རྐ་འོད་ཟེར་གྱིས་བསྒྱུར།
ད་ནི་མཚན་ཉིད་རིག་པའི་སྐོར་ནས་ཅུང་བཤད་པའི་དུས་ལ་བབ་འདུག མཚན་ཉིད་རིག་པའི་བསམ་བློའི་མཚོན་རྟགས་གལ་ཆེན་ཞིག་ནི། ནམ་ཡང་དངོས་པོ་ཞིག་ལ་ཕྱི་ཚུལ་གྱི་རིན་ཐང་གི་ཐད་ནས་མི་ལྟ་བར། ནམ་རྒྱུན་མིག་སྔའི་འཇིག་རྟེན་ལས་ལྷག་ཅིག་རྙེད་དུ་ཡོད་པ་ཁས་ལེན་འདོད་ཡོད་དགོས་པ་དེ་ཡིན། རྒྱུ་མཚན་ནི། དེ་རིང་ཧ་ཅང་མངོན་གསལ་ཡིན་པའི་བདེན་པ་ཞིག སང་ཉིན་དེ་འདྲ་ཞིག་གཏན་ནས་མིན་ཡང་སྲིད་པས་རེད།
མཚན་ཉིད་རིག་པའི་ཁྲོད་ནས་ཅུང་དཀའ་ཁག་ཆེ་བའི་འཚོལ་སྙེགས་ཤིག་ནི། རང་ཉིད་ཀྱིས་དངོས་ཡོད་དུ་འདོད་པའི་ལྡོག་ཕྱོགས་དེ། དོན་དངོས་ཀྱི་དངོས་ཡོད་ཞིག་ཡིན་མིན་ཐད་བསམ་གཞིགས་ནན་མོ་བྱེད་དགོས་པ་དང་།ཅི་ལྟར་ཆོས་དེ་གཉིས་ཀའི་མི་འདྲ་བའི་ཁྱད་པར་ཤེས་པར་བྱེད་དགོས་རྒྱུ་དེ་རེད།
སྟབས་ལེགས་པ་ཞིག་ལ། མཚན་ཉིད་རིག་པའི་འགྲུལ་བཞུད་རིང་མོའི་ཁྲོད་ནས། དངོས་པོའི་ཆོས་ཉིད་ལ་ཞིབ་འཇུག་བྱེད་སྐབས། འདིའི་ཐད་མི་སྣ་འགའ་ཤས་ཀྱིས་ལམ་སྟོན་བྱེད་ཐུབ་ཀྱི་ཡོད། འགྲུལ་བཞུད་འདིའི་ཁྲོད་དངོས་གནས་ཕན་ཐོགས་ཡོད་པ་དེ་སུ་རེད་ཅེས་ན། ལི་ནཱ་ཊོ། ཌེ་ཁཱབ་རེའོ་རེད།
བདག་གིས་བཤད་འདོད་པ་ནི། སྒྱུ་རྩལ་གྱིས་ཕྱུག་པའི་ཁྲབ་སྟོན་པ་མང་པོ་ཞིག་གིས། ཁྱེད་རང་དངོས་ཡོད་དང་བདེན་དོན་གཞན་ཞིག་ལ་ཁྲིད་ནུས་པ་དེ་རེད། འོན་ཀྱང་། ངས་དེ་ཙམ་གཅིག་པུའི་སྐོར་ཤོད་ཀྱི་མེད། ངས་ཤོད་ཀྱིན་པ་ནི། ལིའོ་ཡིས་མི་རྣམས་ཀྱི་རྨི་ནང་བཙན་འཛུལ་བྱས་ནས། དེ་དག་གི་རྨི་ལམ་རྐུ་བའི་རྐུན་མ་ཞིག་ཁྲབ་སྟོན་བྱས་ཡོད་པའི་ཚན་རིག་རྟོགས་བཏཊ་གློག་བརྙན་<<མཚམས་སྦྱོར།>>ཞེས་པ་དེ་ཡིན།
དཔེར་ན། གལ་ཏེ། ཁྱེད་ཀྱིས་ཆེས་མཐོའི་དབུ་ཁྲིད་ཅིག་ལས་འབྲེལ་ཡོད་གསང་བ་རྐུ་འདོད་པའམ། རྒྱལ་ཁབ་ཀྱི་གཙོ་འཛིན་ཞིག་ལས་དམག་སྲིད་འཆར་གཞི་གསང་ལེན་བྱེད་འདོད་ཚེ། དེ་ནི་ཆེས་ཕན་ཐོགས་པའི་ནུས་རྩལ་ཞིག་རེད།
