ཨ་རིག་འགྱུར་མེད།
གཅེས་པར་འོས་པའི་ངའི་ཕུ་ནུ་མིང་སྲིང་ཚོ། ཁྱེད་ཚོའི་ཁམས་བཟང་། ང་ནི་ཁྱོད་ཚོ་དང་འདྲ་བར་སུ་ཇཱ་བོད་ཁྱིམ་ནས་སློབ་མཐར་ཕྱིན། སུ་ཇཱ་བོད་ཁྱིམ་ནས་བོད་ཡིག་དང་དབྱིན་ཡིག་སྦྱངས། སུ་ཇཱ་བོད་ཁྱིམ་ནས་རང་ཉིད་ངོས་ཟིན་པ་དང་མི་ཚེའི་ཕུགས་འདུན་རྙེད། སུ་ཇཱ་བོད་ཁྱིམ་གྱི་ཤེས་བྱའི་དགའ་ཚལ་ནས་རྩོམ་རིག་གི་འདབས་ལག་ཅུང་ཙམ་རྒྱས་པའི་ཕུ་བོ་ཞིག་ཡིན་ལ། དེ་རིང་ང་ཁྱོད་ཚོའི་ཕུ་བོ་ངོ་མ་ཞིག་གི་སར་ནས་བསྡད་དེ། ཁྱོད་ཚོར་མ་འོངས་པའི་མི་ཚེའི་ཕུགས་འདུན་དང་བོད་མི་རིགས་ཀྱི་འདས་མ་ད་གསུམ་གྱི་ཆེད་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
རེད་ཡ། གཅེས་པར་འོས་པའི་ངའི་ཕུ་ནུ་མིང་སྲིང་ཚོ། ཕུ་བོས་ནམ་རྒྱུན་མ་ཡུམ་སུ་ཇཱ་སློབ་གླིང་ནི་ངས་ཚེ་འདིར་ཆེས་བརྗེད་ཐབས་མེད་ཅིང་ང་ལ་ཡངས་ཤིང་མུ་མཐའ་མེད་པའི་བགྲོད་ལམ་གནང་མཁན་གྱི་ཤེས་བྱ་རིག་པའི་སྐྱེད་ཚལ་ཞིག་ཡིན་བསམ་ཡོད། ལྷག་པར་དུ་གནས་དེའི་དགེ་ལས་ཚོ་རེད། ཁོང་ཚོ་ནི་ང་ཚོའི་མི་ཡུལ་ས་མཐའི་སྐྱིད་ལ་སྡུག་གི་འཚོ་བའི་ཀློང་གི་ཕ་དང་མ་ཡིན་ལ། ཚད་མེད་པའི་བྱམས་སྐྱོང་གནང་མཁན་དང་ང་ཚོའི་ཆེད་དུ་སྐུ་ངལ་བསྐྱོན་མཁན་གྱི་རླབས་ཆེན་མི་སྣ་ཡིན། རྟེན་འབྱུང་གི་འབྲེལ་བའི་སྐོར་ནས་བཤད་ན་དགེ་ལས་ཚོ་མེད་ན་ང་ཚོ་ལ་དེ་རིང་གི་མདུན་ལམ་དང་། མ་འོངས་པའི་ཕུགས་བསམ་སོགས་ཡོད་མི་སྲིད་པས་དུས་ནམ་ཡང་ཁོང་ཚོའི་བཀའ་དྲིན་མ་བརྗེད་རོགས།
ད་ལྟ་ཕུ་བོ་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་ཆེ་ལ་མི་མང་བོས་དགའ་བསུ་ཆེན་པོ་ཐོབ་ཀྱིན་པའི་བོད་ཀྱི་དུས་བབ་ལས་ཁུངས་ཀྱི་གསར་འགོད་པ་བྱེད་ཀྱིན་ཡོད་ལ། དེ་ནི་ཆུང་དུས་བརྩོན་པ་མ་བྱས། དར་དུས་སྦྱངས་པ་མ་བྱས། ད་ལྟ་ཤེས་བྱ་དང་ཡོན་ཏན་འདི་ཡིན་ཟེར་ནས་ཅི་ཡང་སྟོན་རྒྱུ་མེད་པའི་ཕུ་བོར་མཚོན་ན། དངོས་གནས་མགོ་མ་གཡུག་པར་ལྷ་བབས་པའི་དཔེ་ལྟར། རྩ་ཆེ་བའི་གོ་སྐབས་དང་གཅེས་པར་འོས་པའི་ལས་ཀ་བཟང་བོ་ཞིག་ཡིན། ཡིན་ནའང་། ཕུ་བོས་ཁྱོད་ཚོར་དེའི་སྐོར་ནས་མི་གླེང་བར་བྱ། དེས་ན་ཕུ་བོས་ཅི་ཞིག་གླེང་ངམ་ཟེར་ན། ཕུ་བོས་འདི་ལྟ་བུའི་རླབས་ཆེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་ཀ་ཞིག་མ་རྙེད་པའི་སྔོན་དུ་བྱ་བ་ཅི་ཞིག་བསྒྲུབས་པ་དང་། དེའི་བར་དུ་དཀའ་སྡུག་དང་འཚོ་བའི་མནར་གཅོད་ཅི་འདྲ་ཞིག་ཐེབས་པ་བཅས་ཀྱི་འདས་སོང་གི་གཏམ་རྒྱུད་གླེང་། དེ་ནི་ཕུ་བོས་བསམ་ན་ཁྱེད་ཚོ་ཚང་མས་ཤེས་དགོས་ཤིང་མ་འོངས་པར་འཕྲད་སྲིད་པའི་དོན་དག་ཅིག་རེད།
ཕུ་བོ་ཐོག་མར་སློབ་གྲྭ་ནས་ཐོན་དུས་རང་གཞུང་བཀའ་དྲིན་ཅན་དང་མ་ཡུམ་སློབ་གྲྭས་གནང་བའི་ཧིན་སྒོར་ཆིག་ཁྲི་ལྷག་ཅིག་ལག་ཏུ་ཡོད་པ་ཙམ་ལས། ཡར་བལྟས་ན་གནམ་དང་མར་བལྟས་ན་ས་མ་གཏོགས་ངོ་ཤེས་མེད་ལ། རེ་བའི་སྐྱབས་དང་མཛའ་བའི་གཉེན་སོགས་ཅི་ཡང་མེད་པར་ལྗིད་ཏིག་ཏིག་གི་གོམ་ཁ་རེ་རེ་བཞིན་སྤྱི་ཚོགས་སྟེང་སྤོ་མགོ་བརྩམས་པ་ཡིན། སྐབས་དེ་དུས་ཕུ་བོས་སེམས་ནང་དུ་ལག་གི་ཧིན་སྒོར་ཆིག་ཁྲི་ལྷག་གོ་ཚར་རྗེས་ངའི་ཉིན་རེའི་འཚོ་བ་ཇི་ལྟར་བསྐྱལ་རྒྱུ་དང་། ཧིན་སྒོར་ཆིག་ཁྲི་དེར་བརྟེན་ནས་ད་ལྟའི་འཚོ་བར་ཁག་ཐེག་དང་མ་འོངས་པའི་འཚོ་བར་བཀོད་སྒྲིག་ཇི་ལྟར་བྱ་རྒྱུ་བཅས་ཀྱི་དྲི་རྟགས་སྣ་ཚོགས་ཀྱིས་ཁེངས་ཡོད། ཇི་ལྟར་བཤད་རུང་སྐབས་དེ་དུས་ཆེས་སྐྲག་ས་ནི་དེ་རིང་གི་འཚོ་བ་འཁྱོལ་ནའང་སང་ཉིན་གྱི་ནམ་ཟླ་ཇི་ལྟར་བསྐྱལ་ལམ་བསམ་པ་དེ་རེད། ཕུ་བོར་མཚོན་ན་སྦྱངས་པའི་ཡོན་ཏན་མེད་ཐོག ཆགས་ས་རྟེན་ས་དང་རྒྱབ་རྩ་དཔུང་རོགས་མེད་པ་དེ་ནི་སེམས་པ་བདེ་ལ་འབབ་མི་ཐུབ་པའི་རྒྱུ་རུ་གྱུར་འདུག
