སྤྲུལ་སྐུ་དབང་ཆེན།
ཁ་ཆེམས་ལས་འདི་ལྟར་“ ད་བར་བོད་ཀྱི་ས་ཆ་ག་ས་གང་དུ་བོད་མི་རིཊ་ཀྱི་རང་དབང་གི་ཆེད་དུ་མི་བརྒྱ་མ་ཟིན་ཙམ་གྱིས་རང་ལུས་མེར་བསྲེཊ་བཏང་སོང་བ་ནི། ངོ་མ་བོད་མི་རིཊ་ཀྱི་དཔའ་བོ་ངོ་མ་རེད། བོད་ལ་རང་དབང་དང་རང་བཙན་མ་ཐོབ་ན་བོད་མི་རིཊ་ཀྱི་རིག་གནས་དང་གོམ་སྲོལ་ལ་སོཊ་པ་རྒྱ་མིས་རྩ་མེད་གཏོང་རྒྱུ་རེད། ད་ལོ་ང་ཚོ་བ་ཡན་རྫོང་གི་བོད་རིཊ་འདུས་སྡོད་ས་ཁུལ་ལ་བོད་ཡིག་སྤྱངས་མི་ཆོག་ཟེར་ནས་སྲིད་གཞུང་གིས་བོད་ཡིག་སློབ་ཁྲིད་བྱེད་དུ་མ་བཅུག དགེ་རྒན་ཚང་མ་ཡང་བ་ཡན་རྫོང་ནས་ཕར་ཕྱིར་ཕུད་བཏང་སོང་། ད་ངོ་མ་སེམས་སྡུག་གི དེ་རིང་རྒྱ་ལོ་བཅོ་ལྔའི་དགོང་དྲོ་བྱ་ཁྱུང་དགོན་པའི་ཆོས་རའི་མདུན་དུ་ངའི་མེར་སྲེག་གཏོང་རྒྱུ་ཡིན་ལ། དེ་རིང་ནི་བོད་རང་བཙན་གྱི་ཉིན་མོ་ཡང་ཡིན།” ཞེས་བྲིས་འདུག
བོད་མིའི་གཏམ་དཔེ་ཞིག་ལ། སྒྱེ་ནང་ལག་བཅུག་དང་། སྒྱེ་རྒྱབ་ལག་མྱོང་ཟེར་བ་ལྟར་བོད་ནང་ལོགས་ན་བཞུགས་མཁན་ཚོས་བོད་མི་བརྒྱ་ལྷག་གྱིས་སྐུ་ལུས་མེར་བསྲེགས་གཏོང་དགོས་པའི་རྒྱུ་མཚན་དང་ཁོང་ཚོའི་མངོན་འདོད་དེ་གསལ་བོར་མཁྱེན་ཏེ་ཁོང་ཚོ་ནི་སྒྱེ་ནང་ལག་བཅུག་ཡིན་ལ། བོད་ཕྱི་ལོགས་ན་ཡོད་མཁན་ཚོའི་ཚོད་དཔོག་ཙམ་གྱི་ལམ་ནས་ཁོང་ཚོས་མངོན་འདོད་རྟོགས་མི་ཐུབ་པ་དེ་སྒྱེ་རྒྱབ་ལག་མྱོང་ལྟར་ཡིན་པ་ནི་བདེན་པའི་གནས་ལུགས་ངོ་མ་ཞིག་རེད། ད་ཐེངས་ཕག་མོ་དོན་འགྲུབ་ཀྱིས་ཁ་ཆེམས་ལས་ད་བར་དུ་སྐུ་ལུས་མེར་བསྲེགས་བཏང་མཁན་ཚོས་མངོན་འདོད་ངོ་མ་དེ་ནི་ནམ་ཞིག་བོད་ལ་རང་དབང་རང་བཙན་གཙང་མ་ཞིག་མ་ཐོབ་བར་དུ་རྒྱ་ནག་དམར་པོའི་སྒྲོམ་གཞིའི་འོག་ཏུ་གནས་བསྡད་པ་ཡིན་ན་བོད་ཀྱི་ཆོས་དང་རིག་གཞུང་གང་ཡང་སྐྱོབ་མི་ཐུབ་པ་དང་། བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཞིག་རག་མི་ཐུབ་པ་དེ་མིག་མཐོང་ལག་ཟིན་གྱི་ཉམས་མྱོང་ལས་ཁོ་ཚོའི་ངོས་ཚབ་ཞུས་ནས་བཤད་པ་ལྟར་རེད།
དེས་ན་ཕག་མོ་དོན་འགྲུབ་ཀྱིས་ཁོང་དང་མེར་བསྲེགས་གཏོང་མཁན་ཚང་མས་མངོན་འདོད་མཐར་ཐུག་ནི་བོད་རང་དབང་རང་བཙན་གྱི་ཆེད་དུ་ཡིན་པའི་བདེན་དཔུང་ངོ་མ་དེ་སྟེར་བ་རེད་ལ། རྡ་ས་ནས་གཡོལ་ཐབས་དང་ནག་གསུབ་བྱེད་ཨེ་ཐུབ་བལྟས་ནས་མེར་བསྲེགས་མཁན་ཚོས་༧གོང་ས་མཆོག་རང་ཡུལ་ལ་ཆུབ་བསྒྱུར་དགོས་ཀྱི་ཡོད་ཟེར་བ་ཙམ་ལས་གཞན་བཤད་འདོད་མེད་པ་དང་། བོད་ནས་རྒྱ་གར་ལ་གནས་སྐོར་དུ་འབྱོར་མཁན་ཁ་ཤས་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་དང་མོས་མཐུན་ཡོད་པ་དེས་བོད་ནང་གི་བོད་མི་བརྒྱ་ཆ་བདུན་ཅུ་དོན་ལྔས་དབུ་ལམ་ལ་རྒྱབ་སྐྱོར་ཡོད་པ་ཞིག་རྟོགས་དགོས་ཟེར་ན་ནི་ཧ་ཅང་ཐལ་ཆེ་བ་མ་རེད་པས། བོད་ནས་གནས་སྐོར་ལ་འབྱོར་མཁན་ཚོ་ལ་སུས་དབུ་མའི་ལམ་དང་རང་བཙན་གཉིས་ཀྱི་སྒང་ལ་བགྲོ་གླེང་བྱས་པ་རེད། སྤྱན་རས་གཟིགས་ཀྱིས་རྩམ་པ་བགམ་པའི་དཔེ་ལྟར། བོད་ནས་གནས་སྐོར་ལ་ཡོང་མཁན་ཚོས་རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་བཟང་ངན་གྱི་ཤན་འབྱེད་རྩ་བ་ནས་མེད་པར་སྤྱི་བོར་བླངས་ནས་འགྲོ་བ་ལས། དཔྱད་ཞིབ་དང་བགྲོ་གླེང་ཞིག་བྱེད་སྲོལ་མེད་པ་ཚང་མའི་ཧ་གོ་རེད། དེ་དང་ཕྱོགས་མཐུན་གྱི་རྒྱ་མི་ཡུལ་སྐོར་བ་དང་གནས་མཇལ་བ་ཁ་ཤས་ཀྱིས་ཀྱང་དབུ་མ་ལ་རྒྱབ་སྐྱོར་ཐོབ་པ་དེས་དཔེ་མཚོན་དྲངས་ནས་དབུ་ལམ་གཞན་ལས་ཁྱད་དུ་འཕཊ་ལུགས་ཤིག་བརྗོད་ཀྱི་འདུག །ངོ་མ་རྐུན་མ་ཧམ་ཆེན་གྱིས་མི་གསོད་ཟེར་བ་དེ་ཅི་མ་བདེན་སྙམ། རྒྱ་མི་རིགས་ལ་ཡང་སྤྱི་རྒྱལ་དང་མི་འདྲ་བར་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཆ་ཚང་ཞིག་མེད་པར། ཆབ་སྲིད་དཔྱད་བརྗོད་ཅིག་དང་མཐུན་པར་གཏན་འབེབས་བྱས་ནས་དབུ་ལམ་ལ་ག་འདྲ་བྱས་ནས་རྒྱབ་སྐྱོར་བྱེད་དགོས་རེད། རྒྱ་བོད་མཉམ་གནས་བྱེད་ཀྱི་ཡིན། མི་རིགས་ཁ་བྲལ་རིང་ལུགས་པ་མིན་ལབ་ནས་སྙོམ་ཆུང་གི་སྐད་ཆ་རེ་བཤད་ན། དེ་ཡག་པོ་ཡིན་རུང་མིན་རུང་ཁོ་ཚོ་ལ་ཁྱད་པར་ཆེན་པོ་ཞིག་མེད་པས་ན་ཡག་པོ་རེད་ལོས་ཟེར།