འོན་ཀྱང་། ཆེར་མ་འགོར་བར། གློག་བརྙན་དེ་ལས་ལེའོ་ཡི་རུ་ཁག་གི་ནང་ནས་མི་འགའ་ཤས་དཀའ་ཁག་ཅིག་ལ་ཕྲད་པ་སྟེ། ཁོ་ཚོས་རྨི་ལམ་ཞིག་དང་། རྨི་ལམ་གཞན་ཞིག་གི་བར་གྱི་ཁྱད་པར་དང་། རྨི་ལམ་དང་དངོས་ཡོད་འཚོ་བའི་བར་གྱི་ཁྱད་པར་འབྱེད་མི་ཐུབ་པར་གྱུར། གློག་བརྙན་དེའི་ནང་རྨི་ལམ་གྱི་འཇིག་རྟེན་དུ་འཚོ་བའི་མི་ཧ་ཅང་མང་པོ་ཡོད་ཅིང་། ཁོ་ཚོས་རང་ཉིད་འཚོ་བ་དངོས་ཀྱི་ནང་འཚོ་བཞིན་ཡོད་འདོད་ཀྱི་ཡོད་པ་རེད། ཁོ་ཚོར་མཚོན་ན། རྨི་ལམ་ནི་ཁོ་ཚོའི་ཡོད་ཚད་ཡིན། རྨི་ལམ་ནི་ཁོ་ཚོའི་དངོས་ཡོད་དུ་གྱུར་ཡོད་མོད།
གཉིད་དུ་ཡུར་བའི་མི་རྣམས་ཀྱི་ལུས་མཐོང་བའི་མི་དག་སྟེ། རྨི་ལམ་གྱི་ཕྱི་རོལ་གྱི་མི་རྣམས་ཀྱིས་བལྟས་ན། ཁོ་ཚོས་འཚོལ་སྙེག་བྱེད་བཞིན་པ་ནི་སྒྱུ་མ་ཙམ་ཡིན་པ་དེ་རེད། གློག་བརྙན་ཞིག་ལ་མཚོན་། དེ་ནི་རྨད་དུ་བྱུང་བའི་བརྗོད་བྱ་ཞིག་རེད། གློག་བརྙན་དེར་ལྟོས་དང་། ཁྱེད་ཀྱིས་དེ་མ་བལྟས་གོང་ནས། ངས་བཤད་ཚར་ཡོད་པ་དེ་འདྲ་མིན། ཁྱེད་ཀྱིས་ད་དུང་བལྟ་ཆོག
<<མཚམས་སྦྱོར།>>ཞེས་བའི་གློག་བརྙན་གྱིས་དྲིས་པའི་གཞི་རྩའི་དྲི་བ་དེས། ནུབ་ཕྱོགས་ཚན་ཉིད་རིག་པའི་ཆེས་འགོ་སྟོད་ནས་བཟུང་། མཚན་ཉིད་རིག་པ་བ་མང་པོ་ཞིག་ཨར་ལ་གཏད་ཡོད་པ་རེད།
ད་ལྟའི་དངོས་ཡོད་ནི་དངོས་ཡོད་མ་ཡིན་པ་ཞིག གཏན་ནས་ཡིན་མི་སྲིད་པ་ལྟ་བུ་ཞིག་མ་རེད་དམ། དྲི་བ་འདི་བརྒྱུད་པར་ང་ཚོར་རོགས་རམ་བྱེད་མཁན་ལི་ནཱ་ཊོ། ཌེ་ཁཱབ་རེའོ་མ་བྱུང་བའི་ཡར་སྔོན་དུ། ཕི་ལའེ་ཊོ་ཡོད་པ་རེད།
ལོ་ངོ 2400 ཡས་མས་ཀྱི་གོང་ཏུ་ཕི་ལའེ་ཊོ་ཡིས་<<སྤྱི་མཐུན་རྒྱལ་ཁབ།>>ཅེས་མིང་དུ་གྲགས་པའི་དེབ་ཅིག་བྲིས་ཤིང་། དེབ་དེའི་ནང་དུ་ཆོས་ཉིད་ཀྱི་འགྲེལ་བཤད་ཕལ་ཆེར་དེའི་སྔོན་དང་། དེའི་ཚུན་ཆེད་ནས་གཞན་སུས་ཀྱང་བྱེད་མ་ཐུབ་པ་ཞིག་བྱས་ཡོད་པ་རེད། འགྲེལ་བཤད་དེ་ནི། སྐྱེས་པ་ནས་བཟུང་གདོང་རྩིག་ལྡེབས་ལ་གཏད་དེ། མུན་ནག་གི་བྲག་ཕུག་ཏུ་བཅུག་པའི་བཙོན་པ་འགའ་ཤས་ཀྱི་སྐོར་བཤད་ནས། ཁོང་གིས་ཆོས་ཉིད་ཀྱི་འགྲེལ་བཤད་གསལ་པོར་བཞེངས་ཡོད་པ་ཞིག་རེད།