ཁྱོད་ཚོས་སོམས་དང་ཕུ་བོར་ཤེས་ཡོན་སློབ་སྦྱོང་ཐོན་པའི་ལག་ཁྱེར་མེད་ལ། ལྷ་བྲིས་དང་འཚེམ་བཟོ། ཤིང་བརྐོས་དང་མ་བྱན། རླངས་འཁོར་གཏོང་བ་དང་གློག་ཀླད་སོགས་ལག་ཤེས་རིགས་ཤིག་ཀྱང་མེད་སྟབས། ལས་ཁུངས་ཤིག་ནས་ལས་ཀ་རེག་རྒྱུར་སྦྱངས་པའི་ཡོན་ཏན་འདི་ཡིན་ཟེར་ནས་སྟོན་རྒྱུ་ཞིག་དགོས་ལ། ལག་ཤེས་སྡེ་ཚན་ཞིག་ཏུ་ལས་ཀ་བྱ་རྒྱུར་མ་མཐར་ཡང་ལག་ཤེས་དེར་སྦྱངས་པ་སྔོན་དུ་སོང་ཡོད་དགོས། དེ་དག་སྣ་གཅིག་ཀྱང་མེད་སྟབས་ཕུ་བོར་ཉིན་རེའི་འཚོ་བའི་ཁྲོད་ནས་དཀའ་ངལ་འཕྲད་མགོ་བརྩམས། དཀའ་ངལ་ཇི་ལྟར་འཕྲད་དམ་ཟེར་ན། གཙོ་བོ་ཀུན་དགའ་དོན་འགྲུབ་རེད།
ཕུ་བོ་སློབ་གྲྭ་ནས་ཕྱི་ལ་ཐོན་པའི་སྐབས་དེར་ངྷ་སའི་ཟས་སོང་དང་ཁང་རིན། ཆུ་རིན། གློག་རིན། ཡོད་ཚད་ད་ལྟ་དང་བསྡུར་ན་ཆུང་མོད། སྐབས་དེ་དུས་ཀྱང་སྤྱིར་བཏང་བའི་ཁང་པ་ཆུང་ཆུང་ནང་དུ་ཉལ་ཁྲི་གཉིས་དང་རླངས་རྫ། རྒྱུན་བཀོལ་ཅ་དངོས་ཆུང་ངུ་དག་དང་ཟ་མ་གཡོ་བྱེད་ཀྱི་སྣོད་ཆས་འགའ་ཤོང་ས་ཞིག་ལའང་ཧིན་སྒོར་ ༡༠༠༠ ནས་ ༡༥༠༠ བར་དགོས། སྐབས་དེ་དུས་ཟ་ཁང་ཞིག་ཏུ་ཞོགས་པའི་ཆུ་ཚོད་ ༥ ཡས་མས་ནས་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་བར་ལས་གཡོག་ཏུ་བརྒྱུགས་ཀྱང་ཟླ་རེར་ཧིན་སྒོར་ ༡༢༠༠ ནས་ ༡༥༠༠ ཙམ་ལས་མེད་ལ། དེ་ནི་གལ་སྲིད་ཕུ་བོ་དུ་འཐེན་ཞིག་ཡིན་པའི་དབང་དུ་བཏང་ན་ཕལ་ཆེར་ཟླ་རེའི་དུ་རིན་ཙམ་ཡིན་པས། ཟ་ཁང་ཞིག་ཏུ་ལས་གཡོག་ཏུ་རྒྱུག་ཞོར་རང་གི་ཟླ་རེའི་འགྲོ་སོང་འཕུད་རྒྱུ་ཟེར་ན་རྨི་ལམ་ལྟ་བུ་ཞིག་རེད། དེང་སྐབས་ད་དུང་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་གིས་ཡར་འཕར་འདུག དེ་མ་བརྗེད།
དེ་ལྟར་ཕུ་བོ་ཐོག་མར་སློབ་གྲྭ་ནས་བུད་དེ་ངྷ་སར་འབྱོར་དུས་བོད་ལུགས་ཀྱི་བརྩི་སྟངས་ལྟར་ན་ལོ་རྙིང་ནང་རེད་ལ། མི་ཚང་མས་གནམ་ལོ་གསར་བའི་དགའ་སྟོན་རྟེན་འབྲེལ་ལ་རོལ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་པའི་སྒང་རེད། སྐབས་དེ་ནི་ཕུ་བོར་མཚོན་ན་དངོས་གནས་གོ་སྐབས་ཡག་པོ་ཞིག་སྟེ། ངོ་ཤེས་ཤིག་བརྒྱུད་དེ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་སར་གྱི་ཁ་ཟས་བསྲེག་རྒྱུའི་ལས་ཀ་ཞིག་རེག་ཅིང་། ལས་ཀ་དེ་ཁྱོན་ཉིན་ཤུ་ལྷག་ལ་ལས་དགོས་ལ་ཉིན་རེར་ཧིན་སྒོར་ ༧༥ རེ་ཡིས་གླ་དངུལ་ལེན་རྒྱུ་ཡོད། ལས་ཀ་དེ་ཞོགས་པ་སྔ་བོ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བ་བར་དུ་ལས་དགོས་པས་དེ་སྔར་ཤུགས་ལས་བྱེད་མྱོང་མེད་པའི་ཕུ་བོར་མཚོན་ན་དཀའ་ཚེགས་ཆེན་པོ་བྱུང་།
དེའི་རྗེས་ལོ་སར་རེད། ཕུ་བོས་ཀྱང་གྲོགས་པོ་ཞིག་དང་མཉམ་དུ་སྟབས་བདེའི་ལོ་སར་ལ་རོལ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔྱིད་ཆོས་ཆེན་མོ་མགོ་བཙུགས་པ་དང་། ཕུ་བོར་དེ་རུ་འཕྲད་སེལ་མ་བྱན་གྱི་ལས་ཀ་ཞིག་རེག དེ་ནི་དངོས་གནས་དཀའ་ཚེགས་ཆེན་པོ་སྟེ་མཚན་གྱི་ཆུ་ཚོད་གཉིས་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་དང་དྲུག་གི་བར་དུ་ལས་དགོས་པས་དུས་ཡུན་རིང་ཐོག