གངས་རིའི་ཨེ་ཝྃ་ཕོ་ཉ།
༡༽ གཏེར་ལས་མང་པོས་ས་གཞི་རྨ་ཁ་བཟོས།།
རུལ་སྲུང་མང་པོས་ཆབ་སྲིད་རྨ་ཁ་བཟོས།།
དགག་པ་མང་པོས་ཆོས་ལུགས་རྨ་ཁ་བཟོས།།…
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༢༽ གད་སྙིགས་མང་པོས་ཁོར་ཡུག་བཙོག་པ་བཟོས།།
གཞང་ཁང་མང་པོས་རང་ལུས་བཙོག་པ་བཟོས།།
སྐད་ཡིག་མང་པོས་ཕ་སྐད་བཙོག་པ་བཟོས།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༣༽ བུ་ལོན་མང་པོས་ཚོང་དཔོན་དབུལ་པོ་གཏང་།།
རྒྱན་འཛུགས་མང་པོས་ཁྱིམ་ཚང་དབུལ་པོ་གཏང་།།
འཁོར་རིག་མང་པོས་ཡུལ་ལུང་དབུལ་པོ་གཏང་།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༤༽ བུ་ཕྲུག་མང་པོས་ཕ་མ་མགོ་བསྐོར་གཏོང་།།
ཁེ་ལས་མང་པོས་མི་མང་མགོ་བསྐོར་གཏོང་།།
ལས་བྱེད་མང་པོས་རྒྱལ་ཁབ་མགོ་བསྐོར་གཏོང་།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད་།།
༥༽ ཚོང་པ་མང་པོས་ཕ་ནོར་ཕྱི་ལ་ཚོང་།།
འབྲོག་པ་མང་པོས་ཕྱུགས་ཟོག་བཤས་པར་ཚོང་།།
ཞིང་པ་མང་པོས་ས་ཞིང་གཞན་ལ་ཚོང་།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༦༽ སློབ་འབྲིང་སློབ་མ་ཟ་ཁང་གཡོག་དུ་རྒྱུགས།།
ལས་མེད་འཁྱམས་པོ་བདེ་སྲུང་ལས་ལ་རྒྱུགས།།
སྤྲུལ་པའི་སྐུ་རྣམས་མཛེས་མའི་ཕྱོགས་ལ་རྒྱུགས།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༧༽ གྲྭ་བཙུན་མང་པོ་དམ་ཚིག་སྡོམ་པ་མེད།།
ལོ་ཆུང་མང་པོ་ཤེས་ཡོན་རིག་གནས་མེད།།
མི་རྒན་མང་པོ་མི་རིགས་ལ་རྒྱ་མེད།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༨༽ མདུན་ལ་ཐུག་ན་ངོ་དགའ་སྤྲེལ་ལད་གླིང་།།
རྒྱབ་དུ་ཕྱོགས་ན་དེ་ཡི་སྐྱོན་རྣམས་གླིང་།།
མི་གསུམ་འདུས་ན་གཞན་སྐྱོན་ཁོ་ན་གླིང་།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད་།།
༩༽ ཕྱུག་པོ་ཕྱུག་པོའི་བར་ལ་ཕྲག་དོག་རེ།།
མི་རེའི་བར་ལ་འགྲན་སེམས་ཕྲག་དོག་རེ།།
མཁས་པའི་མཁས་པའི་བར་ལ་ཕྲག་དོག་རེ།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༡༠༽ ཡོན་ཏན་ཡོད་ན་མིག་ལ་དེ་མི་འགྲོ།།
དབང་ཆ་ཡོད་ན་མིག་ལ་དེ་མི་འགྲོ།།
རྒྱུ་ནོར་ཡོད་ན་མིག་ལ་དེ་མི་འགྲོ།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༡༡༽ ཟ་རྒྱུ་བྱུང་ན་སེམས་པ་གཅིག་དུ་མཐུན།།
སྨད་རྒྱུ་བྱུང་ན་སེམས་པ་གཅིག་དུ་མཐུན།།
གཡོ་རྒྱ་བྱུང་ན་སེམས་པ་གཅིག་དུ་མཐུན།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༡༢༽ མི་སྐྱོན་འཚོལ་ན་ཤེས་ཆེན་ལུང་པ་གང་།།
སྟོང་གཏམ་བཤད་ན་མཁས་པ་ལུང་པ་གང་།།
ལག་ལེན་བྱེད་དུས་བླུན་པོ་ལུང་པ་གང་།།
ད་ལྟའི་སྤྱི་ཚོགས་འདི་ལ་ཡིད་ཐང་ཆད།།
༢༠༡༤ལོའི་ཟླ་༡༢ པོའི་ཚེས་༢༡ ཉིན་བྲིས་པའོ།།
འདིར། གླིང་ངམ། གླེང་། ལགས།