བཙོན་པ་དེ་གི་རྒྱབ་ཕྱོགས་ནས་ཕྱིན་པའི་མི་དང་ཅ་དངོས་སོགས་ནི། མེ་འོད་ལ་བརྟེན་ནས་བཙོན་པ་དེ་དག་གི་བྲག་ལྡེབས་ན་གྲུབ་གཟུགས་སུ་འཆར་གྱི་ཡོད་པ་རེད། དེར་བརྟེན། བཙོན་པ་དེ་དག་གིས་མཐོང་བ་ནི། གྲུབ་གཟུགས་སུ་འཆར་བའི་བརྙན་རིས་དག་ཡིན་ལ། ཁོས་ཚོས་གྲུབ་གཟུགས་ནི་དངོས་ཡོད་ཀྱི་ཆོས་གང་ཡིན་པ་དེ་ཡིན་པར་འདོད་ཀྱི་ཡོད།
ཁྱེད་ཀྱིས་འཇིག་རྟེན་ནས་མཐོང་ཚད། གྲུབ་གཟུགས་ཙམ་ཡིན་པ་ལས་གཞན་ཅི་ཡང་མི་ཤེས་པའི་འཆར་ཡན་ཞིག་བྱོས་དང་། ངོས་གསུམ་ལྡན་དངོས་གཟུགས་ཀྱི་གོ་བ་ཙམ་ཡང་མི་རྙེད་པ་མ་ཡིན་ནམ།
ཉིན་གཅིག་བཙོན་པ་དེ་དག་ལས་གཅིག་གིས་ལྕགས་ཐག་གྲོལ་ཏེ། ཕྱི་རོལ་གྱི་སྣང་བའི་ཁྲོད་གོག་འགྲོས་སུ་བྲོས་མ་སོང་བར་བཙོན་པ་དེ་གིས་གྲུབ་གཟུགས་ནི། དངོས་ཡོད་ཅིག་ཡིན་པར་བསམ་སྟེ་མི་ཚེ་ཧྲིལ་པོ་ཞིག་བསྐྱལ་བ་རེད།
མེ་འོད་སྦར་བའི་མུན་ནག་བྲག་ཁུང་དུ་འཚོ་བ་བསྐྱལ་བའི་རྐྱེན་གྱིས། ཕྱི་རོལ་དུ་བྲོས་བའི་མི་དེ། ཐོག་མར་ཉི་འོད་ཀྱི་རྐྱེན་གྱིས་མིག་གིས་མི་མཐོང་བར་གྱུར་ན་ཡང་། རིམ་བཞིན་ཁོས་བྲག་ཁུང་ཕྱི་རོལ་གྱི་བྱ་དངོས་རྣམས་ནི། ཐེངས་ཤིག་ཁོས་དངོས་ཡོད་དུ་བལྟས་པའི་གྲུབ་གཟུགས་ཀྱི་སྣང་བརྙན་དག་དང་ཧ་ཅང་གིས་ཐག་རིང་བ་དང་། ཕྱིའི་དངོས་པོ་དག་ནི་རྫས་སུ་གྲུབ་ཅིང་། ཕྱོགས་ངོས་མི་འདྲ་བ་གཞན་དག་ཀྱང་ཡོད་པ་ཞིག་ཡིན་པ་མཐོང་རྒྱུ་བྱུང་བ་རེད།
སྐར་མ་གཅིག་ཙམ་གྱི་སྔོན་ལ་ཁྱེད་ཀྱིས་དངོས་ཡོད་ཡིན་པར་ངོས་འཛིན་བྱེད་པའི་བྱ་དངོས་དག གློ་བུར་དུ་དངོས་ཡོད་ཀྱི་སྐྱ་ཐིག་ཙམ་ཞིག་ཏུ་གྱུར་ན། ཚོར་བ་ཅི་ལྟ་བུ་ཞིག་ཡོང་རྒྱུ་རེད། འདི་ནི་གློག་བརྙན་<<མཚམས་སྦྱོར།>>ཞེས་པའི་ནང་གི་མི་སྣ་ཚོར་མང་དུ་ཡོང་བ་ཞིག་ཡིན། ཁོ་ཚོས་དངོས་ཡོད་ལ་རིམ་པ་མང་པོ་ཞིག་ཡོད་པར་རྟོགས་པ་ན། ཁོ་ཚོས་རང་ཉིད་ཀྱི་འཁོར་ཡུག་གི་འཇིག་རྟེན་ལ་སྔར་གྱི་ལྟ་སྟངས་ཀྱིས་གཏན་ནས་མི་བལྟ་ཞིང་། མི་སྣ་དེ་དག་གི་ཁྲོད་ནས་མང་པོ་ཞིག་ལ་མྱོང་བ་འདི་ནི་བཟི་ཆང་ལྟ་བུ་ཞིག་ཏུ་གྱུར་བ་རེད།
