གྱི་ལེའུ་དེའི་སྨད་དུ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་བརྟེན་རང་བྱུང་ཤིང་འབྲས་ཟད་ཅིང་ཉུང་དུ་ཕྱིན་རྐྱེན། གྲོ་དང་། སྲན་མ་དང་། སྲན་ཆུང་། སོ་བ་ལ་སོགས་ཁ་ཟས་གཞན་པའི་རིགས་འཚོལ་སྙེག་བྱས་པ་གསུངས་འདུག་ལ། ༼རྒྱལ་རབས་གསལ་བའི་མེ་ལོང༽་ན། “ … …དེ་ནས་སྤྲེའུ་ཕྲུག་དེ་རྣམས་ཀྱིས་ལོ་ཐོག་ཟོས་པས་ཚིམ་པར་གྱུར་ནས། སྤུ་ཡང་ཐུང་དུ་སོང་། མཇུག་མ་ཡང་ཐུང་དུ་སོང་སྟེ། སྨྲ་ཤེས་ནས་མིར་གྱུར་ཏོ། ། ཟས་སུ་མ་རྨོས་པའི་ལོ་ཐོག་ཟ་ཞིང་། གོས་སུ་ཤིང་ལོ་གོན་པར་གྱུར། དེ་ལྟར་བོད་ཁ་བ་ཅན་པའི་མི་འདི་རྣམས་ཕ་སྤྲེའུ་དང་། མ་བྲག་སྲིན་མོ་གཉིས་ལས་ཆད་པ་ཡིན་པས། རིགས་གཉིས་སུ་ཡོད་དོ། … … དེའི་དུས་དེར་རི་རྣམས་ནི་ཤིང་ནགས་སུ་སོང་། ཀླུང་ཐམས་ཅད་ནི་ཆུས་ཁེངས་ཡོད་པ། སྐོང་ཆུ་ལག་ཁ་ཕྱེ་ནས། ཆུ་ཐམས་ཅད་དེར་སོང་སྟེ། སྐོང་ཆུ་ལག་ཏུ་ཐིམ་མོ།། དེ་ནས་ཐང་ཐམས་ཅད་ལ་ཞིང་བྱས། གྲོང་ཁྱེར་མང་པོ་བརྩིགས། དེ་ནས་རིང་པོར་མ་ལོན་པར། རྗེ་གཉའ་ཁྲི་བཙན་པོ་བོད་ཀྱི་རྒྱལ་པོ་ལ་བྱོན་ནས། རྗེ་དང་འབངས་སུ་བཅོས་སྐད་དོ།།” ་ཞེས་གསུངས་འདུག
དེ་ལྟར། བོད་མིའི་ཕ་རྒྱུད་ཀྱི་ཆད་ཁུངས་ནི་སྤྲེའུ་རིགས་ཤིག་ཡིན་པ་ལ་དོགས་པ་མེད་ནའང་། མ་རྒྱུད་ཀྱི་ཆད་ཁུངས་བྲག་སྲིན་མོ་ལ་ཅུང་ཙམ་དཔྱད་དགོས་ཏེ། ༼མ་ཎི་བཀའ་འབུམ༽་གྱི་ཡིག་ཚང་དེར་ཞིབ་བལྟ་བྱེད་དུས། མ་བྲག་སྲིན་མོ་ནི་མི་ཤ་ཟ་ཞིང་མི་ཁྲག་འཐུང་མཁན་གྱི་སྲིན་མོ་དེ་འདྲ་ཞིག་མ་ཡིན་པར་སྤྲ་(Ape)་ཡི་རིགས་ཤིག་རེད་སྙམ་དེ། རྒྱུན་མཚན་ནི། བར་ཁམས་གསུམ་བྲག་དང་སྤང་ནགས་ཀྱི་རྭ་བ་ན་བྲག་སྲིན་མོ་དང་སྤྲེའུ་ཁོར་ཡུག་གཅིག་ནང་མཉམ་དུ་སྡོད་པ་དང་། བྲག་སྲིན་མོ་ནི་སྤྲ་དང་སྤྲ་མ་མི་སྤྱི་མཚུངས་ལྟར་རྔ་མ་དང་བྲལ་བ། མོ་རང་ཆགས་པས་ཀུན་ནས་འབར་བའི་དུས་སྤྲེའུ་ཞིག་གི་གམ་དུ་ཕྱིན་ནས་འདོམས་དང་ནུ་མ་བསྟན་ཏེ་ཆགས་པའི་བརྡ་བསྟན་པ། མཐར་སྤྲེའུ་དང་ལྷན་རིགས་རྒྱུད་སྤེལ་བ། གལ་སྲིད་ཁྲག་སྐོམ་འཐུང་དང་ཤ་ཁམ་ཟས་བྱེད་མཁན་གྱི་སྲིན་མོ་ཞིག་ཡིན་ཚེ། ཆགས་པས་ཀུན་ནས་འབར་དུས་སྲིན་པོ་ཞིག་གི་སར་འཁྲིག་སྲེད་བསྟེན་དུ་འགྲོ་བ་ལས། རང་དང་རིགས་མི་མཐུན་ཞིང་། ཁ་ཟས་ལ་ཤིན་ཏུ་རུང་བའི་སྤྲེའུ་ཞིག་གི་སར་འདོད་པ་འཚོལ་དུ་ཡོང་མི་ངེས་པ་དང་། བར་ཁམས་གསུམ་བྲག་དང་སྤང་གི་རྭ་བ་རུ་སྤྲེའུ་དང་ཤ་གཟན་སྲིན་མོའི་རིགས་ལྷན་དུ་སྡོད་ཐབས་ཀྱང་མི་ཡོང་བ་ཡིན། གལ་སྲིད་སྤྲེའུ་དང་ལྷན་སྡོད་པ་ཡིན་ཡང་། བར་ཁམས་གསུམ་གྱི་སྤྲེའུ་རྣམས་སྔར་ནས་ཟོས་ཚར་བ་ཡིན།