ཕུ་བོ་དང་ཕུ་བའི་གྲོགས་པོ་གཉིས་ལས་རོགས་གཞན་དང་བསྡུར་ན་ལོ་གཞོན་ཡིན་སྟབས། རླངས་རྫ་དང་འབྲས། ཙོང་དང་ཨ་ལོ། བྲོ་བྱེ་དང་སྣུམ་སོགས་དངོས་པོ་ལྗི་རུ་ལྗིད་ཚད་འཁུར་དགོས་ལ། ལས་ཀ་ཡང་འབྲས་ཐུག་དཀྲུག་པ་དང་ཚོགས་སླང་ཆེན་པོ་བཀྲུ་བ་ལྟ་བུའི་དཀའ་ཚེགས་ཅན་རྐྱང་རྐྱང་བྱེད་དགོས། མཚན་གྱི་གཉིད་བཅག་ཐོག་ཉིན་གྱི་ལས་ཀ་ཡང་ཧ་ཅང་ལྕི་བས་དངོས་གནས་ཧ་ཅང་གི་དཀའ་ཚེགས་ཆེན་པོ་བྱུང་། ཡིན་ནའང་། ལས་ཀ་དེ་ཡང་མི་ཚང་མར་རེག་པ་ཞིག་མིན་པར་ཕུ་བོས་ཧུར་བརྩོན་སྒོས་ཡར་མར་གང་སར་མངགས་བཅོལ་བྱས་པ་ལྟར། ལག་ཏུ་ཐོབ་ཙམ་བྱུང་བ་དང་དུས་ཡུན་ཟླ་གཅིག་ཙམ་ལས་མེད་པས་ཕུ་བོས་ཧུར་ཐག་འབད་ཐག་གིས་བསྒྲུབས་པ་ཡིན། དེ་ལྟར་ཕུ་བོའི་ལས་ཀ་ཙག་ཙིག་དང་དཀའ་སྡུག་གང་མང་ལ་གདོང་ལེན་བྱེད་དགོས་བྱུང་། དེའི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ནས་ཚགས་ཤོག་རྩོམ་སྒྲིག་ཁང་ཞིག་གི་ལས་ཀ་རེག་སྟེ་ལོ་གཅིག་ལ་བྱས་ཀྱང་། དེ་ཡང་ཕྱི་ནང་གི་རྒྱུ་རྐྱེན་སྣེ་མང་གི་དབང་གིས་བསྐྱུར་དགོས་བྱུང་།
༢༠༠༦ ནས་ ༢༠༠༧ བར་ལོ་གཅིག་ལྷག་རིང་ཕུ་བོར་མི་འདོད་པའི་ནད་ཅིག་གིས་བཟུང་སྟེ་ལས་ཀ་བྱེད་མི་ཐུབ་པའི་སྟེང་། སློབ་སྦྱོང་ཡང་བྱེད་མ་ཐུབ་པར་ངྷ་སར་འཁྱམ་ཉུལ་གྱི་འཚོ་བ་རོལ་དགོས་བྱུང་ཞིང་། སྐབས་དེ་དུས་དངོས་གནས་ཞོགས་ཟས་རྙེད་ན་དགོང་ཟས་མི་རེག་པ་དང་། དེ་རིང་གི་འཚོ་བ་འཁྱོལ་ན་སང་ཉིན་གྱི་འཚོ་བ་འཁྱོལ་དཀའ་བའི་དཀའ་སྡུག་གི་འཚོ་བ་ཞིག་བསྐྱལ་བ་ཡིན། སྐབས་དེ་དག་ཏུ་ཕུ་བོར་མཚོན་ན་ཉི་མ་རེ་རེ་དང་མཚན་མོ་རེ་རེ་བཞིན་འཁྱོལ་རྒྱུ་ནི་དངོས་གནས་ཟླ་བ་རེ་རེ་དང་ལོ་རེ་རེ་སྐྱེལ་བཞིན་པ་ལྟར་འགྲོ་ཁག་ཅིང་། རང་ཉིད་ཁེར་རྐྱང་ཡིན་པའི་ཚོར་སྣང་གིས་དུས་རྟག་ཏུ་མནར་ཡོང་། དེ་ལྟ་བུའི་དཀའ་ཁག་གི་གནས་སུ་ཡོད་དུས་ཁ་འཇམ་ཚིག་སྙན་བཤད་མཁན་མང་ཡང་རོགས་རམ་བྱེད་མཁན་ནི་ཉིན་མོའི་སྐར་མ་ཙམ་རེད།
དཔེར་ན། སྐབས་དེར་ཕུ་བོས་ཕ་ཡུལ་དུ་འབྲེལ་བ་བྱས་ཏེ་ཕ་ཡུལ་ནས་རྒྱ་སྒོར་སྟོང་ཕྲག་འགའ་ལེན་རྒྱུར་ཐག་གཅོད་བྱུང་རྗེས། ངྷ་ས་གཡས་གཡོན་ནས་ལྷོ་མཐའ་ཁག་ཏུ་ཡོད་པའི་རང་གི་གྲོགས་པོ་གྲོགས་མོ་མང་བོར་རེ་སྐུལ་ཞུས་ཏེ། འཕྲལ་སེལ་ཐོག་ལག་དངུལ་ཞིག་གཡར་རྒྱུར་རེ་སྐུལ་ཞུས་ཀྱང་རེ་བ་རེ་རེའི་སྣེ་ན་འཁྱབ་སོབ་སོབ་ཏུ་གྱུར་བའི་ལན་རེ་ལས་མི་འདུག དེ་སྔར་ཆ་ཡོད་རྒྱུས་ཡོད་ཀྱི་གྲོགས་པོ་གྲོགས་མོ་ཡོད་ཚད་ཀྱིས་རྒྱུ་མཚན་ལུང་པ་གང་བགྲང་སྟེ། ཁོང་ཚོ་ཡང་ལྟོགས་ཤི་ཐེབས་ཀྱི་མེད་ནའང་དཀའ་ཚེགས་དང་འཚོ་བས་མནར་གཅོད་ཀྱིས་གདུང་ཡོད་པའི་རྒྱུ་མཚན་མང་བོ་བགྲང་བས། ཕུ་བོར་འཕྲལ་སེལ་གྱི་ལག་དངུལ་ཙམ་ཡང་གཡར་ས་མ་རྙེད་པར་ ༢༠༠༧ ལོའི་ལོ་སར་དེ་ཕུ་བོའི་གཅིག་པུས་ཁང་སྟོང་ཞིག་ཏུ་རོལ་དགོས་བྱུང་། དེའི་ཐོག་ལོ་དེར་ཕུ་བོའི་སར་ལོ་སར་ལ་ཡོང་མཁན་མི་གཅིག་ཀྱང་བྱུང་མེད་ལ། གཡས་གཡོན་གྱི་ཁྱིམ་མཚེས་ཚོས་ཚུར་ཡོང་གི་མགྲོན་པོར་སྙན་མོའི་ཚིག་གིས་སྣེ་ལེན་དང་ཕར་འགྲོའི་སྐྱེལ་མ་བྱེད་པ། ད་དུང་སྐོར་ཁག་སྐོར་ཁག་མཉམ་དུ་འཛོམས་ཏེ་གླུ་ལེན་གར་རྩེད་ལ་རོལ་བ་སོགས་ནི། རྐང་བཙུགས་ནས་མིན་ཀྱང་ཕུ་བོར་ཆེད་དུ་མནར་གཅོད་གཏོང་བ་དང་ཨ་ན་མ་ན་རེད། དེ་ནི་སྐབས་དེའི་ཕུ་བོའི་གནས་སྟངས་ངོ་མ་དེ་རེད།
མཐར་ཕུ་བོའི་ལག་ཏུ་ཟ་ཁང་ཞིག་ཏུ་ཉིན་ཕྱེད་ཀྱི་ལས་ཀ་ཞིག་རེག་ཅིང་། དེ་ནས་ཟླ་རེར་ཧིན་སྒོར་ ༡༥༠༠ ཡི་གླ་དངུལ་ལེན་རྒྱུ་ཡོད་ཀྱང་སྐབས་དེ་དུས་ཕུ་བོའི་ཁང་རིན་དུ་ཧིན་སྒོར་ ༡༢༠༠ དགོས་ལ། གློག་རིན་དང་ཆུ་རིན་མཉམ་དུ་བསྡོམས་ན་མ་མཐར་ཡང་ཟླ་རེར་ཧིན་སྒོར་ ༡༥༠ ལྷག་ཤོར་འགྲོ དེའི་ཤུལ་དུ་ཕུ་བོར་ངོ་བཀྲུ་ངོ་སྣུམ་ཙམ་རེ་ཉོ་སྤྱད་ལས་མེད། སྐབས་དེ་དག་ཏུ་ཕུ་བོས་ཆུ་ནག་དང་རྩམ་སྐྱ་མཉམ་དུ་ཟོས་པ་གྲངས་ཀྱིས་མི་ཟིན་ཡང་། ཕུ་བོའི་སྐབས་དེའི་འཚོ་བར་རྒྱུས་མངའ་ཡོད་མཁན་ནི་ཕུ་བོ་དང་ལས་དབང་གཅིག་པའི་ངྷ་སའི་མི་རྐྱང་ཚོའི་ཕན་ནས་ཕ་ཡུལ་དུ་ཡོད་པའི་ཕ་མ་མིང་སྲིང་མིན་ལ། རྒྱས་འགྲོ་རྒྱས་འདུག་བྱེད་ཀྱིན་པའི་ངྷ་སའི་རི་གྲོང་གི་ཕུ་བོའི་གྲོགས་པོ་ཚོ་ཡང་མིན།
