ད་ལོའི་ལོ་སྟོད་ཙམ་ནས་ཕག་ཆམ་གཉན་རིམས་ swine flu H1N1 ཀྱིས་རྒྱལ་ཁབ་མང་པོའི་གཞུང་དམངས་གཉིས་ཀར་དཀའ་ངལ་མི་དམན་པ་སྤྲད་ཡོད། ད་ལམ་ཨ་རིའི་ནད་རིགས་འགྲོག་སྲིང་ལྟེ་གནས་ (CDC) ཀྱིས་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་ནས་རིམ་པས་ཨ་རིའི་མངའ་སྡེ་ ༥༠ ཡི་སྨན་ཁང་དང་འཕྲོད་བསྟེན་ཞབས་ཞུ་ཁང་ ༩༠༠༠༠ ལ་ཕག་རིམས་འགོག་སྨན་ 2009 H1N1 vaccine ཐུན་གྲངས་ས་ཡ་ ༢༥༡ ཙམ་བགོ་འགྲེམས་བྱེད་ཀྱི་ཡོད་པ་དང་། འགོག་སྨན་འདི་ཡང་ཨ་རི་དབུས་གཞུང་གིས་སྔོན་འགོག་སྨན་ཁབ་ཞིབ་འཇུག་ཁང་ནས་ཉོས་ཏེ་མངའ་སྡེ་སོ་སོའི་མི་དམངས་ལ་རིན་མེད་ཐོག་སྦྱིན་གཏོང་གནང་གི་ཡོད་པ་རེད། འགོག་སྨན་འདི་ནི་ནམ་རྒྱུན་གྱི་སྟོན་དགུན་དུས་ཚིགས་ཀྱི་ཆམ་རིམས་ seasonal-flu འགོག་སྨན་དང་མི་འདྲ་བས་ཐུགས་སྣང་གནང་དགོས་པ་གཤམ་གསལ་ལྟར།
ཕག་རིམས་འགོག་སྨན་ 2009 H1N1 ག་དུས་རེག་གི་ཡོད་དམ།
ཨ་རིའི་ནད་རིགས་འགོག་སྲུང་ལྟེ་གནས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ཕག་རིམས་འགོག་སྨན་ཐུན་གྲངས་ས་ཡ་ ༣.༤ འགྲེམས་སྤྲོད་བྱེད་འཆར་ཡོད་པ་དང་། འགོག་སྨན་ཐེངས་དང་པོ་རིགས་འདི་སྣ་ཁུང་དུ་གཏོར་དགོས་པའི་གྲས་ཡིན་ལ་ལོ་ན་ ༢ ནས་ ༤༩ སོན་པའི་མི་ཚོའི་ཆེད་ཡིན་པ་རེད། སྦྲུམ་མ་དང་ལོ་ན་བགྲེས་ཅན། ནད་གཅོང་ཅན་ཚོས་ཁབ་གཙགས་འགོག་སྨན་རྒྱག་དགོས་པ་དང་། ཁབ་གཙགས་འགོག་སྨན་འདི་ཕྱི་ཟླ་ ༡༠ པའི་བདུན་ཕྲག་དང་པོ་དང་གཉིས་པའི་ནང་འགྲེམས་སྤྲོད་བྱེད་ཀྱི་ཡོད།
ཕག་རིམས་འགོག་སྨན་འདི་བདེ་འཇགས་ཡིན་ནམ།
ཨ་རིའི་ཟས་སྨན་རྟོག་ཞིབ་ལས་ཁུངས་ FDA ཀྱིས་གཙགས་ཁབ་དང་སྣ་གཏོར་ཕག་རིམས་འགོག་སྨན་འདི་བཟོ་འདོན་ཆོག་མཆན་སྤྲད་ཡོད་པ་དང་། ནད་ཐོག་ཉམས་ཞིབ་བྱས་མཐར་ཕག་རིམས་སྔོན་འགོག་བྱེད་པར་ཕན་འབྲས་ཐོན་པ་དང་གནོད་སྐྱོན་མེད་པ་ར་སྤྲོད་བྱུང་ཡོད།
སྟོན་དགུན་དུས་ཚིགས་ཀྱི་ཆམ་རིམས་ seasonal-flu འགོག་སྨན་གྱིས་ཕག་ཆམ་གཉན་རིམས་ལ་ཕན་གྱི་ཡོད་དམ།