བྲག་སྲིན་མོ་ཤ་ཁྲག་ལ་བསྟེན་མཁན་ཡིན་པས་སྤྲ་ཡི་རིགས་སུ་མི་འདོད་ཟེར་ན། ད་ཡོད་ཨ་ཧྥུ་རི་ཀའི་སྤྲ་རྒོད་མཆིམས་ཕན་ཛེ་ཡིས་ཀྱང་སྲོག་ཆགས་གཞན་བསད་ནས་ཤ་ཟ་གྱིན་ཡོད་འདུག་ལ།མཚམས་མཚམས་ལ་རང་དང་རིགས་རྒྱུད་གཅིག་པའང་དམར་གསོད་བྱས་ཏེ་ཟ་གྱིན་ཡོད་འདུག དེ་མ་ཟད། ཨ་ཧྥུ་རི་ཀའི་ཡུལ་དུ་བྱུང་མྱོང་བའི་སྤྲ་རྐང་གཉིས་དེ་རྣམས་ཀྱང་ཤིང་འབྲས་སྤྱོད་མཁན་ཤ་སྟག་མ་ཡིན་པར་དམར་ཟས་བསྟེན་མཁན་ཀྱང་ཡིན་འདུག མི་རྒྱུད་མཆེད་ཁུངས་སྨྲ་བ་ཚན་རིག་པས། སྤྲ་རྐང་གཉིས་མི་ལ་འགྱུར་བའི་རྒྱུ་རྐྱེན་མེད་དུ་མི་རུང་བ་ཞིག་ནི་དམར་ཟས་ཡིན་པ་དང་།ཁ་ཟས་ཀྱི་རྒྱ་ཁྱོན་དེ་ཤིང་འབྲས་དང་སྔོ་ལྡུམ་ལས་བརྒལ་ཏེ། སྲོགས་ཆགས་ཀྱི་ཤ་དང་ཁྲག རྐང་ལ་སོགས་པ་དམར་ཟས་སྤྱད་པ་ལས། སྤྲ་རྐང་གཉིས་པའི་ཀླད་པའི་བོངས་ཚད་ཆེ་རུ་ཕྱིན་ནས་རིགས་པ་འདིང་བ་དང་ལག་ཆ་བཟོ་སྐྲུན་སོགས་མིའི་ཡོན་ཏན་གྱི་ཆ་མང་དུ་འཕེལ་ནས། མཐར་མིའི་ཆུ་ཚད་ལ་སླེབས་པར་བཤད་པས། བྲག་སྲིན་མོ་དང་ཁོ་མོའི་རིགས་རྒྱུད་ཀྱང་ཤ་ཁྲག་ལ་སྤྱོད་མཁན་ཡང་ཡིན་པས། གཅིག་བྱས་ན། ཀླད་པའི་ཆུ་ཚད་ཅུང་མཐོ་བར་སླེབས་པའི་སྤྲ་རྐང་གཉིས་(Bipedal Ape)་ཀྱི་རིགས་ཤིག་ཀྱང་མིན་ནམ་སྙམ། བྲག་སྲིན་མོ་དང་ཁོ་མོའི་རིགས་རྒྱུད་ལ་སྲིན་མོའི་མིང་ཐོགས་དོན་ཡང་དམར་ཟས་ཤུགས་ཆེར་སྤྱོད་པ་དེས་རེད་སྙམ།
དེང་སྐབས་དབྱིན་ཡིག་གི་འགྱུར་ནང་བྲག་སྲིན་མོ་ལ་Ogress་[༨]དང་Rock Demoness་[༩]ཞེས་ཡིག་འབྲུ་ངོ་གདོང་ཐད་བསྒྱུར་དང་། དེ་ལ་དོགས་འདྲི་བྱེད་མཁན་ཡང་ཡོད་ཚོད་མི་འདུག་ལ། ང་ཆེ་ང་བཙན་ཟེར་མཁན་གྱི་བོད་རིག་མཁས་པ་ཚོས་ཀྱང་དེ་ལ་འགྲིག་རྟགས་ཆེན་པོ་རེ་བརྒྱབ་ཡོད་པས། ང་ལྟ་བུས་དོགས་སློང་བྱས་ཀྱང་ར་མ་འཕག་ནས་ར་ཁང་མི་བཤིག ཙི་གུ་འཕག་ནས་རྫ་མ་མི་ཆག་གི་ཟླ་ལ་ཕྱིན་འདུག
༼མ་ཎི་བཀའ་འབུམ༽་ནང་གི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་ལོ་རྒྱུས་ཡིག་ཚགས་དེའི་རྒྱབ་ལྗོངས་དང་། ངོ་གདོང་ལ་འབྲུ་འདེད་བྱས་ནས་ཕྱིན་ཚེ། ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོའི་ལོ་ཚད་སྐོར་ལ་ཐུགས་མཉམ་མ་བཞག་པའི་སྐྱོན་ཡང་ཡོད་པ་དཔེར་ན། རྒྱ་གར་དུ་མི་བྱུང་ཚར་བས་མ་ཟད། གྲོང་དང་གྲོང་ཁྱེར་བརྩིགས། རྒྱལ་བོ་སྲས་གཙང་གི་སྲས་སི་ངྷར་ཐྰ་ཟེར་བ་ཞིག་གིས་མིའི་སློབ་དཔོན་མང་པོའི་དྲུང་ནས་གདམས་པ་གསན། སྒྲུབ་པ་བྱས། འཚངས་རྒྱས། རྒྱ་གར་བ་ཚོར་ཆོས་འཁོར་བསྐོར། མཐར་ཁོང་མྱ་ངན་ལས་འདའ་ཁ་མར་ད་དུང་བོད་ཡུལ་དུ་དུད་འགྲོ་ལས་མི་མེད། དེ་ནས་དུས་ཡུན་ཧ་ཅང་ཐུང་བ་ཞིག་ནང་བོད་མི་བྱུང་བ་ལྟ་བུ་རེད་མོད། ངག་རྒྱུན་དེའི་ངོར་དཀྲིས་པའི་སྒྲིབ་ཡོལ་སྲབ་མོ་རེ་རེ་དཀྲོལ་ཤུལ་དུ། ལོ་ངོ་ས་ཡའི་གོང་དུ་རིགས་འདེད་ཐུབ་ཅིང་། ཨ་ཧྥུ་རི་ཀ་ནས་སྤྲ་ལས་མི་བྱུང་བའི་རྣམ་བཤད་དང་འདྲ་བའི་བོད་པའི་མི་རྒྱུད་མཆེད་ཁུངས་ཀྱི་ལོ་རྒྱུས་འོད་འཚེར་འཚེར་གྱི་མུ་ཏིག་རྡོག་པོ་རེ་བོད་ཡིག་གི་དཔེ་ཆ་རྙིང་དེ་དག་ནང་སྦས་སྐུང་བྱས་ནས་འདུག