འདི་ནི་ཕི་ལའེ་ཊོ་ཡིས་བྲིས་པའི་བཙོན་བྱོལ་བ་དེ་ལ་གང་བྱུང་བ་དེ་ཡང་ཡིན། བཙོན་བྱོལ་བ་དེ་ཕྱིར་བྲག་ཕུག་ཏུ་ཕྱི་རོལ་ནས་ཁོས་དབྱིངས་ཆེ་བའི་གནས་ཚུལ་ཅི་ཞིག་རྟོགས་པ་རང་གི་གྲོགས་པོ་ཚོར་བཤད་དུ་སོང་མོད། གླེང་མོལ་དེ་ཁོས་བསམ་པ་བཞིན་ག་ལ་ཡོང་སྲིད། བཙོན་བྱོལ་བ་དེས་རང་གི་གྲོགས་པོ་ཚོ་ནི། རང་ཉིད་ཀྱིས་ཅི་ཞིག་ཤེས་རྟོགས་བྱུང་བར་ཡ་མཚན་ཞིང་། རང་ཉིད་བཞིན་ཕྱི་རོལ་ཏུ་འགྲོ་འདོད་དང་བཅས་ཁོ་དང་ལྷན་དུ་ཡོང་བར་རེ་བ་བྱས་ཡོད་མོད། གྲོགས་པོ་ཚོས་ཁོ་སྨྱོས་འདུག་བསམ་པ་དང་། ཁོའི་བཙོན་གྲོགས་ཚོར་མཚོན་ན། བཙོན་བྱོལ་བ་ཁོས་ཚད་མཐོའི་བདེན་པ་ཞེས་ཟེར་བ་ཞིག་སྟེ། ཁོ་ཚོར་ནམ་ཡང་མཐོང་ཐོས་དང་། བདེན་དཔང་ཅི་ཡང་མེད་པ་ཞིག་ཤོད་ཀྱི་ཡོད་པ་ཙམ་རེད།
གནད་དོན་དག་ཇེ་སྡུག་ཏུ་གཏོང་བ་ཞིག་ལ། སྣང་བའི་ཁྲོད་བསྡད་རྗེས་སླར་མེ་འོད་སྦར་བའི་བྲག་ཕུག་ཏུ་སོང་བས་ཁོ་གནས་སྐབས་སུ་ལོང་བར་གྱུར་སྟབས། ཁོའི་གྲོགས་པོ་ཚོས་བལྟས་ན། ཁོ་ཕྱི་རོལ་གྱི་འཇིག་རྟེན་དུ་སོང་བ་དེས་ཁོ་ལ་གཏོར་བརླགས་བཏང་ཡོད་པ་སྟེ། ཁོ་ལ་དེ་སྔོན་ཡོད་མྱོང་བའི་འཇིག་རྟེན་ཏེ། གྲུབ་གཟུཊ་ཀྱི་སྣང་བརྙན་དག་ཀྱང་ད་ལྟ་ཁོས་མཐོང་མི་ཐུབ་པ་དེ་རེད།
གོང་དུ་བཤད་པའི་བསམ་བློ་འདི་ལྟ་བུ་ཞིག་འཁོར་བ་ལ། ཁྱེད་རང་ཕི་ལའེ་ཊོ་འམ། ཆེར་སི་ཊོ་ཧྥིར་ནཱོ་ལིན་ལྟ་བ་ཞིག་ཡིན་དགོས་དོན་མེད། དཔེར་ན། ཁྱེད་རང་གི་བྱིས་དུས་ཀྱི་ཆེས་ཐོག་མའི་དོམ་ཕྲུག་རྩེད་ཆས་དེ་དྲན་གྱི་འདུག་གམ། མཚན་ཉིད་རིག་པའི་ཆ་ནས་བཤད་ན། དོམ་དེ་ནི། དེ་དུས་ཁྱེད་རང་ཐུག་པའི་དོམ་གཅིག་པུ་དེ་རེད་ལ། ཁྱེད་ཀྱི་དོམ་ཞེས་བའི་གོ་བ་གཅིག་པུ་དེ་ཡང་ཡིན། དེ་ནས་ཉིན་ཞིག ཁྱོད་རང་གཅན་གཟན་ར་བ་ཞིག་གམ། སྲོག་ཆགས་གླིང་ག་ཞིག་ཏུ་སོང་ནས། དོམ་ངོ་མ་ཞིག་མཐོང་བ་ན། ཁྱེད་རང་གི་དེ་སྔོན་གྱི་དོམ་གྱི་གོ་རྟོགས་ནི། དོམ་ངོ་མ་དང་རྒྱང་ཐག་ཧ་ཅང་རིང་བ་གློ་བུར་ཏུ་ཤེས་ཤིང་། དོམ་ངོ་མ་དག་ལ་ནི་གོས་སྒྲོག་གི་མིག་ཟུང་མེད་ཅིང་། སྐུད་པས་བཟོས་པའི་འཛུམ་ཆུང་ཡང་མེད་པར་མ་ཟད། ཁྱེད་ཀྱིས་དོམ་དེ་དག་ལ་འཐམ་འཁྱུད་ཡང་བྱེད་མི་འོས་པ་རེད། ཁྱེད་རང་གི་མི་ཚེའི་ཐོག་མའི་ལོ་ཟླ་དག་གི་རིང་། ལུས་དང་གླན་ནས་འཚོ་བ་བསྐྱལ་བའི་དོམ་དེ་ནི། དོམ་ངོ་མ་ཞིག་གི་གྲུབ་མའི་འདྲ་གཟུགས་ཙམ་ཞིག་ཡིན་པ་དེ་རེད།