དུས་ཚིགས་ཀྱི་ཆམ་རིམས་ seasonal-flu འགོག་སྨན་ནང་ཕག་ཆམ་གཉན་རིམས་འགོག་བྱེད་སྨན་རྫས་མེད། ཕག་ཆམ་གཉན་རིམས་དང་སྟོན་དགུན་དུས་ཚིགས་ཆམ་རིམས་གཉིས་ཀྱི་ནད་ལྡང་ཟླ་དུས་མི་འདྲ་བ་དང་། དེའི་ཁར་འབྲེལ་ཡོད་འཕྲོད་བསྟེན་ལས་ཁུངས་ཁག་གིས་རྒྱུ་རྐྱེན་ཇི་སྙེད་ཅིག་ལ་བརྟེན་ནས་ནད་རིགས་འདི་གཉིས་ཀྱི་འགོག་སྨན་མཉམ་བསྲེས་བྱེད་འདོད་མེད་པ་རེད།
མི་གཅིག་ལ་ཕག་རིམས་འགོག་སྨན་ག་ཚོད་དགོས་ཀྱི་ཡོད་དམ།
དེ་ནི་མི་སོ་སོའི་ལོ་ཚད་ལ་རག་ལས་ཡོད། ནད་ཐོག་ཉམས་ཞིབ་ལྟར་ན་བྱིས་པ་ལོ་ ༡༠ ཡན་དང་མི་དར་མ་ལ་འགོག་སྨན་ཐུན་གཅིག་གིས་འགྲིག་གི་ཡོད། ལོ་ན་ ༡༠ མན་གྱི་བྱིས་པར་འགོག་སྨན་ཐུན་གཉིས་དགོས་པ་དང་། ཡང་ན་དེ་སྔ་དུས་ཚིགས་ཆམ་རིམས་འགོག་སྨན་བརྒྱབ་མྱོང་མེད་པའི་ལོ་ན་ ༡༠ བར་གྱི་བྱིས་པ་ཚོར་འགོག་སྨན་ཐུན་གཉིས་དགོས་ཀྱི་ཡོད། ལོ་ཆུང་བྱིས་པ་རྣམས་གཟུགས་པོའི་ནད་འགོག་ནུས་ཤུགས་མི་རྒན་པ་ལས་ཆུང་བ་ཡོད་པ་དང་ཆམ་རིམས་ནད་འབུ་ལ་འབྲེལ་ཐུག་ཆེན་པོ་བྱུང་མྱོང་མེད་པས། བྱིས་པ་རིགས་གཅིག་ལ་དུས་ཚིགས་ཆམ་རིམས་འགོག་སྨན་ཐུན་གཉིས་དང་ཕག་རིམས་འགོག་སྨན་ཐུན་གཉིས་རྒྱག་དགོས་ཡོད།
ཕག་རིམས་འགོག་སྨན་ག་པར་རེག་གི་ཡོད་དམ།
ནམ་རྒྱུན་གྱི་དུས་ཚིགས་ཆམ་རིམས་འགོག་སྨན་རྒྱག་ས་སྨན་ཁང་དང་སྨན་པའི་ཡིག་ཚང་། སྤྱི་དམངས་འཕྲོད་བསྟེན་ཞབས་ཞུ་ཁང་། ནམ་རྒྱུན་ལས་ཀ་བྱེད་སའི་ལས་ཁུངས། སྡེབ་ཚོང་ཁང་ཆེན་གྱི་སྨན་བཅོས་སྡེ་ཚན་ཁག་ཏུ་རེག་གི་ཡོད་ལ། ད་ཐེངས་དམིགས་བསལ་གྱིས་སྨན་རིགས་ཚོང་ཁང་དང་སློབ་གྲྭ་ཁག་ཏུའང་རེག་ཐུབ་པ་བཟོས་ཡོད། ཕག་རིམས་འགོག་སྨན་འདི་ཐོག་མར་སྨན་བཅོས་སྲི་ཞུ་བ་དང་སྦྲུམ་མ། ཟླ་བ་ ༦ མན་གྱི་བྱིས་པ་ལྟ་རྟོག་བྱེད་མཁན་ཚོ་ལ་སྤྲོད་སྟེར་བྱེད་དགོས་པ་བཟོས་ཡོད།
སྨན་པ་གཡང་འབུམ་རྒྱལ་གྱིས་དུས་བབ་དུས་དེབ། (Times magazine) ཕྱི་ལོ་ ༢༠༠༩ ཟླ་ ༡༠ ཚེས་ ༥ ཡི་འདེན་ཐེངས་ནས་སྒྲིག་བསྒྱུར་བྱས།
འཚོ་བྱེད་བུ་ལ་དོན་དང་ལྡན་བར་ལམ་བདེ་མོ་ཡིན་ན། མུ་མཐུད་འབྲེལ་བ་བྱེད།