སྤྱིར་ན་དེང་སང་གི་སྤྱི་ཚོགས་ཀྱི་འགྲོ་སྟངས་དེ་ཡང་དེ་ག་རང་རེད། སོ་སོ་རང་རང་ལ་དགོས་པ་དེ་རང་རང་ལ་མི་དགོས་ལབ་ན་སུས་ཡང་ཁྱོད་ལ་དེ་ཡིན་གཅིག་མིན་གཅིག་དགོས་ཀྱི་རེད་ལབ་ནས་ཨུ་ཚུགས་བྱེད་མཁན་ཡོད་མ་རེད། མི་རིགས་སུ་ཡིན་རུང་སོ་སོ་སོ་སོས་འདུན་ལམ་ལ་འགྲོ་མིན་དེ་སོ་སོས་འདམས་དགོས་ཡོད་པ་ལས་གཞན་ལ་ཐེ་གཏོགས་མེད་པས་རེད། དེས་ན་བོད་མི་ས་ཡ་དྲུག་གི་མངོན་འདོད་དེ་གནས་སྐོར་བ་རྒད་ཕོ་རྒད་མོ་ཁ་ཤས་ཀྱིས་དད་པའི་སོར་རྩེ་ནས་སྒྲོག་མི་ཐུབ་ལ། རྒྱ་ནག་མི་རིགས་ཀྱིས་བོད་མི་རིགས་ལ་བཟུང་བའི་ལྐོག་གཡོ་དང་ངན་ཇུས་དེ་ཡང་ཡུལ་སྐོར་བ་དང་གནས་སྐོར་བ་ཁ་ཤས་ཀྱིས་ཚབ་མཚོན་བྱེད་མི་ཐུབ། རང་ཉིད་ལ་མཚོན་ན་སྐུ་ལུས་མེར་སྲེག་ཐད་ཐོག་མ་ཉིད་ནས་བཀག་འགོག་དང་མཚམས་འཇོག་བྱེད་པར་ཞུ་འབོད་ཀྱིས་རེ་སྐུལ་བྱེད་མཁན་ཞིག་ཡིན། དེའི་དམིགས་ཡུལ་གཙོ་བོ་ནི་ང་ཚོ་ལ་རྩ་དོན་དང་མཐུན་པའི་འཐབ་རྩོད་ཀྱི་ངོ་བོ་ཚད་ངེས་ཅན་ཞིག་མེད་བཞིན་དུ། སྙིང་ལྟར་གཅེས་པའི་བོད་མི་རིགས་འདི་ཅི་མི་སྙམ་པར་གསོན་པོར་བསྲེག་བཞག་ན་མཐའ་མཇུག་ལ། འཇུས་ན་ལག་པ་འཚིག །བཏང་ན་རྫ་མ་འཆག་ཟེར་བ་ལྟར་མ་གཏོགས་དཔའ་བོ་དང་དཔའ་མོ་རྣམས་ཤི་བས་ཤི་གོ་མི་ཆོད་ཅིང་། བོད་ཕྱི་ནང་གཉིས་ན་ཡོད་པའི་ལྷག་ལུས་གསོན་པས་གསོན་གོ་མི་ཆོད་པ་ཞིག་ཏུ་མི་འགྱུར་བའི་ལམ་ཁ་གཞན་ཞིག་མ་མཐོང་བས་ཡིན།