ད་ནི་ཅུང་ནར་སོན་གྱི་དཔེ་མཚོན་རེ་བཤད་ན། གཅིག་བྱས་ན། ཁྱོད་རང་ན་ཟླ་ཚོའི་གྲས་ནས་བརྩེ་དུང་ཞེས་པ་དེ་ཐོག་མར་མྱོང་མཁན་ཞིག་ཡིན་སྲིད་ཅིང་། ཁྱེད་ཀྱིས་རང་ཉིད་ཀྱི་གྲོགས་པོ་ཚོས་མཐོང་མི་ཐུབ་འཇིག་རྟེན་གསར་བ་ཞིག་ལ་མིག་འབྱེད་ཐུབ་སོང་སྙམ་དུ་ཚོར་ཡོད་སྲིད་ལ། ཁྱེད་ཀྱིས་རང་ཉིད་ལ་གནས་ཚུལ་ཅི་ཞིག་བྱུང་བ་དང་།ཁྱེད་རང་གི་ཚོར་བ་ཅི་ལྟ་བུ་ཞིག་ཡིན་པ་ཁོ་ཚོར་འགྲེལ་བཤད་བྱས་ཚེ། གཅིག་བྱས་ན། ཁོ་ཚོ་ཚང་མས་ཁྱེད་རང་སྨྱོས་འདུག་དྲན་ཡོད་སྲིད། འདི་ནི་ང་ཚོའི་མི་སྣ་བཙོན་བྱོལ་བ་ཁོ་སླར་ཡང་བྲག་ཕུག་དུ་སོང་སྐབས་ཁོ་ལ་གང་བྱུང་བ་དེ་རེད།
དེས་ན། ཕི་ལའེ་ཊོ་ཡིས་ང་ཚོར་གཏམ་རྒྱུད་དེ་ཅིའི་ཕྱིར་བཤད་པ་རེད་དམ་ཟེར་ན། དེ་ནི་དོམ་དང་རྩེད་ཆས་དག་ང་ཚོའི་བསམ་བློའི་ནང་འཁོར་བ་ཇི་བཞིན་ཞིག་མ་ཡིན་པར་རྟོགས་སྐབས། “ཨ་ལེ་”ཟེར་བ་ལྟ་བུའི་གནད་དོན་ཙམ་ཞིག་སྟོན་པའི་ཆེ་མ་ཡིན་པར། དེ་ཡིས་དེ་ལས་ལྷག་ཅིག་ཤོད་ཀྱི་ཡོད་པ་རེད། ཕི་ལའེ་ཊོ་ཡིས་ད་ལྟའི་ང་ཚོ་ནི། བྲག་ཕུག་ནང་གི་བཙོན་པ་འགའ་ཡིན་པར་རྟོགས་སུ་འཇུག་འདོད་པ་སྟེ། ང་ཚོའི་འཇིག་རྟེན་ཁྲོད་ཀྱི་ཡོད་ཚད་ནི། ཚད་མཐོ་བའི་ཆོས་ཉིད་ཀྱི་ངོས་ནས་བལྟས་ན། དེ་དག་ནི། ཚད་མཐོའི་ཆོས་ཉིད་ཀྱི་གྲུབ་གཟུགས་ཙམ་ཞིག་ཡིན་པ་དེ་རེད། གཏམ་རྒྱུད་ཁྲོད་ཀྱི་མི་དེས་ཐེངས་ཤིག་གྲུབ་གཟུགས་རྣམས་དངོས་ཡོད་དུ་ནོར་བ་བཞིན། ང་ཚོ་ནི་རང་ཅག་གི་བྲག་ཕུག་ནང་གི་བཙོན་པ་ཡིན་པ་དེ་རེད།
གྲུབ་གཟུགས་དག་སྤྱིར་བཏང་བའི་འཇིག་རྟེན་གྱི་བྱ་དངོས་དག་ལ་ནོར་བ་ལས་ལྡོག་སྟེ། ང་ཚོའི་ནོར་བ་ནི། སྤྱིར་བཏང་བའི་འཇིག་རྟེན་གྱི་བྱ་དངོས་རྣམས་ཆེས་མཐར་ཐུག་གི་བདེན་པ་ཡིན་པར་འདོད་པ་དེ་རེད། ཕི་ལེ་ཊོ་ཡིས་བཤད་རྒྱུར། ཕྱི་དངོས་པའི་འཇིག་རྟེན་ཏེ། ང་ཚོས་ཆེས་བདེན་པ་ཞིག་ཏུ་འཛིན་པ་དེ་ནི། དོན་དངོས་སུ་ཚད་མཐོའི་བདེན་པའི་གྲུབ་བརྙན་ཙམ་ལས་གཞན་ཅི་ཡང་མ་ཡིན་ཟེར།