གཅིག་བྱས་ན། བོད་ཡུལ་གྱི་ལྷ་སྲུང་གཉན་པོ་དག་གིས་བསྐལ་བ་ནས་བསྐལ་བའི་བར་སྲུང་བའི་བོད་གངས་ཅན་གྱི་རི་བྲག་གི་ཁོག་པ་དང་། གངས་རི་ཡི་གཏིང་། མཚོ་དང་མཚེའུའི་ཞབས། ས་ཡི་རྟིང་རིམ་ཞོལ་མ་ན་ལོ་ཚད་འབུམ་ཕྲག་ནས་འབུམ་ཕྲག་བརྒལ་བའི་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་མོ་དང་། ཁོང་ཚོའི་བུ་རབས་ཚ་རྒྱུད་ཀྱི་ཀེང་རུས་དང་ཀ་ལིའི་འགྱུར་རྡོ་དང་། རྡོ་ཆས་སམ་ཡང་ན་བོད་ཡུལ་གཅིག་པུ་ན་མ་གཏོགས་མེད་པའི་རང་བྱུང་རྒྱུ་ཆ་གཞན་གྱིས་བཟོས་པའི་ལག་ཆ་དང་ཡོ་སྤྱད་སོགས་བསྔོགས་འདོན་བྱ་རྒྱུར་ངང་སྒུག་བྱེད་ཡོད་སྲིད།།
གཅིག་བྱས་ན། ཉིན་མ་ཞིག ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་མོའི་ཀེང་རུས་འགྱུར་རྡོ་ས་ཁར་བུད་ནས་ང་ཚོའི་དཔེ་རྙིང་ཁྲོད་ཀྱི་མུ་ཏིག་རྡོག་པོ་དེ་དག་ལ་སྔར་ན་མེད་པའི་གཟི་བརྗིད་དང་འོད་སྣང་ཞིག་སྤྲོད་སྲིད།
གཅིག་བྱས་ན། བོད་པའི་རི་སྒང་གི་ལུག་རྫི་དང་། ས་ཞིང་འཕྲུ་སློག་བྱེད་མཁན་གྱི་ཞིང་བ། ལམ་བཟོ་བ་དང་གཏེར་ཁ་བསྔོགས་མཁན། རི་མགོ་ན་དབྱར་རྩྭ་དགུན་འབུ་བརྐོ་མཁན་དེ་འདྲས་དུས་རླུང་དྲག་པོས་ས་ཤུན་བཀོག་ཤུལ་དང་། ཁང་ས་དང་ཞིང་ས་སློག་ཤུལ། དྲག་ཆར་གྱི་ལུང་ཤུར་གཤགས་ཤུལ། རི་གཏེར་གྱི་ལྟོ་བ་དབྲལ་ཤུལ། ས་གས་རི་ཉིལ་བྱུང་ཡུལ་སོགས་སུ་མེས་པོའི་འགྱུར་རྡོ་དེ་འདྲར་ཁ་ཐུག་བརྒྱབ་ཡོད་ཀྱང་སྲིད་ལ། དེ་ལ་ས་རྡོའི་ཚོར་སྣང་ལས་གང་ཡང་བྱུང་མེད་ཀྱང་སྲིད། དེ་ནི་ཁོང་ཚོ་ལ་འགྱུར་རྡོ་ངོས་འཛིན་གྱི་ཤེས་རྒྱ་མེད་པས་མ་ཡིན་པར། གཏེར་རུས་དེ་དག་ས་རྡོ་དང་ཧ་ཅང་འདྲ་བ་ཡིན་པ་དང། རྡོ་ལྟར་མཁྲེགས་ཤིང་ས་རྡོའི་ཁ་དོག་ཅན་གྱི་འགྱུར་རྡོ་དེ་དག་ས་རྡོ་ལས་ལྷག་ཅིག་ཁོང་ཚོའི་འཚོ་ལས་དང་འབྲེལ་བ་མེད་པས་ཀྱང་ཡིན།
གཅིག་བྱས་ན། བོད་ཀྱི་ས་གཤིས་ལ་ཨ་ཧྥུ་རི་ཀའི་ས་ཤུན་བརྡོལ་ཡུལ་ཐང་གཤོང་ཆེན་མོ་ལྟར་ཏུ་མེ་རིའི་ཐལ་བ་གདན་ལ་གདིང་དེ་གཏེར་རུས་སྲུང་སྐྱོབ་དང་གསོག་ཉར་གྱི་མཐུན་རྐྱེན་ལྡན་མེད་པས། རང་ཅག་ཡ་ཐོག་མེས་པོའི་རུས་པའི་ལྷག་མ་གདོད་ནས་འབྱུང་ཁམས་ཀྱི་དབྱིངས་རིམ་ལ་འཐིམས་ཚར་ཡོད་ཀྱང་སྲིད།
གང་ལྟར་ཡང་། སྐུ་ཞབས་ཊར་ཝུན་གྱི་འཕེལ་འགྱུར་སྨྲ་བ་དང་འབྱུང་བའི་འདོར་ལེན་གྱི་རིག་པ་བོད་ལ་དར་བ་ནས་བཟུང་། རང་ཅག་བོད་པ་ཚོས་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་མ་བྲག་སྲིན་གྱི་ངག་རྒྱུན་ལོ་རྒྱུས་ལ་ནུབ་གླིང་བའི་སྲོག་ཆགས་འཕེལ་འགྱུར་སྨྲ་བའི་རིག་པའི་ལམ་ནས་བསྐྱར་ཞིབ་དང་རྩོམ་འབྲི་བྱེད་པའི་འགོ་ཚུགས་ཤིང་། ཕྱི་རྒྱལ་མཁས་བའི་ཁྲོད་དུ་གདེང་འཇོག་ཡོང་བ་ལ་རེ་བ་བྱེད་ཀྱིན་ཡོད་ལ། དེར་མ་འགྲིག་པ་གང་ཡང་མེད་ཀྱང་། ཕྱི་གླིང་བའི་ཁྲོད་ཟུར་ཟའི་རྣམ་འགྱུར་འཛིན་མཁན་ཡང་རེ་ཟུང་ཡོད་ཡོད་འདྲ་སྟེ། ཨ་རི་ཞི་ཁ་དགོ་གཙུག་ལག་སློབ་གྲྭ་ཆེན་མོའི་བོད་ཀྱི་ཆོས་རིག་ཉམས་ཞིབ་པ་ མ་ཐེའོ ཁེབས་ཕི་སི་ཊིན་Matthew T. Kapstein་ གྱིས་༼བོད་པ་ཚོ༽་ཞེས་པའི་ལོ་རྒྱུས་དཔེ་དེབ་ནང་ “དེང་རབས་བོད་པ་རྩོམ་འབྲི་བས་སྐབས་རེར་(བོད་མི)་སྤྲེལ་ལས་བྱུང་ཚུལ་དེར་འཇུས་ནས་གནའ་སྒྲུང་དེ་ཏར་ཝུན་རང་ལུགས་ལ་ཁ་གཅུས་དང་། བོད་མི་བསམ་བློ་བ་ནི་དུས་རབས་ཀྱི་སྔོན་དུ་བསྐྱོད་ཟིན་པ་ལབ་ཀྱིན་ཡོད།”[༡༠]ཅེས་གསུངས་འདུག་ལ། ཕྲན་ཀྱིས་ཉེ་སྔོན་ཁ་བརྡ་དྲ་རྒྱ་སྟེང་སྤེལ་ཟིན་རྩོམ་ཡིག་ཅིག་ནང་། བོད་མི་སྤྲེལ་སྲིན་ལས་མཆེད་པའི་ཡིག་ཐོ་ནི་ཊར་ཝུན་གྱི་༡༨༧༡་ལོར་མཛད་པའི་དེབ་སྐད་གྲགས་ཅན་༼མིའི་བྱུང་བ༽་དང་ཁོའི་ལྟ་གྲུབ་སྐྱོང་མཁན་སྐུ་ཞབས་ཧ་སི་ལེ་ཡིས་༡༨༦༣་ལོར་མཛད་པའི་མིའི་རིགས་ཀྱི་ཡ་ཐོག་མེས་པོ་དང་སྤྲ་ཡི་རིགས་གཉིས་རིགས་རྒྱུད་ཁྱིམ་ཚང་གཅིག་ལས་མཆེད་པར་བརྗོད་པའི་བརྩམས་ཆོས་གྲགས་ཅན་༼རང་བྱུང་འབྱུང་ཁམས་ཁྲོད་མིའི་གོ་གནས༽་གཉིས་ལས་ལོ་ངོ་སྟོང་ཕྲག་ཙམ་གྱི་སྔ་ཞིང་། གལ་སྲིད་བོད་པའི་ཡིག་ཐོ་འདི་འདྲ་གནའ་བོའི་གྷི་རིག་དང་ལ་ཏིན་གྱི་ཡིག་ཚང་ནང་རྙེད་པ་ཡིན་ན། ཁོང་ཚོས་ཧབ་འཐོབ་རྒྱག་བཞིན་བརྩམས་ཆོས་དེ་དག་ནང་ལུང་འདྲེན་བྱེད་ངེས་རེད་ཅེས་ལབ་ཡོད་ལ། དེ་དོན་ནི། བོད་པ་དུས་རབས་ཀྱི་སྔོན་དུ་བསྐྱོད་ཟིན་པ་དང་། བོད་པ་ནི་ཊར་ཝུན་དང་ཧ་སི་ལེ་ནང་བཞིན་ཚན་རིག་ལ་མཁས་པ་ཡིན་ཞེས་བཤད་ཀྱིན་མེད་པར། ས་སྒང་རིལ་བོ་འདིའི་སྟེང་དམག་ཤུགས་དང་མཚོན་ཆའི་དཔུང་ངར་ངོམ་སྟངས་གཅིག་པུ་མ་ཡིན་པར། རིག་གནས་ཀྱི་ཁ་སྟབས་བཙན་གཉོམ་ཡང་དེ་འབྲེལ་རེད་ཟེར་གྱིན་ཡོད། ༼རི་སྤྱང་ཁེར་འགྲོ་རུ་འབོད་པ་ནས་༢༠༡༡་ལོའི་ཕྱི་ཟླ་༡་ནང་རྫོགས་པར་སྦྱར་བ་དགེའོ།།༽
མཆན་བུ།
[༡] ༼མ་ཎི་བཀའ་འབུམ༽ Trayang and Jamyang Samten, Reproduced from a print from no longer extant Spuns-than (Punakha) blocks, New Delhi 1975
[༢] ༼བཀའ་ཆེམས་ཀ་ཁོལ་མ༽ མགོ་བཙེམས། ཇོ་བོ་རྗེ་ཨ་ཊི་ཤས་གཏེར་ནས་བཏོན། སྨོན་ལམ་རྒྱ་མཚོས་ཞུ་དག་བྱས། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༩་ལོའི་ཕྱི་ཟླ་༩་བ།
[༣] ༼རྒྱལ་རབས་གསལ་བའི་མེ་ལོང་། ༽ མགོ་བཙེམས། མཛད་པ་པོ་ས་སྐྱ་བསོད་ནམས་རྒྱལ་མཚན། པེ་ཅིན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༡་ལོའི་ཕྱི་ཟླ་༥་བ།
[༤] ཨ་ཧྥུ་རི་ཀའི་ཤར་རྒྱུད་དུ་སྤྲ་མི་ལ་འཕེལ་འགྱུར་སྔ་ནུབ་དུས་ཀྱི་འབྱུང་ཁམས་ཀྱི་གནས་སྟངས་དང་སྤྲ་རྐང་གཉིས་བྱུང་ཚུལ་ཐད་འདོད་ཚུལ་མ་འདྲ་བ་ཁ་ཤས་ཡོད་པའི་ཁྲོད་ཅུང་དར་ཆེ་བ་ནི། ལོ་ངོ་ས་ཡ་༡༥ སྔོན་གྱི་ཨ་ཧྥུ་རི་ཀ་ནི་ནུབ་ནས་ཤར་དུ་ཡུག་གཅིག་ཏུ་ནགས་ཚལ་གྱིས་ཁེབས་ཤིང་།དེར་སྤྲ་དང་སྤྲེིའུ་རིགས་སྣ་མང་དང་མཐོ་རིམ་སྲོག་ཆགས་སྣ་ཚོགས་ཀྱི་ཁྱིམ་གཞི་བྱས་ཡོད་པ། དེ་ཕྱིས་ཀྱི་ལོ་ངོ་ས་ཡ་ཁ་ཤས་ནང་འབྱུང་ཁམས་ལ་བརྡབ་གསིག་ཆེན་པོ་ཐེབས་ནས་ཡུལ་དེའི་སྣོད་བཅུད་གཉིས་ཀར་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་དེ ། དེ་ནི། ཨ་ཧྥུ་རི་ཀའི་སྐམ་གླིང་གི་ཤར་རྒྱུད་དུ་བྱང་གི་ཨ་རབ་ཀྱི་མཚོ་དམར་པོ་ནས་ཐུར་དུ་ཨི་ཐོ་ཕི་ཡ་དང་། ཁན་ཡ། ཐའན་ཛི་ནི་ཡ་དང་ལྷོ་ཨ་ཧྥུ་རི་ཀ་ལ་ཐུག་གི་བར་ས་གས་ཆེན་པོ་ཞིག་བྱུང་ནས། ཨི་ཐོ་ཕི་ཡ་དང་ཁན་ཡ་ནང་མཐོ་ཚད་ཕི་ཊི་༩༠༠༠་ཙམ་གྱི་མཐོ་སྒང་འབུར་ཐོན་བྱུང་ཞིང་། དེས། ཤིང་ནགས་སྐྱེ་འཕེལ་ལ་མེད་དུ་མི་རུང་བའི་ནུབ་ཀྱི་རྒྱ་མཚོ་ནས་ཤར་ལ་རྒྱུ་བའི་ཆུ་ཟིལ་ཅན་གྱི་རླུང་ཁམས་ཀྱི་འགྲོས་ལ་འགོག་རྐྱེན་བྱས་བས། གདན་འདིང་བ་ལྟར་ཡོད་པའི་ཤར་རྒྱུད་ཀྱི་ནགས་ཚལ་འགྲིབ་ནས་ཁ་འཐོར་དུ་ཕྱིན། དེ་མུར། ས་གས་བྱུང་ཡུལ་ནང་ས་ཁམས་རྟེན་གཞི་བྱེད་སའི་ས་རྟིང་གི་རྡོ་ལེབ་ཆེན་མོ་མུ་མཐུད་འགུལ་བསྐྱོད་བྱས་འབྲས་སུ་། ལོ་ངོ་ས་ཡ་༡༢་སྔོན་ཙམ་དུ། བྱང་ནས་ལྷོ་བར་Great Rift Valley་ཞེས་བའི་ཐང་གཤོང་ཆེན་མོ་ཐུར་དུ་རིང་བ་དེ་རིམ་གྱིས་ཆགས་ནས། ཡུལ་དེ་དག་ནང་སྒང་མཐོན་པོ་དང་ཐང་དམའ་མོ། ལ་མཐོན་པོ་བྲག་གཟར་མོ། ཤིང་ནགས་ཐར་ཐོར་གྱི་མཐོ་སྒང་དང་རྩྭ་ཡིས་ཁེབས་པའི་ཐང་སྟོང་དང་། ཡུལ་ལྗོངས་མ་འདྲ་བ་དེ་དག་ནང་གི་གནམ་གཤིས་ཀྱང་ཆ་མི་སྙོམ་པར་གྱུར་ནས། ཨ་ཧྥུ་རི་ཀའི་ཤར་རྒྱུད་ཀྱི་འབྱུང་ཁམས་ཁོར་ཡུག་དེ་སྔོན་ལྟར་ཤིང་ནགས་གིས་ཁེངས་བའི་ཁོར་ཡུག་དང་གནམ་གཤིས་སྣ་གཅིག་ཅན་མ་ཡིན་པར། སྣ་མང་རྙོག་འཛིང་ཅན་དང་འཁྲུག་ཆ་དོད་པོ་ཅན་གྲུབ་པ་ནི་ཡུལ་ལུང་དེ་དག་ནང་གདོད་ནས་འཚོ་བའི་སྤྲ་ཡི་ཁོར་ཡུག་ལ་བརྡབ་གསིག་དང་འགྱུར་ལྡོག་ཆེན་པོ་ཞིག་ཡིན་པས། ཁོར་ཡུག་གི་འགྱུར་ལྡོག་ཆེན་པོ་དེ་ནང་མུ་མཐུད་གསོན་པ་ལ་མེད་དུ་མི་རུང་བ་ནི་ཁ་ཟས་འདང་ངེས་ཤིག་ཐོབ་ཏེ་ཚེ་སྲོག་སྲུང་སྐྱོབ་དང་རིགས་རྒྱུད་ཕྱི་མ་རྒྱུན་མ་ཆད་པར་བྱ་རྒྱུ་དེ་ཡིན་པས། དེ་སྔོན་ལྟར་རྩོལ་མེད་ཤིང་འབྲས་ཀྱི་ཁ་ཟས་འབེལ་འབེལ་ལྷུག་ལྷུག་ཡིན་པའི་ཤིང་ནགས་ཁོ་ནའི་ཁྲོད་ལྷོད་གཡེང་ངང་སྡོད་པ་མ་ཡིན་པར། ད་ནི། ལ་དང་ལུང་བ། རི་སྒང་དང་ཐང་གཞོང་མང་པོ་བརྒལ་ནས། རྒྱང་ཐག་རིང་བའི་སར་ཁ་ཐོར་ཏུ་ཕྱིན་པའི་ཤིང་ནགས་གཅིག་ནས་གཅིག་ལ་ཕྱིན་ཏེ་ཁ་ཟས་འཚོལ་དགོས་པ་དང་། དེ་འདྲའི་ཁོར་ཡུག་ཅིག་ནང་སུག་བཞི་སྟེང་གོག་བགྲོད་ལས་སུག་གཉིས་སྟེང་འགྲོ་བསྐྱོད་བྱེད་པ་དེ་རང་བཞིན་གྱིས་དཀའ་ཚེགས་ཆུང་བ་དང་སྟབས་བདེ་བ་ཡིན་འདུག་པས། རིམ་གྱིས་རྐང་བ་གཉིས་སྟེང་འགྲོ་བསྐྱོད་བྱེད་ཐུབ་མཁན་གྱི་སྤྲ་རྐང་གཉིས་བའི་རིགས་འཕེལ་འགྱུར་བྱུང་བར་བཤད། (ཞིབ་རྒྱས་ Richard Leakey ་ཡིས་མཛད་པའི་ ༼མིའི་རིགས་ཀྱི་མཆེད་ཁུངས་The Origin of Humankind༽་ནང་གཟིགས་འཚལ། )
