པདྨ།
གཉེན་གྱི་ཕྱོགས་ལ་ཆགས་པའི་འཆང་བ་ལྷོད།།
མི་མཐུན་དགྲ་ལ་རྣོན་པོ་མཚོན་ཆས་དབེན།།
བྱམས་བརྩེ་ཀུན་ལ་སྙོམས་མཛད་ཐུགས་རྗེའི་བདག །
ཕྱག་ན་པདྨས་བྱིན་རླབས་ཆར་དུ་སྙིལ།།
འདི་ན་ལུགས་གཉིས་ཕྱོགས་མཐར་སྤེལ་བའི་གནས།།
གདོང་དམར་བོད་པའི་སྙིང་ལ་གདོན་ཞུགས་ཏེ།།
རྙེད་དཀའ་སྲིད་ན་འབར་བའི་ནོར་བུ་ཞིག །
མཁྲེགས་འཛིན་དབྱུག་པས་དུམ་བུ་སྟོང་དུ་བྱེད།།
གང་གིས་ལྷོ་ལམ་དཀའ་སྡུག་ཞབས་ཀྱིས་བཅགས།།
སྲོག་གི་ཉག་ཐག་རལ་གྲིའི་སོར་དྲངས་ནས།།
གཏམ་རྒྱུད་གསེར་བྱེ་ཐང་མར་བརྡལ་བ་ལ།།
ད་དུང་འདི་ན་འགའ་ཞིག་དམོད་པས་བྲེལ།།
རང་རིགས་རྨ་མེད་ལོ་རྒྱུས་«དེབ་དཀར»་ཞེས།།
རང་གི་ལྷག་བསམ་གཙང་མའི་བརྡ་ཐབས་སུ།།
རང་ཅག་རིག་པའི་ཚལ་དུ་བཀྲམས་འདི་ཡང་།།
རང་རློམ་མཁས་པའི་མདུན་ན་ཉམ་རེ་ཐག །
གང་གིས་བློ་རིག་རྩལ་གྱིས་ཟིན་དཀའི་གནད།།
ཐལ་འགྱུར་དབུ་མའི་དྲི་རྟགས་རེ་ཁཱའི་རྒྱ།།
གངས་ཅན་རི་བོའི་ཁོངས་སུ་བསྟར་བ་འདི།།
འགའ་ཞིག་དྲི་ལན་རྙེད་པའི་ཁ་ལབ་ཆེ།།
ཁྱེད་ཀྱི་དགོངས་པའི་གཏད་སོ་མ་རྟོགས་ནས།།
ཁ་ཅིག་རྒྱལ་བ་གཉིས་པའི་རང་ལུགས་ལ།།
ཐར་བའི་ལམ་མཆོག་མེད་པར་འུར་གྱིས་སྒྲོག །
ཉིད་ཀྱི་མི་མངོན་དབྱིངས་ནས་ཐུགས་ཞུམ་མམ།།
མི་མཐུན་རིགས་ཀྱི་ཚན་རྩལ་གློག་གི་གར།།
སྟོང་གསུམ་ཞིང་དུ་ངོ་མཚར་བསྐྱེད་མཐོང་ནས།།
རང་རིགས་གདོད་མའི་འཚོ་ཐབས་གོམས་པ་ལ།།
རྟོགས་སད་ཅོང་བརྡས་སྐུལ་བའང་དོན་ཆུང་ཟེར། །
ཨ་ཧོ་སྙིགས་མའི་དུས་ཀྱི་ཡང་མཐའ་རུ།།
ཕན་ཐོགས་བསྒྲུབས་ཀྱང་གནོད་པའི་ལས་སུ་མཐོང་།།
གནོད་བྱེད་མཐའ་དག་འཚོ་བའི་ཡོང་སྒོར་སེམས།།
དམ་པ་གང་ཉིད་གཤེགས་པ་ཚད་དང་ལྡན།།
ཡིན་ཡང་བྱ་རྒྱལ་འཕུར་བའི་མཐོང་ལམ་ན།།
བྱ་ནག་ཁྭ་ཏའི་ཚོགས་ཀྱིས་ལྡིང་སྐོར་བྱེད།།
འདི་ལ་རྣམ་དཔྱོད་སྡེར་ལྕག་མ་གཞུས་པས།།
ཕངས་སེམས་རྨ་ཁ་ནག་པོ་སྙིང་ལ་ཟབ།།
ཟང་ཟིང་སྒྱུ་མའི་ནོར་དང་ལོངས་སྤྱོད་མེད།།
དབང་དང་གོ་གནས་མེད་པའི་མདོ་སྨད་པ།།
མཁས་མཆོག་བྱེ་བའི་གཙུག་ཏུ་མཆོད་འོས་ཀྱང་།།
འདི་ན་བརྙས་དམོད་ཚིག་གི་དུག་མདའ་རྣོ།།
སྔོན་མེད་ལེགས་བཤད་གསར་བའི་རོ་མཆོག་གིས།།