གལ་ཏེ། ཁྱེད་རང་སྐད་ཆ་འདི་ལ་ཧ་ལས་ཀྱི་འདུག་ན། སྐབས་ཤིག་ལ་བདེན་དོན་དུ་བརྩིས་པའི་འདོད་ཚུལ་འགའ་ཤས་ནི། ཅང་མ་འགོར་བར་ཆེས་ནོར་བ་ཞིག་ཏུ་གྱུར་བ་ཡོད་པའི་སྐོར་ལ་བསམ་བློ་ཞིག་ཐོངས་དང་། སའི་གོ་ལའི་དབྱིབས་གཟུགས་ཀྱི་སྐོར་དང་། སའི་གོ་ལ་ནི་འཇིག་རྟེན་གྱི་དཀྱིལ་དུ་ཡོད་པར་འདོད་པ། ཉལ་ཐ་དཔའ་མོ་ཞེས་པ་དེ་དང་། ཐ་མག ཀླད་པའི་རྩ་དཀར་འདྲེག་གཅོག་སོགས་མི་རྣམས་ལ་ཕན་ཐོགས་ཡོད་པའི་འདོད་ཚུལ་དེ་དག་སྟེ། ཐེངས་ཤིག་བདེན་པ་རུ་བརྩིས་པ་དེ་ཚོ་ནི། དོན་དངོས་སུ་དངོས་ཡོད་དང་ཁ་ཐག་ཧ་ཅང་རིང་བར་གྱུར་བ་མ་ཡིན་ནམ། དེར་བརྟེན། མཚན་ཉིད་རིག་པའི་བྲག་ཁུང་ཞེས་གྲགས་པའི་སྒྲུང་ཐུང་ཐུང་འདིའི་ནང་མང་པོ་མང་པོ་ཞིག་འདུས་འདུག་པ་མ་ཡིན་ནམ།
ཕི་ལེ་ཊོ་ཡིས་ཁྱེད་ལ་འཇིག་རྟེན་ནི། ང་ཚོར་སྣང་བ་བཞིན་བདེན་པར་ཡོད་པ་ཞིག་མིན་པ་ཤོད་ཀྱི་ཡོད་པ་རེད། མཚན་ཉིད་རིག་པའི་སྐོར་ནས་བཤད་ན། མཚན་ཉིད་རིག་པར་འཇུག་པ་ནི། ལས་སླ་པོ་ཞིག་མ་རེད། ང་ཚོས་རྒྱུན་དུ་ཨ་འཐས་སུ་བདེན་དོན་དུ་བཟུང་བའི་བྱ་དངོས་རྣམས། དོན་དངོས་སུ་ནོར་བ་ཞིག་ཡིན་པར་ཁས་ལེན་པ་འདིས། ང་ཚོ་དོགས་མ་བདེ་བ་ཞིག་ཏུ་གཏོང་སྲིད་པ་རེད་ལ། ང་རང་ཚོ་གནས་སྐབས་སུ་ལོང་བར་གྱུར་བ་ལྟ་བུ་ཞིག་ཚོར་དུ་འཇུག་ཀྱང་སྲིད་པ་དེ་རེད།
ང་ཚོས་རང་ཉིད་ཀྱི་ལྟ་ཚུལ་རྙིང་པ་དག་ནི། དེ་ཙམ་ངེས་གཏན་མེད་པ་ཞིག་ཡིན་པ་རྟོགས་སྲིད་མོད། ད་དུང་ལྟ་ཚུལ་གསར་པ་དག་གི་སྐོར་ལ་ཡང་དེ་ཙམ་བློ་བདེ་བའི་ངེས་ཤེས་འདང་ངེས་ཤིག་མི་རྙེད་པ་རེད། དེ་ཙམ་དུ་མ་ཟད། ང་ཚོའི་མཚན་ཉིད་རིག་པའི་འགྲུལ་བཞུད་འདིའི་ནང་མཉམ་སྐྱོད་མ་ཐུབ་པའི་གྲོགས་པོ་དག་གིས་ནི། ང་ཚོ་སྨྱོས་འདུག་བསམ་སྲིད་ལ། ཡང་ན། གྲོགས་དེ་དག་གིས་འུ་ཅག ང་རྒྱལ་ཆེ་ཞིང་གུ་དོག་རང་ལུགས་པ་ཞིག་སྟེ། འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ཀྱི་སྐོར་ངས་རྟོགས་སོ་སྙམ་མཁན་ཞིག་གི་གམ་དུ་ཁྲིད་ཀྱང་སྲིད།