ང་ཚོ་ནི་མི་རིགས་གཅིག་དང་རྒྱལ་ཁབ་གཅིག་གི་ངོ་བོའི་མངོན་འདོད་དང་འདུན་ལམ་གཅིག་གི་སྒང་དུ་བསྐྱོད་དགོས་པ་ཡིན་ན། ལམ་ཁ་དེ་ནི་བོད་རྒྱལ་ཁབ་དེ་གནས་སྐབས་རིང་རྒྱ་ནག་གིས་ཧམ་ཟོས་བྱས་ནའང་། མཐར་མི་རབས་ནས་མི་རབས་བརྒྱུད་དགོས་བྱུང་ཡང་ཚུར་ལ་ལེན་པའི་འཐབ་རྩོད་མུ་མཐུད་དུ་དྲག་པོའི་གཡུལ་འཁྲུག་མ་ཡིན་པའི་བདེན་པས་རྒྱབ་དཔུང་ལ་བརྟེན་ནས། དུས་རབས་ཉེར་གཅིག་པའི་འགྲོ་བ་མི་རིགས་ཀྱི་ཐུན་མོང་སྤྱི་མཚུངས་ལ་དབང་བའི་རང་དབང་དང་ཐོབ་ཐང་དེ་ལོངས་སུ་སྤྱད་ནས་བོད་རང་དབང་རང་བཙན་གཙང་མ་ཞིག་གི་རྩ་ཁྲིམས་སྲིད་ཇུས་དེ་གཞིར་བཟུང་ནས་འཐབ་རྩོད་ཅིག་བྱས་པ་ཡིན་ན། ད་གཟོད་ཆུང་ས་ནས་སྐད་འབོད་དང་འབྲང་ས་ནས་མི་གཅིག་གིས་གོམ་བགྲོད་ཙམ་དང་ཆེ་ས་ནས་སྐུ་ལུས་མེར་སྲེག་གྱིས་ལས་འགུལ་དེས་ནུས་པ་ཤུགས་ཆེན་ཞིག་ཐོན་གྱི་རེད་ལ། འཐབ་རྩོད་ཚད་ལྡན་ཞིག་ཏུ་འགྱུར་ཐུབ་ཀྱི་རེད། དཔེར་ན། ད་ལྟ་ང་ཚོས་སྲིད་ཇུས་ནི་སྣོད་རྐུབ་རྡོལ་ཞིག་གི་ནང་ལ་ཆུ་བླུགས་པ་ལྟར་ཟགས་འགྲོ་བ་ལས་གྲུབ་འབྲས་མེད་པས་རྒྱུ་མཚན་ནི་གཙོ་བོ་རྩ་ཁྲིམས་སྲིད་ཇུས་གཙང་མ་ཞིག་མེད་པས་སྐྱོན་རེད། གལ་ཏེ་བོད་རང་དབང་རང་བཙན་གཙང་མའི་རྩ་ཁྲིམས་སྲིད་ཇུས་ཚད་ལྡན་གྱི་ངོ་བོ་ཚང་བའི་འཐབ་རྩོད་ཅིག་ཡོད་པ་ཡིན་ན། འཐབ་རྩོད་ཆེ་ཆུང་གང་བྱས་ཀྱང་གྲུབ་འབྲས་ནི་སྲིད་ཇུས་ཚད་ལྡན་གྱི་འཐབ་རྩོད་ཅན་གྱི་སྣོད་རྐུབ་ལྡན་ཞིག་གི་ནང་ལ་ཆུ་བླུགས་པ་ལྟར་མཐོང་རྒྱུ་དང་མྱོང་རྒྱུ་ཞིག་ཏན་ཏན་ཡོད་པ་རེད། དེ་ལ་ང་ཚོ་མི་རེ་རེས་ངོས་ནས་རང་འགན་རེ་འཁུར་དགོས་པར་སྣང་། །
ཁྱེད་ལ་དེ་ལྟ་བུའི་སྟངས་དཔྱད་བརྗོད་བྱེད་པར་འོས་བ་འདུག་གམ
རང་བཙན་མི་དགོས་ཟེར་མཁན་ཟམ་གདོང་དང་ཤར་ཁུགས་ཕ་བུ་གཉིས་མ་གཏོགས་ཡོད་མ་རེད། དེ་མིན་བོད་པ་ཚང་མར་རང་བཙན་དགོས་ཟེར་གི་ཡོད་རེད། ཡིན་ནའང་འདས་མ་ད་གསུམ་ལ་བསམ་གཞིག་གིས་གནས་སྐབས་རྒྱ་འོག་གི་བོད་ཆོལ་ཁ་གསུམ་གཅིག་འགྱུར་གྱི་རང་སྐྱོང་ལྗོངས་གལ་ཆེན་པོ་ཡིན་པ་སྟེ། དེ་མིན་ལོ་གསུམ་བརྒྱའི་རྗེས་ཀྱི་རང་བཙན་ནི་རྒྱ་མིས་གང་བའི་བོད་ཀྱི་རང་བཙན་ལས་བོད་མི་ནི་གྲངས་ཉུང་མི་རིགས་ཆགས་རྒྱུ་ཉག་གཅིག་རེད། རྒྱ་གར་དབྱིན་འོག་ཏུ་ལོ་བརྒྱ་ཕྲག་སྡོད་པ་དང་མཚུངས་ཐབས་མེད་དེ་མི་འབོར་ལ་བསམ་བློ་བཏང་བས་ཤེས། དེས་ན་དཀོར་བགམ་དབང་ཆེན་ཁྱོད་ཁ་རྒྱག་པ་མ་བཤད་པར་བསམ་བློ་གཏོང་ཤིག
ད་སྐབས་བཙན་བྱོལ་ནང་དུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ལས་ཀྱང་རང་བཙན་དང་དབུ་མའི་ལམ་ཟེར་བ་དེ་འུར་ཟིང་ཚ་བོ་ཆགས་འདུག གང་ལྟར། སོ་སོ་རང་རང་གི་བདམས་པའི་ལམ་དང་ཐབས་ཤེས་བརྒྱུད་ནས་དགྱ་ནག་ལ་ཁ་གཏད་གཅོག་དགོས་རྒྱུ་དེ་གལ་ཆེན་རེད།
དེ་བཞིན་སྤྲུལ་སྐུ་དབང་ཆེན་ལྟ་བུའི་བསམ་ཚུལ་བཤད་མཁན་དག་ལ་ཡང་གུས་འདུད་དང་དགའ་བསུ་ཡོད། ང་ཚོས་རང་ཉིད་ཀྱི་སྐྱོན་ཡོན་གཉིས་ཆ་བརྗོད་རྒྱུ་དེ་ཡང་གལ་ཆེན་ནང་གི་དོན་ཆེན་རེད།
ཝེ་སྤྲུལ་སྐུ་དབང་ཆུང་ཁྱེད་ཀྱིས་ཡུ་ཌུབ་ནང་དུ་གོང་ས་༧སྐུ་ཕྲེང་བཅུ་གསུམ་པས་ཕ་བོང་ཁར་ཕྲག་དོག་བྱེད་ཚུལ་ལབ་པ་དེ་ལ་ཁུངས་སྐྱེལ་མི་བྱེད་པར་ག་རེ་རྗོད་ཀྱི་ཡོད། བོད་མི་ཚོས་ཅི་བྱེད་མིན་ཁྱེད་ལ་ཇུས་དོག་འདུག་གམ།
རྒྱ་མིའི་ཁ་བཤད་ལ། དེ་རིང་གི་དགྲ་བོ་བེད་སྤྱད་ནས། ཁ་སང་གི་དགྲ་བོ་རྩ་མེད་བཏང་དགོས་ཟེར་བ་ལྟར། དེ་རིང་གི་དགྲ་བོ་དབུ་མ་བེད་སྤྱད་ནས་། ཁ་སང་གི་དགྲ་བོ་རང་བཙན་རྩ་མེད་གཏོང་རྒྱུ་དེ་རེད།
ད་ལྟའི་སྐབས་སུ་རྩོམ་ཡིག་འདི་འདྲ་སྤེལ་རྒྱུ་ཧ་ཅང་གི་གལ་ཆེན་རེད་ལ། མེར་མཆོད་དཔའ་བོ་དང་དཔའ་མོ་རྣམ་པའི་ཞལ་ཆེམས་ལ་ལྷད་མ་བཅུག་པར་ལོ་རྒྱུས་སུ་འགོད་རྒྱུའང་བོད་ཀྱི་ཤི་གསོན་ལ་ཐུག་ཡོད་པ་ཞིག་རེད། ད་ལྟའི་ཆར་ངྷ་རམ་སཱ་ལས་བོད་དོན་ཐད་གླེང་ཕྱོགས་གསུམ་ཙམ་བཟོས་ཡོད། ༡ ཆོལ་གསུམ་གཅིག་འདུས་ཀྱི་རང་སྐྱོང་གི་འགག་རྩ་ནི་ཨ་མདོ་དང་ཁམས་ཁུལ་ཕལ་ཆེ་བ་སྔར་རྒྱ་ཁོངས་ཡིན་ཚུལ་བསྒྲགས་ཡོད། གནད་དོན་འདིར་ཧོབ་ཏུ་ཁ་ལ་བལྟ་སྐབས་བདེན་ཤོས་ཡོད་ཡོད་ཅིག་ཏུ་སྣང་མོད། བོད་རྒྱའི་ལོ་རྒྱུས་ཡིག་ཚང་གུང་བསྒྲིགས་ནས་ཀློག་སྐབས། དོན་ལ་ཕྱི་ལོ་༡༩༢༨ལོ་དང་ཕྱུ་ལོ ༡༩༣༨ལོར་ཨ་མདོ་དང་ཁམས་ནང་མཚོ་སྔོན་ཞིང་ཆེན་ཟེར་བ་དང་ནུབ་ཁམས་ཞིང་ཆེན་ཟེར་བ་བཙན་གྱིས་བཙུགས་པའི་ལོ་རྒྱུས་ལ་ཐུག་ཡོད་པ་ཞིག་རེད། དེ་བས། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བཤད་ན། བཙན་འཛུལ་བས་དབང་བསྒྱུར་བྱས་རིང་ངོ་རྒོལ་རིམ་པས་བྱུང་ཡོད་མེད་ནི་ས་ཁུལ་དེར་རང་བཙན་ནམ་སྔར་གྱི་གནས་བབས་སླར་གསོ་བྱེད་པའི་ཐོབ་ཐང་ཡོད་མེད་ལ་ཐུག་ཡོད་པ་ཞིག་རེད་ལ། ནུབ་བོད་ནང་བཞིན་གྲོས་མཐུན་དོན་ཚན་བཅུ་བདུན་ཟེར་བ་ལྟ་བུའང་བཞག་མྱོང་མེད་པས། ཤར་བོད་ལ་རྒྱལ་ཁབ་སླར་གསོ་རྩོད་པའི་ཐོབ་ཐང་ནུབ་བོད་ལས་ཆེ་བ་འདུག ༢ ད་ལྟ་བོད་མིའི་ངོ་བོ་སྲུང་སྐྱོབ་ཀྱི་དུས་ལས་དམངས་གཙོ་དང་རང་དབང་རྩོད་པའི་དུས་མ་ཡིན་ལ། དེ་དག་རྒྱ་ནག་དམངས་གཙོར་འགྱུར་མཚམས་རེག་ཡོང་གི་རེད་ཅེས་བསྒྲགས་འགོ་ཚུགས་ཡོད། སྐད་ཆ་འདི་བསླུ་བྲིད་དང་ཁེ་བཟང་ཟ་ཐབས་ལ་དམིགས་པའི་གཏམ་ཡན་ཞིག་རེད་ལ། མི་རིགས་སྲུང་སྐྱོབ་ཀྱི་ལས་འགུལ་བོད་ནང་དུ་སྤེལ་བཞིན་པ་མ་གཏོགས་བྱེས་སུ་ལས་འགུལ་སྤེལ་ཐུབ་མེད་པའི་ཁར། བོད་ནང་གི་ཛ་དྲག་ལས་འགུལ་རང་དོན་སྒྲུབ་བྱེད་དམ། བྱེས་ཀྱི་ཁེ་བཟང་ཤོག་ཁག་གིས་རང་ཉིད་ལྷ་རུ་བཞེངས་ནས་བོད་མི་ཚོང་རྫས་བྱེད་འདུན་རང་རེད། ༣ རྒྱ་ནག་ལ་དཔལ་འབྱོར་གྱི་སྟོབས་ཤུགས་ཡོད་པས། བོད་རྒྱ་ཁོངས་སུ་བསྡད་ན་འཚོ་བ་ཡར་རྒྱས་གཏོང་ཐུབ་ཅེས་ཀྱང་བསྒྲགས་ཡོད། བཤད་སྟངས་འདི་ནི་རྒྱ་རྒྱུས་ལོན་མེད་པའི་གཏམ་ཁུངས་མེད་ཅིག་རེད། གལ་སྲིད་རྒྱ་ཁོངས་སུ་དཔལ་འབྱོར་གྱི་ཁེ་ཕན་རེག་གི་ཡོད་ན། ད་ལྟ་རྒྱ་ཁོངས་སུ་ཡོད་པས་དཔལ་འབྱོར་ཁེ་ཕན་རེག་འོས་ལ། བོད་མི་ཚོས་སྒོ་ཁྱི་བཙོང་ནས་ཁ་གསོ་ཐབས་བྱེད་དགོས་ཐུག་དོན་མེད། འདིའི་སྐོར་མང་ཙམ་ཤེས་བསམ་མཁན་ཚོས་རྩོམ་པ་པོ་གྲགས་ཆེན་ཚེ་རིང་དོན་གྲུབ་མཆོག་གི་བརྩམས་སྒྲུང་༼ཝ་ནག་ལུང་བ༽ལ་ཟུར་ལྟ་གནང་ན་ཤེས་ཐུབ།