རེད་ཡ། ངས་གཅེས་པར་འོས་པའི་ཕུ་ནུ་མིང་སྲིང་ཚོ། ཕུ་བོས་ཁྱོད་ཚོར་བརྒྱུད་མྱོང་བའི་བཤུལ་ལམ་བརྗོད་ན་ཁྱོད་ཚོས་འདས་ཟིན་པའི་ཕུ་བོའི་དཀའ་སྡུག་གི་ལོ་ཟླ་ངོས་ཟིན་ནམ། ངས་བསམ་ན་ཕུ་བོས་འགྲེལ་བརྗོད་ཅི་ཙམ་བྱས་ཀྱང་ཁྱོད་ཚོ་རང་ཉིད་དངོས་སུ་འཚོ་བར་ཟབ་ཞུགས་མ་བྱས་ཚེ། དེའི་གནས་སྟངས་ངོ་མ་དུས་ནམ་ཡང་ངོས་མི་ཟིན་སྙམ་མོད། མ་མཐར་ཡང་ཁྱོད་ཚོའི་སེམས་སུ་འཚོ་བ་ནི་ག་དུས་ཡིན་ནའང་རང་འགྲིག་ཏུ་ཡོད་པ་ཞིག་མིན་པར། དེ་ལ་གདོང་ལེན་མང་བོ་བྱེད་དགོས་པའི་གྲ་སྒྲིག་དང་ངེས་ཤེས་རྙེད་དགོས། ཨེ་གོ།
ད་ཕུ་བོས་མཇུག་མཐར་བརྗོད་འདོད་པའི་སྐད་ཆ་སྟེ། ད་ལྟ་ཁྱོད་ཚོ་སློབ་གྲྭར་ཡོད་ལ་བོད་དབྱིན་གྱི་སྐད་ཡིག་དང་ཚན་རིག ཨང་རྩིས། ས་ཁམས་རིག་པ། ལོ་རྒྱུས་དང་། ལུས་རྩེད་སྣ་ཚོགས་སོགས་ཤེས་བྱ་རིག་པའི་གནས་ལ་སྦྱོང་བ་བྱེད་པ་དང་། ལྷ་བྲིས་དང་འཚེམ་བཟོ། དེ་མིན་གྱི་ལག་ཤེས་སྡེ་ཚན་གཞན་གང་དུ་འཛུལ་ནའང་གོ་སྐབས་ཆེན་པོ་ཡོད། དེར་བརྟེན་ཁྱོད་ཚོས་ཅིས་ཀྱང་རང་རང་གི་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་མ་བརྗེད། ལྷག་པར་དུ་རང་རང་གི་དམིགས་འདུན་ལྟར་རིག་པའི་གནས་གང་ལ་སྦྱང་ནའང་དེ་ལ་མཐར་སོན་པ་བྱ་རྒྱུ་གལ་ཆེན་པོ་རེད། ཕུ་བོས་ཁྱོད་ཚོར་སྟབས་བདེའི་དཔེ་མཚོན་ཞིག་དྲངས་ཏེ་བརྗོད་ན། ཕྱི་ལོ་ ༢༠༠༩ ལོར་ངྷ་སར་བོད་གཞུང་འདེམས་བསྐོ་ལྷན་ཁང་གིས་ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་འཕར། ཡིག་ཚགས་དོ་དམ་པ་དང་ཡིག་སྐྱེལ་བ། རྩིས་པ་དང་རླངས་འཁོར་ཁ་ལོ་བ་སོགས་སྡེབ་གཅིག་ལ་ཁྱོན་སྡོམ་ལས་བྱེད་སུམ་བཅུ་ཙམ་བསྡུ་རུབ་བྱས་སོང་། ཁྱོད་ཚོས་སོམས་དང་སྐབས་དེ་དུས་ཡིག་རྒྱུགས་གཏོང་མཁན་གྱི་མི་ག་ཚོད་ཡོད་རྒྱུ་རེད་དམ། སྐབས་དེར་ཡིག་རྒྱུགས་གཏོང་མཁན་མི་ ༢༥༠ ལྷག་བྱུང་བས། བོད་གཞུང་ལ་མཚོན་ན་མཐོ་རིམ་སློབ་གྲྭ་འདྲ་མིན་ནས་ཐོན་པའི་ལག་ཁྱེར་ཡོད་ཐོག ངེས་པ་དོན་གྱི་འབྲི་ཀློག་བཤད་གསུམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ལས་བྱེད་རྩེ་གྲས་སུམ་བཅུ་བདམས་ཆོག་ཀྱང་། ལས་མི་ ༣༠ ཙམ་ལས་མི་དགོས་སར་མི་ ༢༥༠ ཙམ་གྱིས་ཡིག་རྒྱུགས་བཏང་ན། མི་ ༢༢༠ ཙམ་གྱི་ཡིག་རྒྱུགས་གྲུབ་འབྲས་ཆེས་རྩེ་ཕུད་དུ་ཕྱིན་མེད་ཚེ་ལས་ཀ་རེག་རྒྱུའི་གནས་མེད།
ལོ་ངོ་བཅུ་དང་ཉི་ཤུའི་སྔོན་ཡིན་ན་ཁྱོད་ཚོར་མཐོ་རིམ་སློབ་གྲྭ་ག་གེ་མོ་ནས་ཐོན་པའི་ལག་ཁྱེར་ཡོད་པའི་ཆོག་མོད། དེང་སྐབས་དེ་ཙམ་གྱིས་མི་འགྲིག་པར་མ་ཟད། ད་དུང་འབྲི་ཀློག་བཤད་གསུམ་གྱི་ཉམས་མྱོང་ཆེན་པོ་མེད་ཚེ་སྤྱི་ཚོགས་ཁྲོད་ཁྱོད་ཡིན་ང་ཡིན་གྱི་གཞོན་སྐྱེས་ཤེས་ཡོན་ཅན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བརྡོལ་བྱེད་ཀྱིན་ཡོད་སྟབས། ཁྱོད་ཚོས་ཤེས་བྱ་རིག་པའི་གནས་གང་འདྲ་ཞིག་སྦྱོང་གི་ཡོད་ནའང་དེ་ལ་ནང་བྱན་ཆུད་པ་ཞིག་བྱ་རོགས། ལྷག་པར་དུ་ཕུ་བོ་སུ་ཇཱ་སློབ་གྲྭར་ཡོད་སྐབས་ཀྱི་དངོས་ཡོད་གནས་ཚུལ་ཞིག་དྲན་གྱི་འདུག ཕུ་བོ་དེ་གར་ཡོད་སྐབས་མུ་མཐུད་དེ་འཛིན་རིམ་དྲུག་པ་དང་བདུན་པར་ཡིག་རྒྱུགས་མ་འཕྲོད་པར་ལག་ཤེས་སྡེ་ཚན་ལྷ་བྲིས་དང་འཚེམ་བཟོ་ཁང་ལྟ་བུར་འཛུལ་མཁན་ལ། སློབ་མ་སྤྱི་བྱིངས་ཀྱིས་ངོས་ནས་ལྟ་སྟངས་ལེགས་རྒྱུ་མེད་པར། ཁོང་ཚོ་ནི་ཤེས་བྱ་རིག་པའི་གནས་ལ་སྦྱོང་མཁན་གྱི་སྔོན་ཐོན་སློབ་མ་མིན་པར་ཡིག་རྒྱུགས་མ་ལོན་པར། ལག་ཤེས་སྡེ་ཚན་དུ་འཛུལ་བའི་སློབ་མ་རིག་རྟུལ་དང་ཅང་མི་ནུས་མཁན་དུ་ལྟ་བ་དེ་རེད། དེ་ནི་ང་ཚོའི་མི་རབས་འདིས་ལག་ཤེས་རིག་གནས་ཀྱི་ཕྱོགས་ལ་བསམ་བློ་མ་ཐོངས་པ་དང་། དེའི་གལ་ཆེན་རང་བཞིན་མ་གཏོགས་པས་ལན་པ་རང་རེད། བོད་རྒྱལ་ཁབ་ཆེན་མོ་འཛུགས་སྐྲུན་གྱི་སྐོར་ནས་བཤད་ནའང་བཟོ་ལས་སྣ་ཚོགས་དང་འཚེམ་ལས། ཤིང་བརྐོས་དང་མཁར་ཁང་པ་བརྩིགས་མཁན་ཚུན་གྱི་ལག་ཤེས་པ་དགོས་ལ། མི་རེ་རེའི་འཚོ་བའི་གནད་དོན་ལ་བསམ་བློ་བཏང་ནའང་། བོད་རྒྱལ་ཁབ་ཆེན་མོའི་མི་ཡོངས་རྫོགས་ཡིག་ཚང་དུ་བསྡད་དེ་ལས་ཀ་བྱ་རྒྱུ་མིན་པར། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་དང་ལས་ཤེས་འདྲ་མིན་སྟེང་ལས་མི་དགོས་སྟབས། ལག་ཤེས་སྣ་ཚོགས་ཤེས་པའི་མི་ནི་ད་གཟོད་སྤྱི་ཚོགས་ཀྱི་སྤྱོད་སྒོ་ཆེ་བའི་མི་དང་། རང་གི་ཁ་རྒྱབ་དང་ལྟོ་གོས་གཏམ་གསུམ་ལ་ཁག་ཐེག་ཐུབ་པའི་མི་རེད།
འདས་པའི་ལོ་འདི་འགར་ཕུ་བོ་བལ་ཡུལ་དང་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་གང་དུ་སོང་ནའང་། འུ་ཅག་སུ་ཇཱ་སློབ་གྲྭའི་སློབ་ཟུར་མེད་ས་ཞིག་མི་འདུག་ཀྱང་། ལས་ཀ་རེག་པ་དང་རང་གི་འཚོ་བ་སྐྱིད་པོ་རོལ་མཁན་དག་ནི་དེ་སྔོན་སློབ་གྲྭར་ཡོད་དུས་སློབ་མ་སྤྱི་བྱིངས་ཀྱིས་ལག་ཤེས་སྡེ་ཚན་ཞེས་པའི་དམའ་འབེབས་དང་། ལྟ་སྟངས་མི་ལེགས་ས་ནས་འཚར་ལོངས་བྱུང་བའི་འཚེམ་བཟོ་བ་དང་ལྷ་བྲིས་པ། རླངས་འཁོར་གཏོང་བ་དང་མ་བྱན་གྱི་ལག་ཤེས་སྦྱོང་མཁན་དག་རེད་ལ། དེ་སྔོན་ཞེ་དྲག་ཅིག་ཡིན་བསམ་སྟེ་མུ་མཐུད་དེ་འཛིན་རིམ་བཅུ་གཅིག་བཅུ་གཉིས་མཐར་ཕྱིན་མཁན་ཚོ། དེང་སྐབས་སྤྱི་ཚོགས་ཁྲོད་བེད་མེད་དུ་གྱུར་ཏེ། ཐ་ན་རང་གི་འཚོ་བར་ཡང་ཁེག་ཐག་བྱེད་མི་ཐུབ་པ་མང་བོ་འདུག
དེའི་སྟབས་ཀྱིས་ཤེས་བྱ་རིག་པའི་གནས་ལ་རེ་བ་ཡོད་མཁན་གྱིས་དེ་ལྟར་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱ་རྒྱུ་དང་། ལག་ཤེས་རིག་གནས་ལ་མོས་པ་ཡོད་མཁན་དང་དེ་ལ་མཁས་པ་རྣམས་ཀྱིས་དེ་ལ་སློབ་སྦྱོང་བྱ་རྒྱུ་ནི་རང་གི་འཚོ་བ་དང་། མ་འོངས་པའི་བོད་རྒྱལ་ཁབ་ཆེན་མོ་འཛུགས་སྐྲུན་གྱི་ཆེད་དུ་ཡིན་པ་མ་བརྗེད་པ་གནང་རོགས།
ཨོ་རེད། ད་ཕུ་བོའི་སྐད་ཆ་དངོས་གནས་མང་དྲགས་སོང་མཚམས་འདི་ནས་འཇོག ཁྱོད་ཚོ་སུས་ཕུ་བོའི་སྐད་ཆ་འདི་དག་ལས་རང་ལ་མཁོ་བ་རེ་ཡོད་ན་དེ་ལྟར་འབད་རྒྱུ་མ་བརྗེད་ལ། གལ་སྲིད་ཕུ་བོའི་སྐད་ཆའི་ནང་དུ་ཁྱོད་ཚོར་མཁོ་བ་གང་ཡང་མེད་པར་དུས་ཚོད་འཕྲོ་བརླག་ཏུ་ཕྱིན་ཡོད་ཚེ། ཕུ་བོས་ལག་ཟུང་སྙིང་ཀར་སྦྱར་ཏེ་དགོངས་དག་ཞུ་ཆོག
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ཕུ་བོ་ཨ་རིག་འགྱུར་མེད་ཀྱིས་བྱང་ཕྱོགས་ངྷ་ས་ནས་ཕུལ་ལོ། །
ཕུ་བོ་ཅིག་མིན་ན་མུ་གེས་བསད་དང་ཟིག
ཕུ་བོ་ཅིག་མིན་ན་སྐྱོ་བས་རྫོགས་དང་ཟིག
ཕུ་བོ་ཅིག་མིན་ན་ཕྱིར་ར་བུད་སོང་ཟིག
ཕུ་བོ་ཅིག་མིན་ན་ཕྱི་མར་ཆས་སོང་ཟིག
ཕུ་བོའི་རྐང་རྗེས་དེ་ཁ་བས་བཀབ་དང་ཟིག
ཕུ་བོའི་རྐང་རྗེས་དེ་འོད་དུ་འཚེར་སོང་ཟིག
ཕུ་བོའི་ལག་རྩེ་རུ་སེར་ག་གས་སོང་ཟིག
ཕུ་བོའི་ལག་རྩེ་རུ་ཀ་ཁ་འབྱར་སོང་ཟིག
དཀའ་སྡུག་ནི་འགྲོ་བ་མིའི་མི་ཚེའི་ལམ་ཕྲན་དུ་འཕྲད་ངེས་པའི་གདོང་ལེན་གྱི་བྱ་བཞག་ཅིག་ཡིན་སྟབས། ཧམ་བསམ་དགོས་པའི་གནས་དོན་ཞིག་མིན་ནའང་། དེ་རིང་ཨ་རིག་ལགས་ཀྱིས་རང་ཉིད་ལ་འཕྲད་པའི་དཀའ་སྡུག་ལ་དཔེ་བླངས་ནས་རང་ཉིད་དང་འདྲ་བའི་བོད་ནས་ཕེབས་པའི་བླང་དོར་གྱི་གནས་ལ་རྨོངས་པའི་སློབ་མ་རྣམས་ལ་སློབ་གསོ་གོ་སྐོན་བྱས་པ་དེ་ནི་ཁོང་གི་ལྷག་བསམ་དང་བརྩེ་དུང་མཚོན་པ་མ་ཟད། བོད་ནས་ཕྱིས་སུ་ཕེབས་པའི་ཁོང་དང་ཁོང་འདྲ་བ་རྣམས་ལ་དཀའ་ངལ་དེ་དང་དེ་ལྟ་བུ་ཞིག་འཕྲད་བཞིན་ཡོད་པ་འདི། གསལ་སྟོན་བྱེད་པ་ཡང་དུས་ལ་བབས་འདུག་སྙམ།
ཁྱེད་ཀྱིས་བརྗོད་པ་དེ་དག་ཚང་མ་བདེན་པ་རེད། རིགས་གཅིག་རྐང་འཛིན་གྱི་ཤེས་ཡོན་སྦྱང་རྒྱུ་ནི་ཧ་ཅང་གི་གལ་གནད་ཆེན་པོ་རེད།