འོན་ཀྱང་། མཚན་ཉིད་རིག་པ་ནི་ཆེས་རྨད་དུ་བྱུང་བ་ཞིག་ཡིན་པས། སྟུད་མར་སྐྱེ་བའི་ཟུག་གཟེར་དག་ལས་ང་ཚོ་ཡོངས་སུ་ཐར་བ་ན། ང་ཚོར་བྱ་དངོས་དག་སྣང་ཚུལ་ཞིག་གསར་བ་ཞིག་སྒོ་ནས་སྣང་བ་ཡིན། ད་ནི། ང་ཚོས་དེ་སྔ་རང་ཉིད་འཁྲུལ་མྱོང་ཡོད་པའི་བྱ་དངོས་དག་གི་ཐད་ནས་ཀྱང་བལྟ་ཐུབ་པ་ཡིན་པས། གནད་དོན་འདིས་ང་ཚོར་གསེད་གྲོལ་བྱེད་རྒྱུའི་གནད་ཞིག་ཁྲིད་ཡོང་བ་ཡིན་ཏེ། གཤམ་གྱི་སྐད་ཆ་འདིར་བསམ་བློ་ཞིག་ཐོངས་དང་།
“ཞི་མི་ཡིན་སྟོང་ལ་མཇུག་མ་གཉིས་ཡོད་ཅིང་། ཞི་མི་ཚང་མར་ཞི་མི་ཡིན་སྟོང་ལས་མཇུག་མ་གཅིག་ལྷག་མ་ཡོད་པས། དེས་ན་ངེས་པར་དུ་ཞི་མི་ཚང་མར་རྔ་མ་གསུམ་ཡོད་པར་འགྱུར།”ཞེས་པ་དེ་རེད།
ད་ནི་ཁྱེད་ཀྱིས་དེ་ནི་སེད་གྲོལ་བྱེད་དགོས་པ་ཞིག་མ་རེད། དེ་ནི་ནོར་ཡོད་པ་ཧ་ཅང་གསལ་པོ་རེད་འདོད་ཀྱི་ཡོད་སྲིད།
བདག་གིས་བཤད་འདོད་པ་ནི། སྐད་ཆ་དེའི་བརྗོད་པ་གོང་མ་གཉིས་ལ་ནི། མ་འགྲིག་པ་ཅི་ཡང་མི་སྣང་མོད། མཇུག་སྡོམ་ནི། ཅི་ཟེར་གྱི་འདུག་ཨང་། ཟེར་དགོས་པ་ལྟ་བུ་ཞིག་རེད། སྐད་ཆ་འདི་ཡིས་ང་ཚོས་གནད་དོན་ཞིག་ལ་འཚོལ་ཞིབ་བྱེད་སྐབས་ཀྱི་བརྗོད་བྱེད་སྐད་ཆའི་ཁྱད་མཚར་བའི་ཁྱད་ཆོས་སེད་གྲོལ་བྱེད་ཀྱི་ཡོད། ལྷག་པར་དུ་བརྗོད་པ་དང་པོའི་ནང་གི་ཚིག་ཞི་མི་ཡིན་སྟོང་ནི། ཞི་མིས་སྟོང་པ་སྟེ། ཞི་མི་མིན་པར་གོ་ཞིང་། སྐབས་དེར་ང་ཚོས་མཇུག་མ་གཉིས་ཡོད་ཅིང་། ཞི་མི་མིན་པ་དག་གི་སྐོར་ལ་བསམ་བློ་གཏོང་ཞིང་། ཐ་ན། མཇུག་མ་གཉིས་ཡོད་པ་ཞིག་སེམས་ལ་འཆར་དུའང་མེད་སྲིད་མོད། བརྗོད་པ་གཉིས་པའི་ནང་གི་ཚིག་ཞི་མི་ཡིན་སྟོང་ཞེས་པ་དེས། དེ་ནི་མེད་པ་ཞིག་ཡིན་པ་ལས་ལྡོག་ནས། དེ་ནི་གཞི་གྲུབ་ཀྱི་ཆོས་ཞིག་ཏུ་ཡིན་པར་དྲན་དུ་འཇུག་སྟེ། བརྗོད་ཚིག་དེ་དག་གི་རྐྱེན་གྱིས་ཞི་མི་ཡིན་སྟོང་ནི། རྟོགས་བཏགས་ཀྱི་སྲོག་ཆགས་མཇུག་མ་གཉིས་ཡོད་པ་ཞིག་དྲན་དུ་བཅུག་པས། ང་ཚོ་མཐའ་སྡོམ་སྟེ། ཞི་མི་ཚང་མར་ཞི་མི་ཡིན་སྟོང་ལས་མཇུག་མ་གཅིག་ལྷག་མ་ཡོད་ན། ཞི་མི་ཀུན་ལ་མཇུག་མ་གསུམ་ཡོད་དགོས་པའི་སྡོམ་ནོར་བ་དེར་ཁྲིད་པ་རེད།
