ནམ་མཁའ།
སྦྱིན་པ་སེར་སྣ་འཐབ་པའི་དམག་དཔོན་སྤྲུལ་སྐུ་ཚོས།།
གཞན་ལ་རྒྱུ་ནོར་མི་རྟག་ཚིག་གི་མདའ་མོའི་མཚོན།།
དམག་འཐབ་མཁས་ཞིང་དཔའ་ངར་ལྡན་མོད་ཀྱང་།།
སྦྱིན་པ་མཐོང་ཚེ་བྲོས་ནས་སེར་སྣའི་ཁྱིམ་དུ་འཛུལ།།
ཚུལ་ཁྲིམས་རྩ་བཞིའི་སྐོར་བའི་འཐབ་རའི་དཀྱིལ།།
གོ་མཚོན་ངུར་སྨྲིག་སྤྲས་བའི་དགེ་བཙུན་ཚོགས།།
མི་ཚངས་སྤྱོད་ཀྱིས་ལུས་མདའ་འཕྱར་བའི་ཚེ།།
ཞུམ་སྟེ་མཛེས་ལྡན་ཕོ་མོའི་དཀྱིལ་ན་འཛུམ།།
གནོན་པར་དཀའ་བའི་སྟོབས་ཆེན་ཞེ་སྡང་ལ།།
སྲོག་ལྡན་ཀུན་གྱིས་དཀའ་ཐུབ་བཟོད་པ་ཡིས།།
འཐབ་པར་འདོད་ཀྱང་སྲིན་པོ་ཁྲོས་བའི་ཚེ།།
སྡར་མའི་མགོ་ལ་མཛེས་བའི་ཞི་བདེ་གྱོན།།
བརྩོན་འགྲུས་གོ་ཁྲབ་གྱོན་པའི་དགེ་བཅུའི་དམག་དཔོན་གྱིས།།
ལེ་ལོ་སྒྱུད་ལུག་ཆོམ་རྐུན་གྲོང་ཁྱེར་བཅོམ་འདོད་ཀྱང་།།
ཕྱི་མཛེས་སྒྱུ་མའི་དབྱུག་པས་རྔ་བོ་རྡུང་བའི་ཚེ།།
བརྩོན་པའི་དམག་དཔོན་སྐྲག་སྟེ་རྣམ་གཡེང་གྲོང་དུ་བྲོས།།
བསམ་གཏན་རིག་པའི་དཔའ་བོའི་རལ་གྲི་རྩེ་གཅིག་གིས།།
བྱིང་རྒོད་ཇག་རྐུན་གྲོང་ཚོགས་བཅོམ་ལ་འཐབ་པའི་ཚེ།།
རྒོད་པའི་འཕྲུལ་གྱིས་མཛེས་ལྡན་གྲོང་ལ་མགྲོན་བསུས་བས།།
ཏིང་འཛིན་བྱིང་པའི་ཆང་གིས་བཟི་སྟེ་རབ་རུབ་གྱུར།།
གོ་མཚོན་ཤེས་རབ་རལ་གྲི་ཐོག་པའི་སྤྲུལ་གཟུགས་འགས།།
ངར་འཛིན་ལྗོན་ཤིང་གཅོད་ཐབས་གཞན་ལ་འཆད་ཞོར་དུ།།
བདག་འཛིན་འགོག་པའི་ཤེས་རབ་རང་ལ་མ་གཏད་པར།།
ངར་འཛིན་ལྗོན་ཤིང་རྒྱས་བའི་ཁང་བཟང་དཀྱིལ་ན་ཉལ།།
༡༤/༦/༢༠༡༢ལ་ཡོ་རུབ་ནས་བྲིས།
སྤྱིར་དཔེ་སྦྱར་སྟངས་སྣང་བ་འགྲོ་སོང་།ཡིན་ཡང་གྲྭ་བཙུན་ཚོར་ཁ་རྡུང་ཞེ་དྲག་མི་གཏོང་བར་ཞུ།ཕར་ལྟོས་ཚོད་ཀྱིས་རྩོམ་གྱི་ཁྱད་ཆོས་སོགས་སུ་ཁྱེད་རང་ཡང་གྲྭ་བ་ཞིག་ཡིན་ནམ་ཡང་ན་དགེ་བོ་ཞིག་འདི་གཉིས་གང་རུང་རེད།
སྤྲུལ་སྐུ་ཚོར་བཤད་ན་དགའ་བོ་ཡོད།འདི་ཚོ་བཅིངས་གྲོལ་བྱེད་རན་འདུག
སྤྱིར་དཔེ་སྦྱར་སྟངས་སྣང་བ་འགྲོ་སོང་།ཡིན་ཡང་གྲྭ་བཙུན་ཚོར་ཁ་རྡུང་ཞེ་དྲག་མི་གཏོང་བར་ཞུ།ཕར་ལྟོས་ཚོད་ཀྱིས་རྩོམ་གྱི་ཁྱད་ཆོས་སོགས་སུ་ཁྱེད་རང་ཡང་གྲྭ་བ་ཞིག་ཡིན་ནམ་ཡང་ན་དགེ་བོ་ཞིག་འདི་གཉིས་གང་རུང་རེད།
སྤྲུལ་སྐུ་ཚོར་བཤད་ན་དགའ་བོ་ཡོད།འདི་ཚོ་བཅིངས་གྲོལ་བྱེད་རན་འདུག
ཡོ་རུབ་ནམ་མཁའ་ངོ་སོ་བསྟོད་རྒྱུ་བོ།།
ཆོས་ཚིག་ལུང་བ་གང་གི་མགོ་དཀྲུག་འདི།།
རྩ་འགྲེལ་དེབ་རྒན་ཞིག་ལ་མ་མཇལ་ན།།
ཀློག་གྱིན་རྨོངས་ཀྱིན་མི་འགྲོ་ཀ་མེད་རེད།།
སྦྱིན་པ་ལེན་པོ་ཡང་དག་མ་ཤེས་ན།
སྦྱིན་པ་འདི་ཡང་ང་རྒྱལ་འཕར་བའི་རྒྱུ།
སྦྱིན་པའི་ལས་ལ་བཞུགས་བའི་སྲིད་དོན་འགས།
སྦྱིན་པ་འདི་ནི་གཞན་མགོ་སྐོར་བའི་ཐབས།
ཁ་བརྡ་ཚང་ལ་སྨྲ་བརྗོད་རང་དབང་མི་འདུག་མོད། གང་ཡིན་ཟེར་ན། ངས་འདིར་བསམ་འཆར་ཞིག་སྤེལ་ཡང་ལམ་སོང་ཕྱིས་སོང་ངོ།