སྐལ་ལྡན་སྙིང་ལ་སིམ་པའི་དཔལ་སྟེར་ཡང་།།
འབྱུང་པོ་ལ་ལའི་ལྟོ་བར་མི་འཇུ་ན།།
གང་གི་བརྩེ་ཞགས་སླར་ཡང་བརྐྱང་བར་རིགས།།
གདོང་ལ་ཐལ་སྐྱ་བྱུགས་ཀྱང་ཅང་མི་ཚོར།།
ཕ་མ་དགྲ་བོས་བསད་ཀྱང་ཅང་མི་སྨྲ།།
ཕུགས་བསམ་ལ་རྒྱས་སྟོང་བའི་སྙིང་ཁམས་ཅན།།
མི་རོ་རྙིང་བའི་སྟེང་དུ་བྲོ་རྡུང་བྱེད།།
“འཇིག་རྟེན་འཇིག་རྟེན་ཉིད་དུ་ངོ་ཤེས་ནས།།
ཁྱེད་རང་དགོད་སླ་ངུ་ཡང་སྐྱེན་”པ་མད།།
འོན་ཀྱང་དུ་འཐེན་ཆང་འཐུང་ཆགས་ལྡན་ཞེས།།
རྩུབ་མོའི་ཚིག་གིས་དམོད་པའང་མཐའ་ཡས་སོ།།
དངོས་གཙོའི་ལྟ་བ་འདོམས་པའི་“ལོག་ལྟ་མཁན”།།
ཕ་རོལ་སྤོབས་པས་འཇོམས་མཛད་“ང་རྒྱལ་ཅན”།།
སྔོན་ཐོན་ལམ་བཟང་བསྙད་པའི་“ངོ་ལོག་པ”།།
གཏན་ཚིག་འདི་དག་སྙན་ལ་འཛེར་ལགས་གྲང་།།
རིགས་མཐུན་བོད་པར་ཞེན་པ་མ་བཟོད་ནས།།
འབད་པ་བརྒྱ་ཕྲག་བརྟེན་པའི་མཐའ་འབྲས་སུ།།
ཤ་དང་རུས་པར་གཟན་པའི་ལྕགས་སྒྲོག་དང་།།
རིན་ཆེན་སྲོག་དང་འབྲལ་བའི་མནར་གཅོད་ཐོབ།།
རྙེད་དཀའ་དོན་དང་ལྡན་པའི་མི་ཚེ་འདི།།
འདོད་ཡོན་སྒྱུ་མའི་རོ་ལ་མ་བརྟེན་པར།།
མི་སྡུག་སྤྲང་ཚུལ་ལས་ཀྱི་རྫོགས་པ་དེ།།
བོད་པ་སྤྱི་ཕྱིར་ཕུལ་ཡང་དྲིན་མི་བསམ།།
མེ་ཁྱེར་ཉི་ཟླའི་དཔལ་དུ་འགྲན་པ་ནི།།
གཞན་དག་གད་མོ་བྲོ་བའི་གནས་ལགས་ཀྱང་།།
རང་ཚོད་མི་ཟིན་སྦལ་བའི་མཆོང་ལྡིང་ལ།།
འུ་ཐུག་སྙིང་རྗེ་བསྒོམ་ལས་ཐབས་གཞན་ཅི།།
བསྟན་པ་གཅིག་ལ་ཐ་དད་ངས་མི་ཤེས།།
དགོངས་རྒྱུད་གཅིག་ལ་ཕྱོགས་རིས་ངས་མི་འཛིན།།
ཀླུ་སྒྲུབ་ལྟ་བ་ཅི་ཡིན་དཔྱོད་པའི་ཚེ།།
ཚིག་རྩུབ་རལ་གྲི་འཕྱར་བ་གང་གི་ལུགས།།
ཆེན་པོའི་ངོ་སོ་འཛིན་པའི་འདོད་བློ་མེད།།
མཁས་དང་སྙན་གྲགས་སྤེལ་བའི་ཧམ་སེམས་མེད།།
ཉམ་ཆུང་ཐོས་ཚོགས་འདྲེན་པའི་རུ་དཔོན་ལ།།
སྙིང་ཁྲག་དམར་པོ་མཆོད་པའི་སྤོབས་པ་ཡོད།།
གང་གི་མཛད་འཕྲིན་མི་ཤིགས་རྡོ་རྗེའི་སྲོག །
བསྐལ་བའི་མཐར་ཡང་འཇིག་པའི་སྟོབས་དང་བྲལ།།
མུན་ཀློང་ཏིང་འཛིན་སྒོམ་པའི་སྲོག་ལྡན་གྱི།།
ཟླ་མེད་འདྲེན་པ་མཆོག་ལ་བདག་ཉིད་གུས།།
བདེན་གཉིས་ཤེས་བྱའི་གནས་ལུགས་ནམ་མཁའི་མཛོད།།
མཁྱེན་རབ་གསེར་གྱི་ལྡེ་མིག་གཅིག་གིས་ཕྱེས།།
གང་གི་མཛད་འཕྲིན་ཡོན་ཏན་ནོར་བུའི་རྡུལ།།
ཚུར་མཐོང་སྐྱེ་བོའི་མངོན་སུམ་བློ་ལས་ཡར།།
ཟབ་དོན་རྗེན་པར་གཟིགས་པའི་མངོན་ཤེས་ལྡན།།
ཉམ་ཐག་འགྲོ་ལ་རྗེས་བརྩེ་ལྷག་བསམ་དཀར།།
ཐོག་མེད་དུས་ནས་རྫོགས་སངས་རྒྱས་ལགས་ཀྱང་།།
སླར་ཡང་བསིལ་ལྗོངས་སྲིན་པོའི་གླིང་དུ་འཁྲུངས།།
ཁ་བདེ་མཁས་པའི་ཚིག་གིས་སྨད་ཀྱང་ཆོག །
གཟུར་གནས་བློ་ལྡན་རྣམ་པས་བསྔགསག་ཀྱང་རུང་།།
བག་མེད་ཐན་སྐད་སྒྲོག་པའི་བྱིས་པ་ཚོར།།
ཁྱེད་ལ་རྒོལ་བའི་ནུས་པ་ཡོད་མ་ཡིན།།
རིས་མེད་བསྟན་ལ་སྨན་པའི་དོན་བརྩོན་པ།།
སཾ་གྷ་དྷརྨ་ཁྱེད་མིན་གཉིས་པ་ཞིག །
དུས་ཀྱི་མཐར་ཡང་འབྱོན་པར་ཆེས་དཀའ་བས།།
ཁམས་གསུམ་འགྲོ་བའི་མགོན་ཁྱེད་བདག་གིས་བསྟོད།།
གཞན་ཕྱིར་དམྱལ་བའི་དུག་མཚོ་ཁོལ་མའི་ནང་།།
པདྨའི་མཚོ་ལ་འཇུག་པའི་ངང་མོ་བཞིན།།
ཐུགས་རྗེ་འོད་རླབས་འགྱེད་པ་མི་གཏོང་ན།།
ཡང་དག་དམ་པ་སུ་ཞིག་ཁྱེད་མི་གུས།།
མགོན་ཁྱེད་ཞི་བ་མཆོག་གི་འབབ་སྟེགས་སུ།།
ཏིང་འཛིན་དགའ་བདེའི་རོ་མངར་བརྟེན་པའི་ཚེ།།
ལྷས་བྱིན་དཔུང་གིས་དུག་ཆར་འབེབ་པའི་མཚོན།།
ད་དུང་སྙིང་ལ་རེག་པ་བཟོད་དགོས་སམ།།
སྡེབ་ལེགས་ཚིག་སྦྱོར་སྒྲ་ལ་མཁས་མིན་ཡང་།།
རང་རིགས་དྲན་དབང་བྱེ་བའི་གཙུག་གི་རྒྱན།།
མི་མཐུན་དགྲ་ལ་ཤོར་བའི་ཚུལ་མཐོང་ནས།།
བདེན་གཏམ་རྡོ་རྗེ་གོ་ཁྲབ་འདི་ཙམ་བསྒྲོན།།
དུག་ཅན་སྐྱེ་བོའི་སྙིང་ལ་མི་མཛའ་ཞིང་།།
རྩུབ་མོའི་ཚིག་གི་མེ་ཆར་འབེབ་སྲིད་ཀྱང་།།
བདག་ལ་ཁེ་སྤོགས་སྙན་གྲགས་ཅང་མེད་པས།།
འཇིགས་པའི་གོ་སྐབས་ནམ་ཡང་ཡོད་མ་ཡིན།།
བློ་གྲོས་མཚོན་རྩེ་ནང་དུ་བརྡར་བ་ལས།།
ཕ་རོལ་དགྲ་དཔུང་བྱེ་མར་འཐག་པའི་སྟོབས།།
མུ་སྟེགས་དགྲ་ཚོགས་དར་བའི་ཁ་སྒོ་རུ།།
ལུང་རིགས་རྩལ་གྱིས་དྲངས་ན་ཅིས་མི་ཆོག །
ང་ཡི་ལྷག་བསམ་གསེར་གྱི་བང་བ་ནས།།
འཁྱོག་བྲལ་ངག་ཚིག་སྙན་པའི་མཆོད་ཡོན་འདི།།
དེབ་ཆུང་སྒེག་མོའི་ཕྱག་ཏུ་འབུལ་ཐུབ་ན།།
ཕྲག་དོག་སྡང་སེམས་བྲལ་བའི་སྐྱབས་འཇུག་ཞུ།།
སྒྲོ་སྐུར་གཏམ་གྱི་རོ་འཛིན་རྩད་ནས་བཅད།།
ཁ་ཡག་ཚིག་གི་སྤྲོས་པ་ཡེ་མེད་པས།།
ཁ་ཅིག་སྙིང་ལ་འཕོག་པའི་དུས་བྱུང་ཚེ།།
སྙིང་རྗེའི་སེམས་ཀྱིས་བདག་ལ་བཟོད་སྒོམ་གནོངས།།