མགྱུར་མེད་ལགས་དངོས་དོན་དང་འབྲེལ་བས་ལམ་སྟོན་མང་ཙམ་ཞིག་མི་ཐུབ་ནས་གསུང་གནང་རོགས།
གང་ཡིན་ཞེས་ན། གལ་སྲིད་ཀློག་མཁན་དེ་སེམས་ལྡན་ཞིག་ཡིན་ན་དངོས་ཕན་ཐོག་པོ་ཡང་ས་རེད། ཐུགས་རྗེས་ཆེ་མུ་ཐུབ་ནས་
ཉམས་མྱོང་གི་འབེལ་གཏམ། །
རང་ཉིད་ཀྱིས་མྱངས་པ། །
རང་རིགས་ལ་ལབ་པ། །
མི་རིགས་ཀྱི་ཞེན་པ། །
ཕུལ་འབྱུང་གི་ལོ་རྒྱུས། །
བོད་རིགས་ཀྱི་ལས་སྐལ། །
ཚར་གཅིག་ནང་བཀླགས་པས། །
ཀློག་དོན་དེ་བརྗེད་དཀའ། །
འདིར་ཕེབས་པའི་དྲ་གྲོངས་ཡོངས་ལ་ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད། གུས་པའི་རྩོམ་ཆད་འདི་ཁ བརྡ་དྲ་ངོས་སུ་འགོད་མཁན་སུ་ཡིན་ན་དེ་ལའང་ལྷག་བསམ་ཟོལ་མེད་ཀྱི་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁ་སང་སུ་ཇ་བོད་ཁྱིམ་གྱི་ལོ་ཉེར་ལྔ་འཁོར་བའི་དམིགས་བསལ་མཛད་སྒོའི་སྐབས་སུ་ཇཱ་བོད་ཁྱིམ་གྱི་དབུ་འཛིན་དང་དགེ་རྒན་ཁག་ཅིག་གིས་ཀྱང་གུས་པར་བསྟོད་བསྔགས་གནང་བྱུང་བས། གུས་པའང་དངོས་གནས་དགའ་ཞིང་སྤྲོ་ཡོད། ཇི་ལྟར་བཤད་རུང་ངས་གསར་དུ་འཚར་ལོངས་འབྱུང་བཞིན་པའི་སློབ་ཕྲུག་ཚོའི་ཆེད་དུ་རྩོམ་ཡིག་འདི་བྲིས་པ་དང་། ཁོང་ལ་ཀློག་མཁན་གྱི་དགའ་བསུ་ཐོབ་པར་མ་ཟད། སློབ་ཕྲུག་ཚོར་ཡང་ཅུང་ཙམ་རེ་ཕན་གི་རེད་བསམ་ན་ང་རང་ཉིད་ཀྱང་དགའ་ནས་ཡོད།
དེར་བརྟེན་འབྲེལ་ཡོད་ཡོང་ལ་ཐུགས་རྗེ་ཆེ་ཞུ་རྒྱུའོ། །
ཨ་རིག་འགྱུར་མེད་ལགས།
ཁྱེད་ཀྱི་རྩོམ་ཡིག་དང་འབྲེལ་བའི་དྲི་བ་འགའ་ཤས་ཞུ་རྒྱུར་ལན་འདེབས་ཡོང་བའི་རེ་བ་ཆེ།
དྲི་བ་དང་པོ། ཁྱེད་ཀྱི་རྩོམ་ཡིག་ནང་ཕྱི་ལོ་ ༢༠༠༧ ནང་གཞུང་ཞབས་འདེམས་བསྐོ་ལྷན་ཁང་ནས་གཞུང་ཞབས་འདེམས་སྒྲུག་སྐབས་དྲུང་ཆེ་དང་། དྲུང་འཕར་ཡིག་རྒྱུགས་བཏང་ཡོད་ཚུལ་བརྗོད་འདུག་ཀྱང། ངོས་རང་གངས་སྐྱིད་ལ་སྡོད་རིང་དྲུང་ཆེ་དང་དྲུང་འཕར་གནས་རིམ་ཐོག་ཡིག་རྒྱུགས་བཏང་བ་གོ་ཐོས་རྩ་བ་མ་བྱུང་ལ། དེ་ནི་དངོས་བདེན་ཞིག་མ་རེད་སྙམ། དེ་བས་ཁྱེད་ཀྱིས་དངོས་ཡོད་ལས་རྒྱབ་ཏུ་ཕྱོགས་པའི་གནས་ཚུལ་དེ་འདྲ་སློབ་གྲྭའི་སློབ་མ་ཚོའི་མདུན་ལ་སྤེལ་དགོས་དོན་གང་ཡིན་ནམ།
དྲི་བ་གཉིས་པ། ཁྱེད་ཀྱི་རྩོམ་ཡིག་འོག་ལ་མཆན་བུ་ཞིག་གི་ཐོག་སློབ་གྲྭའི་དགེ་ལས་ཚོས་ཁྱེད་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཚུལ་བརྗོད་འདུག་ཀྱང། དེ་སྔ་ཁྱེད་རང་སློབ་ཐོན་སྐབས་ཧིན་སྒོར་ཁྲི་ ༡་ལྷག་ཙམ་གཞུང་ནས་སྤྲད་པ་དེ་ཅིའི་ཕྱིར་སྤྲད་པ་རེད་དམ། སློབ་ཐོན་རྗེས་རྒྱ་གར་ནང་ལ་སྡོད་རྒྱུར་དམིགས་ནས་ཧིན་སྒོར་ཁྲི་གཅིག་ཐོབ་བྱུང་ངམ། ཡང་བོད་དུ་འགྲོ་མཁན་ཡིན་ཚུལ་བརྗོད་ནས་ཧིན་སྒོར་ཁྲི་ ༡་ལེན་པ་ཡིན།
དྲི་བ། ད་ལན་རྩོམ་ཡིག་གི་ནང་བསྟན་དོན་དང། དེ་སྔ་ཁྱོད་ཀྱི་བྲིས་པའི་རྩོམ་ཡིག་ནང་དོན་མཐུན་མིན་ཁྱད་པར་ཆེན་པོ་འདུག དཔེར་ན། ད་ལྟའི་རྩོམ་ཡིག་ནང་ལ་ཁྱེད་ཀྱི་འཚོ་བ་སྐྱོ་པོ་ཡིན་ཚུལ་བརྗོད་པ་དང་། དེ་སྔའི་རྩོམ་དེབ་ནང་ཁྱེད་ལ་དགའ་པོ་མང་པོ་ཡོད་ཚུལ་དང་། སྤྲོa་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཚུལ་བརྗོད་པ་ཁག་མཐུན་གྱི་མི་འདུག་ན། སྔ་ཕྱི་ནང་འགལ་ཆགས་པ་དེས་རྫུན་བཤད་མི་ཤེས་པ་སྟོན་པ་མ་ཡིན་ནམ།།་
དྲ་གྲོགས་ཨ་རིག་འགྱུར་མེད་ལགས་ཀྱི་མཉམ་མྱོང་རྒན་པོས་འབེལ་གཏམ་འདི་འདྲ་ཞིག་གནང་བ་སྙིང་དབུས་གནས་བཀའ་འདྲིན་ཆེ་ཞུ་རྒྱུ་དང་། ཁོང་ལྟ་བུའི་ཤེས་ཡོན་ཅན་དག་གི་སྤྱི་ཚོགས་ཀྱི་འགན་འཁུར་དང་མི་རིགས་ཀྱི་འགན་འཁུར། རིགས་གཞུང་གི་འགན་འཁུར་འདི་ལྟ་བུ་བཞེས་པ་ནི་སྤྱི་ཚོགས་ཡོངས་ནས་སྔགས་བརྗོད་ཞུ་འོས་བཞིན། མ་འོངས་གཞོན་སྐྱེས་ལམ་སྟོན་དང་འཛུབ་འཁྲིད་མང་ཙམ་གནང་རྒྱུའི་གཅོས་མིན་སྙིང་ནས་ཞུ་གི་ཡོད།