[༥] ས་ཁམས་རིག་པ་བ་དང་གནའ་རྫས་ཚན་རིག་པས་Potassium-argon dating ་ཞེས་པའི་ཐབས་ལམ་སྤྱད་དེ་ལོ་ངོ་ས་ཡ་མང་པོ་ཕྱིན་པའི་འགྱུར་རྡོའི་ལོ་ཚད་གཞལ་ཐུབ་ཀྱིན་ཡོད་འདུག། འགྱུར་རྡོ་རྙེད་སའི་གནས་དེ་གའི་མེ་རིའི་ཞུན་རྡོ་ནང་Potassium-40 ་ཞེས་པའི་ལྕགས་་རྡུལ་གྱི་རིགས་ཤིག་ཡོད་པ་དུས་ཡུན་ངེས་ཅན་ནང་འཐོར་ཞིག་འགྲོ་བའི་དུས། རླངས་རྫས་ Argon-40་ཞེས་པ་ཞིག་ཐོན་བསྐྱེད་བྱེད་ཀྱིན་ཡོད་འདུག་ལ། རླངས་རྫས་Argon-40་ཡི་རྡུལ་ཕྲན་ཨེ་ཊམ་གྱི་ཁ་གྲངས་རྩིས་གཞི་བྱས་ཏེ་མེ་རིའི་ཞུན་རྡོའི་་ལོ་ཚད་གཞལ་གྱིན་ཡོད་འདུག ། རླངས་རྫས་Argon-40་གྱི་རྡུལ་ཕྲན་ཨེ་ཊམ་གྱི་ཁ་གྲངས་ཇི་ལྟར་མང་ན། ཞུན་རྡོའི་ལོ་ཚད་དེ་ལྟར་རྙིང་བ་དང་། ཞུན་རྡོའི་ལོ་ཚད་གང་ཡིན་པ་དེ་ དེར་རྙེད་འགྱུར་རྡོའི་ལོ་ཚད་ཀྱང་ཡིན་འདུག ལོ་ཚད་ས་ཡ་ཁ་ཤས་ཅན་གྱི་འགྱུར་རྡོ་ཞིག་ལ་ཆ་བཞག་ན། ལོ་ཚད་བཞི་ཁྲི་ནས་ཉིས་འབུམ་ལྔ་ཁྲིའི་ཧེ་བག་ཡོང་བའི་ཚོད་དཔག་བྱེད་ཆོག་འདུག དེ་དོན་ནི། མ་བྲག་སྲིན་མོའི་མགོ་སྐོགས་ཀྱི་འགྱུར་རྡོ་ཞིག་རྙེད་པ་ཡིན་ན། དེར་ཡོད་མེ་རི་ཞུན་རྡོ་ནང་གི་རླངས་རྫས་ Argon-40་ཡི་རྡུལ་ཕྲན་ཨེ་ཊམ་རྩིས་གཞི་བྱས་ཏེ་ཁོ་མོའི་མགོ་སྐོགས་ཀྱི་འགྱུར་རྡོའི་་ལོ་ཚད་ས་ཡ་༢་ཐོབ་བ་ཡིན་ན། མགོ་སྐོགས་འགྱུར་རྡོ་དེའི་ལོ་ཚད་ངོ་མ་ནི་ལོ་བཞི་ཁྲི་ནས་ཉིས་འབུམ་ལྔ་ཁྲི་ཡི་ཆུང་བ་ཡིན་སྲིད་ལ། ལོ་བཞི་ཁྲི་ནས་ཉིས་འབུམ་ལྔ་ཁྲི་ཡི་ཆེ་བའང་ཡིན་སྲིད།
[༦] མི་རྒྱུད་འབྱུང་ཁུངས་སྨྲ་བ་མཁས་བའི་ཁྲོད། འགྲོ་མི་ཀེར་ལངས་ Homo erectus་ཀྱི་རིགས་རྒྱུད་ལ་མི་ཞེས་བའི་ཐ་སྙད་འབོད་པ་དང་མིའི་རིགས་ཀྱི་ཁོངས་སུ་འཇོག་པར་དོགས་པ་མེད་ནའང་། འགྲོ་མི་ཀེར་ལངས་ཀྱི་ཡ་ཐོག་མེས་བོར་འོས་བའི་འགྲོ་མི་ལག་ཆ་བཟོ་མཁན་Homo habilis ་ཞེས་བ་ལ་མི་ཞེས་བའི་ཐ་སྙད་སྦྱོར་བ་དང་མིའི་ཁོངས་སུ་བཞག་པ་དེར་དགག་བྱ་དང་མ་རངས་པའི་རྣམ་འགྱུར་སྟོན་མཁན་གང་མང་བྱུང་ཟིན་མོད། དེང་སྐབས་གང་ལྟར་ཡང་དེར་མིའི་རིགས་རྒྱུད་ཐོག་མའི་གྲལ་དུ་ངོས་འཛིན་ཐོབ་ཡོད། Homo erectus་ཞེས་བའི་མིང་འདི་ཨེ་ཞི་ཡའི་འགྲོ་མི་ཀེར་ལངས་དང་ཨ་ཧྥུ་རི་ཀའི་འགྲོ་མི་ཀེར་ལངས་གཉིས་ཀར་སྤྱོད་མཁན་དང་། ཡང་ཨ་ཧྥུ་རི་ཀའི་འགྲོ་མི་ཀེར་ལངས་ལ་
[༧] Jia Lanpo, Early Man In China ( Foreign Language Press, Beijing 1980 Pg 3)
[༨] Matthew T.Kapstein, The Tibetans [ Blackwell Publishing 2006 Pg 33 ( Sub-title: Children of Ape and Ogress)]
[༩] Ancient Tibet Research Materials from The Yeshe De Project . [Dharma Publishing 1986 , Berkeley, California, USA Pg 102 (Chapter Six ,sub-title: The Monkey Ancestor)]
[༡༠] Matthew T.Kapstein, The Tibetans ( Blackwell Publishing 2006 Pg 33-34)
དབྱིན་ཡིག་གི་ དཔྱད་གཞིའི་དཔེ་ཆ།
1 The Origin of Humankind Richard Leakey Basic Books, NY 1994
༼ མིའི་རིགས་ཀྱི་མཆེད་ཁུངས༽
2 Lucy’s Legacy, The Quest for Human Origins Donald Johanson & Kate Wong Harmony Books, NY 2009
༼ ལོ་སེའི་ཤུལ་བཞག __ འགྲོ་བ་མིའི་འབྱུང་ཁུངས་འཚོལ་སྙེག༽
3 The Hunt for The Dawn Monkey, Unearthing The Origins of Monkeys, Apes, and Humans. Chris Beard 2004
༼ཡ་ཐོག་སྤྲེའུ་རྩད་གཅོད། __སྤྲེའུ་དང་སྤྲ། མིའི་འབྱུང་ཁུངས་བསྔོགས་པ༽
4 Early Man In China Jia lanpo Foreign Language Press , Beijing 1980
༼ཙི་ནའི་ཡུལ་གྱི་སྔ་མོའི་མི༽
5 From Lucy To Language Donald Johanson &Blake Edgar 1996
༼ལོ་སེ་ནས་སྐད་ཆའི་བརྡ་སྤྲོད་བར༽
ཁྱེད་ཀྱིས་བྲིས་པ་འདི་རགས་ཀློག་ཅིག་བྱས་ཡོད། རིག་པའི་ཁ་ཕྱོགས་གཏད་ས་ནོར་མི་འདུག ཐུགས་རྗེ་ཆེ། བར་སྐབས་ཤིག་ནས་ངེད་རང་ཚོའི་མཁས་པ་ཡིན་ཟེར་མཁན་ཚོའི་ཁྲོད་ན་ཡང་མ་ཎི་བཀའ་འབུམ་སོགས་བོད་ཀྱི་མི་རྒྱུད་སྤྲེལ་དང་བྲག་སྲིན་ལ་བཅོལ་མཁན་ཚོར་དགག་པ་རྒྱག་ཁུག་བྱེད་མཁན་མང་པོ་འདུག ལོ་རྒྱུས་དེ་ཚོར་ལོ་ཚིགས་ཀྱི་སྟེང་ནས་བལྟས་ན་ཕྱི་དྲགས་པའི་སྐྱོན་ཞིག་ཡོད་པ་བདེན་པ་རེད། དཔེར་ན། སངས་རྒྱས་འཇིག་རྟེན་དུ་བྱོན་དུས་བོད་ཡུལ་ལ་མིའི་འགྲོ་བ་མེད་ཚུལ་དང་སངས་རྒྱས་ཀྱི་མ་འོངས་པར་བོད་དུ་མིའི་འགྲོ་བ་འབྱུང་བར་ལུང་བསྟན་ཚུལ་སོགས་ཡོད་པ་དེ་དུས་ཀྱི་དབང་དུ་བྱས་ན་མི་འཚམས་པ་ཞིག་རེད། ཡིན་ན་ཡང་མིའི་རིགས་སྤྲེལ་དང་བྲག་སྲིན་ལས་བྱུང་ཚུལ་གྱི་སྒྲུང་འདི་ཐུན་མོང་མིན་པའི་བཤད་སྟངས་ངོ་མཚར་ཅན་ཞིག་རེད། དུས་ཚིགས་ཀྱིས་མི་འགྲིགས་པའི་སྐྱོན་ཞིག་མཐོང་མ་ཐག་ཏུ་དབྱེ་འབྱེད་མེད་པར་གསེར་དང་ས་རྡོ་མཉམ་འདོར་བྱེད་ཆོག་ཆོག་ཅིག་མ་རེད།
བོད་ཀྱི་མཁས་པ་ཚོའི་ཁྲོད་ན་ཡང་སྤྲེའུ་དང་བྲག་སྲིན་ཞེས་པ་འདི་དོན་ལ་སྤྲེལ་རིགས་སྡེ་ཚན་གཉིས་ཡིན་ཞིང་། བྲག་སྲིན་ཞེས་འབོད་པའི་སྤྲེལ་རིགས་དེས་དམར་ཟས་ཟ་མཁན་ཞིག་ཡིན་ཚུལ་འདུག ཁྱེད་ཀྱིས་བཤད་པ་བཞིན་ཡོ་རུབ་པས་ལོ་རྒྱུས་འབྲ྄ིསྟངས་དེ་དྲང་པོ་ཞིག་མ་རེད། ནམ་ཡིན་ན་ཡང་ཡུ་རོབ་ཀྱི་ལོ་རྒྱུས་དེ་སྟོན་ཐབས་བྱེད་པ་མ་གཏོགས་ཡུལ་གཞན་གྱི་ལོ་རྒྱུས་གླེང་འདོད་མི་འདུག དེ་ལ་ང་གཏན་ནས་མི་དགའ།
གཏམ་བརྒྱུད་ནང་གི་སྲིན་པོ་དང་སྲིན་མོ་ནི། སྐྲ་ཟིང་། མཆེ་བ་རིང་། སེན་མོ་ནར་ནར་རིང་པོ་ཡོད་པ་དང་། ཡང་ན། དེ་ལས་ལྡོག་སྟེ་ཤིན་ཏུ་མཛེས་པའི་གཟུགས་སུ་སྤྲུལ་འགྱུར་སྣ་ཚོགས་ཐུབ་པ་ཞིག་ལ་ངོས་འཛིན་བྱས་འདུག་སྙམ། རགས་བཤད་ཙམ་ནི། རང་དང་རིགས་མཐུན་པ་ཟ་མཁན་ལ་སྲིན་པོ་ཞེས་ཟེར།