ད་ལྟའི་ དུས་སུ་ བོད་གཅིག་ལས། ནུབ་བོད་དང་ ཤར་བོད་ གཉིས་མེད། ཐ་སྙད་ དེ་ བེད་སྤྱོད་ མ་གྱིས།
ལྷ་སྡེ་གནམ་ལོ་ཡག་གི་གསུང་དེ་ཧ་ཅང་མད།
འོན་ཀྱང་ད་ལྟའི་སྐབས་སུ་འདི་འདྲའི་གནད་ཤེས་མཁན་གྱིས་ཕོངས་པ་འམ་གླེང་མཁན་གྱིས་ཡོངས་སུ་དཀོན་འདུག
དོལ་ཟས་ལ་སྤྱད་པའི་འབྲས་བུ་འདི་རེད།
མེ་ཏོག་དཀར་པོ་ལགས་ཀྱིས ་རང་བཙན་མི་དགོས་ཟེར་མཁན་ཟམ་གདོང་དང་ཤར་ཁུགས་ཕ་བུ་གཉིས་མ་གཏོགས་ཡོད་མ་རེད། དེ་མིན་བོད་པ་ཚང་མར་རང་བཙན་དགོས་ཟེར་གི་ཡོད་རེད།་ ཅེས་གསུང་པ་དེའི་ཕྱེད་སྔ་མ་བདེན་ཀྱང་ཕྱི་མ་དེ་ལྟར་མིན།
དབུ་མའི་ལམ་པ་བ་ཚོས་རང་བཙན་མི་དགོས་ཟེར་གྱི་ཡོད་རེད། རྒྱུ་མཚན་ནི་དབུ་མའི་ལམ་དགོས་ཟེར་བས་སོ། ཞིབ་ཕྲ་དགོས་ན་ཞུ་ཆོག་
རང་ལུས་མེར་བསྲེགས་པ་ཚོས་གཞན་ལུས་མེར་བསྲེགས་པ་ཚོར་ངོ་ཚ་ནས་འབར་གྲབས་འདྲ་ཞིག་བྱས་ཡོད། དངོས་ནས་བྱས་ན་མི་དམངས་ཤོག་སྒོར་ཀྱིས་གཞན་བསྲེགས་པ་མ་གཏོགས་པ་རང་ཉིད་བསྲེགས་མི་ནུས་པ་ཡང་དྲན་གསོས་ཤིག
ཨ་མཆོད། ང་ལ་དགོས་རྒྱུ་སྒོར་སྟོང་རེད་དེ་ཁྱོད་ཀྱི་སར་ནས་དེ་འདྲ་ཞིག་འཐོབ་པའི་རྟགས་མཚན་ཅང་མེད་ཅིང་རེ་བ་མེད་དུས་ངས་སྒོར་ལྔ་བརྒྱ་སྤྲོད་རོགས་ཞེས་ལབ་པ་རེད། གནས་སྟངས་འདི་འདྲའི་སྐབས་སྒོར་སྟོང་དེ་མི་དགོས་པའི་དོན་དུ་གོ་རྒྱུ་ག་ལ་ཡིན།
ལགས། ཟམ་གདོང་དང་ ཤར་ཁུགས་ སོགས་ཀྱིས་ རང་བཙན་ ཐག་ རིང་ དྲགས་ནས་ དབུ་མ་ བདམས་པ་ལས་ རང་བཙན་ མི་དགོས་ ཟེར་བགྱིད་ ཨ་ཡོད་ ན། ལགས།
ང་ཡང་ སྤྱི་ འགྲིགས་འཛུགས་དང་ སྒེར་ཟམ་གདོང་ བླ་མའི་ རྗེས་སུ་ འབྲང་བགྱིན་ ཡོད་ལགས།