ཨ་རིག་གི་རྩོམ་འདི་བཅོས་སྒྲུང་ཞིག་མིན་ནམ། གང་ལྟར་བརྗོད་དོན་ངོ་མ་དེ་དངོས་གནས་ཡག་པོ་ཞིག་ཏུ་མཐོང་། གལ་ཏེ་རང་གིས་དངོས་ཡོད་ལ་སྦྱར་ནས་བཤད་པ་བཞིན་དངོས་ཡོད་ཡིན་ན་རྩོམ་འདི་གསོན་ཤུགས་ལྡན་ལ་རིན་ཐང་ལྡན་པ་ཞིག་རེད་འདོད། ང་ཡང་ད་ལྟ་སློབ་གྲྭ་དེ་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་ཁྱོད་ཀྱི་མིང་སྲིང་གང་རུང་ཞིག་ཡིན་ཚེ་ཕུ་བོ་ཁྱོད་ཀྱིས་བཤད་པ་དེ་སྙིང་ལ་བཅངས་ངེས་ཡིན། ཡིན་ནའང་ད་ནི་ཕྱིས་ཚར་སོང་།
ཨ་རིག་འགྱུར་མེད་ཅིག་གི་འཐེན་གོ་གི།
སྐྱོ་བའི་སྐྱོ་རབས་སྡེ་ལ་གླེང་གོ་གི།
རང་གི་རང་མཚང་ཕྱིར་ལ་སྟོན་གོ་གི།
གླེན་པ་ཡིན་ནོ་གསལ་བཤད་ཡེ་གོ་གི།
ན་ནིང་འཚོ་བ་སྐྱིད་པོ་ཡོད་རབས་ཟེར།།
དགའ་རོགས་མང་པོས་རོགས་རྩོད་བྱས་རབས་ཟེར།།
ད་ལོ་རྒད་པོས་དཀའ་སྡུག་མྱངས་སོ་ཟེར།།
ཅིག་ཅིག་མིན་ན་སྲོག་ཀྱང་ཤོར་ཐལ་ཟེར།།
སྐྱག་ལབ་བརྒྱབ་ནས་སློབ་སྟོན་བྱེད་གོ་གི།།
ཉམས་མྱོང་ཅན་གྱི་སྙིང་སྟོབས་ཡིན་ནོ་ཟེར།།
སྐྱག་པ་མིན་པ་ཅི་ཡང་མི་ཤེས་ནོ།།
སློབ་ཕྱོགས་འདི་ན་མི་གཏོགས་ཤེས་ནི་དཀོན།།
ཤིས་ཚང་མཁྱེན་རབ་ཨ་རིག་འགྱུར་མེད་དང་།།
བོད་ཀྱི་དོ་ཤུལ་རྒྱ་མཚོ་ཡབ་སྲས་གསུམ།།
བཙན་བྱོལ་བོད་ཀྱི་མཁས་པ་མི་གསུམ་དེ།།
ལེགས་བཤད་རྩོམ་རིག་སྨྲ་བའི་མགྲིན་པ་ཅན།།
ཧ་ཧ་ཨ་རིག་འགྱུར་མེད་གཙོ་བྱས་པའི།།
གཞོན་སྐྱེས་བླུན་པོ་ལུག་གི་ལྟ་བ་ཅན།།
ཁྱི་རྒན་ཀུ་ཅོ་འདོན་པའི་སྤུན་གསུམ་ལ།།
བླུན་པོ་ལུག་ཏུ་འགྲོ་བའི་ལྟ་བ་ཞུ།།
བཀུར་འོས་པའི་དྲ་གྲོགས་དབྱངས་བུ། ངས་གུས་ཞབས་ལྡན་པའི་ངང་ཁྱེད་ཀྱི་དྲི་བར་ལན་འདེབས་པར་བྱེད། དེ་ནི་ངས་ཁྱེད་ལ་གུས་བཀུར་བྱས་པ་ཙམ་མ་ཟད་ང་རང་ཉིད་དང་ངའི་ཀློག་པོ་ཡོངས་ལ་གུས་ཞབས་བྱས་པ་ཞིག་ཀྱང་ཡིན། ཁྱེད་ཀྱི་དྲི་བ་དང་པོ་སྟེ། ༢༠༠༧ ལོ་ཟེར་བའི་ལོ་ཚིགས་དེ་དངོས་གནས་ཁྱེད་རང་བདེན། དྲི་ཚིག་དེས་ང་ལ་དྲན་གསོ་ཞིག་བཏང་བྱུང་། ད་ལྟ་ངས་སེམས་སུ་ ༢༠༠༧ མིན་པར་ ༢༠༠༨ ཡིན་སྙམ་ཞིག་འཆར་གྱིན་འདུག་ལ། སྐབས་དེར་ངས་གནས་ཚུལ་དེའི་སྐོར་ཆེད་དུ་གསར་འགྱུར་ཞིག་ཀྱང་བྲིས་ཡོད་སྟབས་བོད་ཀྱི་དུས་བབ་ཀྱི་ལོ་རྒྱུས་ཡིག་ཚང་ནང་དུ་གསལ་བོར་འཁོད་ཡོད་སྙམ། གང་ལྟར་ལོ་ཚིགས་དེ་གལ་ཆེན་པོ་རེད་དམ། གཙོ་བོ་ངས་རང་གི་ཕུ་ནུ་མིང་སྲིང་ལྟ་བུའི་སློབ་གྲོགས་ཚོར་ཕན་རེ་བཅངས་ཏེ་གནས་ཚུལ་དེ་བཀོད་པ་ཡིན་ལ། དེས་ཏན་ཏན་ཁོང་ཚོར་གཞུག་ཕྱོགས་ཀྱི་འཚོ་བར་གྲ་སྒྲིག་ཅིག་བྱེད་པར་སྐུལ་ལྕག་ཐེབས་ཡོད་སྙམ།
དྲི་ལན་གཉིས་པ། ང་ལ་དགེ་རྒན་ཚོས་བསྔགས་བརྗོད་གནང་བ་དངོས་གནས་ཡིན། དེ་ཡང་རྫུན་གཏམ་རེད་སྙམ་མམ། འོ་ན་འདིར་མཆན་མཁན་མང་བོ་ཞིག་གིས་རྩོམ་ཡིག་འདིར་བསྔགས་བརྗོད་གནང་གིན་འདུག དེ་ཡང་བཅོས་བརྫུ་རེད་སྙམ་མམ། དེ་ལྟར་མ་རེད། འདིར་ཁྱོད་ཀྱིས་བརྗོད་འདོད་པ་གཙོ་བོ་ངས་ཧིན་སྒོར་ཆིག་ཁྲི་ལྷག་སྟེ་ཅི་ལྟར་བླངས་པ་ཡིན་མིན་འདྲི་གི་འདུག རེད། ང་སྐད་ཡིག་ལོ་རིམ་དང་པོ་ནས་ཐོན་ཏེ་ཕྱིར་ཕ་ཡུལ་དུ་ལོག་རྩིས་བྱས་པ་ཡིན། སྐབས་དེར་ང་ཙམ་མ་ཟད་ང་ཚོ་སློབ་ཕྲུག་ལྔ་བཅུ་ལྷག་ཅིག་ཡོད། ང་ཚོ་ཚང་མ་རྒྱ་གར་གྱི་གནས་འཇལ་ཆ་ཚང་ལ་ཕྱིན་པར་མ་ཟད་བལ་ཡུལ་བར་དུ་ཕྱིན་ཏེ། བལ་ཡུལ་ནས་བོད་གཞུང་བཀའ་དྲིན་ཅན་དང་བོད་ཁྱིམ་སློབ་གྲྭའི་སྐུ་ཚབ་རྣམ་པ་གཉིས་ཀྱིས་ལམ་འཇུག་གནང་བྱུང་།