ང་ཚོས་སྡོམ་ཚིག་འདིའི་ནོར་ས་རྙེད་པར་ཏོག་ཙམ་འགོར་སྲིད་མོད། མཇུག་སྡོམ་ནོར་བ་ཡིན་དོན་ནི། དེའི་ནང་དུ་མེད་པ་ཞིག་ཡོད་པ་ཞིག་ལ་ནོར་ཡོད་པས་ཡིན། འོན་ཀྱང་། གནས་རིམ་ངེས་ཅན་ཞིག་ནས་བཤད་ན། གནད་དོན་འདིས་ང་ཚོ་ཅུང་ཐེ་ཚོམས་སུ་འཇུག་པ་སྟེ། ཚིག་དེ་དག་གིས་ཞི་མི་ཡིན་སྟོང་ཞེས་པ་དེ་དངོས་ཡོད་ཀྱི་སྲོག་ཆགས་ཤིག་ལ་འཁྲུལ་དུ་བཅུག་པས་རེད།
གནད་དོན་འདི་འདྲ་བ་དག་སེད་གྲོལ་བྱེད་པ་ནི། ཅི་ཞིག་གི་སྒོ་འབྱེད་པ་དང་སྒོ་རྒྱག་པར་བྱེད་པའི་མཐེབ་ཆུ་ཞིག་མནོན་པ་དང་འདྲ་བར། ཐོག་མར་ང་ཚོ་གནད་དོན་དེའི་སྐོར་ལ་རྨོངས་ནས་ཡོད་ཀྱང་། དེ་ནས་འཁྲུལ་གཞི་དེ་ཧ་ཅང་གསལ་པོར་མཐོང་བ་དེ་རེད། དེ་ནི་ཅི་ཞིག་དོན་དངོས་ཡིན་མིན་འཚོལ་བའི་གནད་དོན་ཞིག་ཡིན་པར་མ་ཟད། ཕི་ལའེ་ཊོ་ཡིས་མཚན་ཉིད་རིག་པ་ཡང་དེ་འདྲ་ཞིག་ཡིན་པར་འདོད་པ་སྟེ། མུན་ནག་ཁྲོད་ནས་སྣང་བའི་ཁྲོད་དུ་འགྲོ་བ་ནི། མགོ་རྨོངས་བྱེད་ཞིག་ཡིན་ལ་ཤེས་རབ་ཀྱི་སྣང་བ་སྟེར་བར་བྱེད་པ་ཞིག་ཀྱང་ཡིན་པ་དེ་རེད།
ང་ལ་མཚོན་ན། བརྗོད་པ་དེའི་སྡོམ་ཚིག་ནོར་ཡོད་པ་ནི། ཅུང་སྟབས་མ་ལེགས་པ་ལྟ་བུ་ཞིག་རེད། རྒྱུ་མཚན་ནི། རྔ་མ་གསུམ་ཅན་གྱི་ཞི་མི་ཞིག་ཡོད་ན། ངས་བལྟ་འདོད་འདུག དྲང་མོར་བཤད་ན། རྒྱུན་ལྡན་གྱི་ཞི་མི་ཞིག་ལ་བལྟས་པ་ལྟར་བལྟ་འདོད་འདུག
ད་ནི་ང་ཚོས་ལེ་ཚན་འདི་བརྒྱུད་ནས། ཕི་ལེ་ཊོ་ཡི་སྙན་གྲགས་ཆེ་བའི་མཚན་ཉིད་རིག་པའི་བྲག་ཕུག་ཅེས་པ་དེ་བཤད་ཚར་བ་ཡིན། བཀའ་དྲིན་ཆེ།
ལི་ནཱ་ཊོ། ཌེ་ཁཱབ་རེའོ་ནི།
མིང་དུ་གྲགས་པའི་གློག་བརྙན་རྒྱ་མཚོའི་གོ་ཆགས་ཞེས་པའི་ནང་གི་མི་སྣ་གཙོ་བོ་ཇཱེ་ཁུ་ཞེས་པ་དེ་ཁྲབ་སྟོན་པ་ཡང་ཡིན།
མང་པོ་ཞིག་གིས་བཀླགས་མ་མོང་བའི་དོན་གལ་ཆེན་པོ་ཞིག་བོད་ཡིག་ནང་དུ་སྒྱུར་བ་ཤིན་ཏུ་ལེགས། བོད་འགྱུར་གནང་བར་བཀའ་དྲིན་ཆེ་ཞུ།
བཀའ་དྲིན་ཆེ།