ཀ་ཁོལ་མ་ལས་གསུངས་པའི་སྤྲེལ་རྒན་དང་། བྲག་སྲིན་ཡང་། ཕ་རིགས་དེ་ཤིང་འབྲས་གཙོ་བོ་ཟ་མཁན་ཅིག་དང་། མ་རིགས་དེ་ཤ་ཟ་བྱེད་མཁན་གཙོ་བོ་ཅིག་ཡིན་པ་ལ་ཐེ་ཚོམ་མི་དགོས་ལ། དེ་གཉིས་ཀར་སྤྲེལ་རིགས་གཅིག་མིན་ན། ཕོ་མོ་གཉིས་འདུས་ཀྱིས་ཕྲུ་གུ་མཆེད་སྤེལ་བྱས་པ་ཟེར་བ་དེ་ཡང་། མི་སྲིད་པ་ཐལ་བའི་ཕྱིར་རོ། །
དེ་མིན་སྤྱན་རས་གཟིགས་དང་སྒྲོལ་མའི་སོགས་ནི། ཚན་རིག་པས་སྤྱོད་ཡུལ་མ་ཡིན་ནོ། ། རེ་ཞིག་དེ་ཙམ་མོ། དགེའོ། དགེའོ། །
དགོངས་པ་མ་ཚོམས། འདི་ཚོ་ཚང་མར་ལྟ་གིན་བསྡད་ན་དུས་ཚོད་ཀྱང་ལྡེང་ངེས་ཞིག་མི་འདུག
རྒན་ལགས་ཀྱིས་རིག་པའི་ལམ་ནས་དཔྱད་གཏམ་སྤེལ་བར་ཐུགས་རྗེ་ཆེ་ཞུ། སྔ་ཕྱི་གཉིས་ཀ་བཀླགས་ཟིན།
རི་སྤྱང་ཁེར་འགྲོའི་ཁེར་ལས་དོན་ལ་བརྗིད།།
ད་ནི་ཁེར་འགྲོ་མ་བྱེད་རི་སྤྱང་བུ།།
སྤྱང་ཀི་ཁྲོས་པའི་སྒྲ་ལ་ཤེས་རབ་གདངས།།
འཛོམས་འཛོམས་ལྷུག་ལྷུག་ཡིན་པ་ཁོ་བོས་རིག།
འདི་རུ་གཏམ་ཐུང་ཚོན་གྱི་རང་བཞིན་ལ།།
མིག་བཤེར་འཕེན་རྒྱུ་ཁོམ་ལོང་མེད་ནའང།།
དེ་རིང་ཤེས་པ་བརྡར་བའི་དཔྱད་གཏམ་འདིས།།
ཡིད་ལ་དྭངས་བ་དྲངས་སོ་རི་སྤྱང་ལགས།།
ད་དུང་མཆེ་བ་གཙིག་བཞིན་ཕེབས་ལ་ཤོག།
བྱས་ཅན་ངོས་འཛིན་བྱེད་པའི་མིག་དབེན་ཀྱང།།
རིགས་བརྒྱུད་འདི་ཡི་ཁ་སྟབས་བསམ་བཞིན་དུ།།
ད་དུང་མཆེ་བ་གཙིག་བཞིན་ཕེབས་ན་ལེགས།།
རི་སྤྱང་ལགས། གསེར་ལས་ཁྱི་སྐྱག་བྲིན་ཆེ་བའི་སྐབས་རེད།། རིན་ཐང་བྲལ་བའི་དཔྱད་བརྗོད་འདི་འདྲ་གོ་ཐུབ་མཁན་འདི་ན་དཀོན་པོ་རེད། དེ་ལས་ཆང་ཁང་དང་གཞང་ཁང་ནང་གི་མི་འདི་དག་ལ་ཆགས་སྲིད་དང་ཞོགས་ཞེན་ནི་རིན་པོ་ཆེ་རེད་ཡ།
ཡ་ལགས། དེ་དེ་བཞིན་ནོ། །རྒྱུན་དུ་ངན་དགུའི་འཁོན་འཛིང་ཁ་ཕྱེ་བ་ལས་འདི་འདྲ་རེ་ལ་ཞིབ་འཇུག་བྱས་ན་བོད་པའི་རིག་གཞུང་གི་གསོས་སུ་འགྱུར། འོན་ཀྱང་སྤྲ་མི་རུ་འགྱུར་པ་སོགས་བོད་པའི་རྒྱལ་རབས་བརྩི་སྟངས་ཅུང་ཟད་ཐུང་མི་འདུག་གམ། སྤྲ་མི་བོད་རིགས་སུ་འགྱུར་བ་དང་ཁ་བ་ཅན་གྱི་མཚོ་བྲི་ཚུལ་སོགས། བོད་ཀྱི་མཁས་པར་རློམ་པ་ནམ་མཁའི་ནོར་བུ། ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། དེ་དག་གི་རྗེས་འབྲངས་རྣམས་ཀྱིས་མཁས་འདོད་ཀྱི་ཁ་ཆུ་འཐོར་བཞིན་གསུང་སྐད་མཐོཔོས་ངོ་རྒོལ་བྱས་པར་ཅུང་ཟད་དཔྱད་པའི་སྒོ་ཕྱེས་ནས་འདུག་གོ །ཐུགས་རྗེ་ཆེ།
ད་བོད་ནང་དུ། ཆབ་མདོའི་ས་ཁུལ་ཞིག་ཏུ་བྲག་ངོས་སུ་ཌ་ན་སོར་གྱི་རྐང་རྗེས་རྙེད་འདུག་ག གནས་དེ་ཐོག་མའི་དུས་ཤིག་ལ་མཚོ་འདམ་ཡིན་པ་དང་། ཌ་ན་སོར་གྱི་རྐང་རྗེས་འདམ་ནང་དུ་བཞག་པ་དེ། དུས་དང་གནམ་གཤིས ས་གཤིས་ཀྱི་འགྱུར་བ། སའི་གོ་ལའི་འཕུད་འདེད་དང་བཙིར་ཤུགས་བཅས་ལ་བརྟེན་ནས། རིམ་པས་བྲག་རིའི་རྣམ་པར་བསླངས་ཏེ། ད་ལྟ་རྐང་རྗེས་དེ་བྲག་ངོས་སུ་ཡོད་འདུག ས་ཁུལ་གྱི་མི་ཚོས་གླིང་གེ་སར་རྒྱལ་པོའི་ཞབས་རྗེས་ཡིན་པར་ངོས་འཛིན་ཞུ་གི་ཡོད་པ་འདྲ།