སྐབས་དེ་དུས་ང་དང་དེང་སྐབས་ཨ་རིར་ཡོད་པའི་ངའི་འཛིན་གྲོགས་ཤིག་བཅས་ངེད་གཉིས་ནད་མནར་གྱི་དབང་གིས་གནས་འཇལ་ཆ་ཚང་ལ་འགྲོ་ཐུབ་མེད། ངེད་གཉིས་ནང་དུ་ཉལ་བསྡད་དེ་དེ་མིན་གྱི་སློབ་གྲོགས་བྱིངས་རྐང་ཐང་ལ་འགྲོ་དགོས་སའི་ས་གནས་གལ་ཆེན་འགར་གནས་འཇལ་དུ་ཕྱིན་པ་རེད། བལ་ཡུལ་དུ་འབྱོར་ལོ་དེར་ས་མཚམས་ཀྱི་གནས་ཚུལ་ཛ་དྲག་རེད། མང་བོ་མི་ཐར་གི གལ་སྲིད་བརྒྱ་ཆའི་བརྒྱ་ལྷ་ས་བར་དུ་སྐྱེལ་དགོས་ན་ལམ་ཁྲིད་ལ་བལ་སྒོར་ཆིག་འབུམ་ལྷག་སྟེར་དགོས་པའི་གནས་ཚུལ་ཞིག་ལས་གཞན་དཀའ་ཁག་ཆེན་པོ་རེད། དེར་བརྟེན་ང་ཕྱིར་ལོག་དགོས་བྱུང་སོང་། ལོ་དེར་ཕ་ཡུལ་དུ་ལོག་མཁན་ཅི་ཙམ་བྱུང་ཡོད་མེད་མི་ཤེས། གང་ལྟར་མང་བོ་ཞིག་ལྷག་ཡོད།
ཁྱེད་ཀྱི་དྲི་གདངས་ལ་བལྟས་ན་ངས་འདི་ལྟ་བུའི་གསལ་བཤད་དག་སྣང་བར་འགྲོ་ཁག་པ་བྱུང་ཤེས་མོད། སྐྱོན་མི་འདུག
མཇུག་མཐའི་དྲི་ལན། ངས་དཀའ་ཁག་ལྡན་པའི་འཚོ་བ་བསྐྱལ་མྱོང་ལ་སྤྲོད་སྐྱིད་ལྡན་པའི་འཚོ་བའང་བསྐྱལ་མྱོང་། མ་གཞིར་ང་ས་མཐའི་འཚོ་བའི་ལོ་ངོ་བཅུ་ཙམ་ལས་བསྐྱལ་མེད་ཀྱང་དེའི་ནང་དུ་ངའི་ཚོད་ཀྱིས་དཀའ་བ་དང་སྡུག་པ། སྐྱིད་པ་དང་བདེ་བ་སོགས་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་ཡོངས་སུ་མྱངས་མྱོང་། དེར་བརྟེན་ངས་ལོ་དུས་ཤིག་བརྗོད་སྙིང་དུ་བཟུང་སྟེ་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་འབྲི་བཞེངས་བྱེད་ཀྱིན་ཡོད་དུས། སྐབས་དེ་དུས་ཀྱི་ངའི་འཚོ་བ་བདེ་སྐྱིད་ལྡན་པ་བསྟན་ཡོད་ལ། ངས་ལོ་དུས་ཤིག་བརྗོད་སྙིང་དུ་བཟུང་སྟེ་དཀའ་ཁག་ཆེ་བའི་ལོ་ཟླ་ཞིག་འབྲི་བཞེངས་བྱེད་ཀྱིན་ཡོད་དུས། སྐབས་དེ་དུས་ཀྱི་ངའི་ཚོ་བ་ནི་དངོས་གནས་དེ་ལྟ་བུའི་སྐྱོ་བོ་སྐྱོ་བོ་ཞིག་ཡིན། དེ་ལྟ་ན་ངས་བྲིས་པའི་རྩོམ་ཡིག་ཁག་ནས་ཁྱེད་ཀྱི་དུས་ནམ་ཡང་སྔ་ཕྱི་ནང་འགལ་ཆགས་པའི་གནས་ཤིག་མི་རྙེད་ལ། མ་གཞི་རྒྱུ་མཚན་མེད་སར་དེ་ལྟ་བུའི་རྫུན་བཤད་པས་ཅི་ཕན།
ཁྱེད་ཀྱི་དྲི་བ་དག་གི་ཤུགས་སུ་གསལ་ལྷང་ངེར་མངོན་ཡོང་བ་ནི་རྩོམ་ཡིག་འདི་སྣང་ངོར་མ་སོང་བའི་ཐོག་འབྲི་མཁན་སྣང་ངོར་མ་སོང་། དེའི་སྟེང་དུ་མཆན་མཁན་ཚོའི་བསྟོད་བསྔགས་སྣང་བར་མ་སོང་བ་ཤེས་ཀྱི་འདུག་མོད། གོང་གི་དྲི་ལན་དག་ལྷག་བསམ་རྣམ་དག་གིས་ཕུལ་བ་ཡིན།
དེ་མིན་དྲ་གྲོགས་གཞན་དག་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་ལ། རྩོམ་ཡིག་འདི་བཅོས་སྒྲུང་ལྟ་བུའི་རིགས་གང་ཡང་མིན་པར་ང་རང་ཉིད་ཀྱིས་དངོས་སུ་བརྒྱུད་མྱོང་བའི་འཚོ་བ་ངོ་མ་དེ་ཡིན་ནོ། །
ཀུན་སློང་རྣམ་དག་ལ་སྙིང་ནས་གུས
དྲ་གྲོགས་ཨ་རིག་འགྱུར་མེད་ལགས།
ཐོག་མར་ལན་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
དེ་ནས་གསལ་བཤད་ཞུ་དའདོད་པ་ཞིག་ལ། ངས་ཁྱེད་ཀྱི་ཡོན་ཏན་ལ་མི་དགའ་བ་དང་། ཁྱེད་ལ་བསྟོད་བསྔགས་ཐོབ་པར་མི་དགའ་བ་བྱས་པ་རྩ་བ་ནས་མིན། ངས་དེ་ལྟར་བྱེད་དགོས་དོན་ཡང་མེད། དང་པོ། ང་རང་ལ་མཚོན་ན་བོད་དབྱིན་གཉིས་ཀར་བཏང་འགྲོ་བཞག་སྡོད་ཕེར་ངེས་མེད་ལ། གཞི་རྩའི་ཤེས་ཡོན་གྱི་རྨང་གཞི་ཡང་བརྟན་པོར་མེད་ཀྱང། དུས་རྟག་ཏུ་དཔེ་དེབ་ཀློག་རྒྱུར་དགའ་བ་དང་། ཡན་ཏན་ཅན་ལ་དགའ་ཞིང་དྲི་བ་འདོན་རྒྱུར་དེ་བས་ཀྱང་སྤྲོ་བ་སྐྱེ་མཁན་ཞིག་ཡིན། ད་བར་ངས་ཁྱེད་དང་སྐད་ཆ་ཚིག་གཅིག་ཙམ་ཡང་བཤད་མྱོང་མེད་ཀྱང་། དེ་སྔ་ཁྱེད་ཀྱི་བཏོན་པའི་དུས་བབ་ཟིན་བྲིས་ལས་ཕྱོགས་བསྡུས་དེབ་ཕྲེང་དེ་དང་། ཕྱི་ལོ་ ༢༠༡༠ ལོར་བཏོན་པའི་མཁྲེགས་གཏམ་དམར་རྗེན་མ་གཉིས་ངའི་མིག་ངོར་སོན་བྱུང་ཀྱང་དེ་ཙམ་གྱི་སྤྲོ་བ་འཕེལ་ངེས་པ་ཞིག་མ་རེད། དེ་བས་བོད་ཀྱི་བཀའ་ཁྲི་ཟེར་བའི་ཚགས་ཤོག་སྟེང་ཁྱེད་ཀྱི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་རྩོམ་ཡིག་གཅིག་སྤེལ་འདུག་པ་དེར་ང་རང་དགའ་བོ་བྱུང་། དེ་ཡང་ཁྱེད་ཀྱི་འབྲི་རྩལ་ལ་དགའ་བས་སོ།
མདོར་ན། ད་བར་ངས་ཁྱེད་ཀྱི་མི་གཤིས་མི་ཤེས་ལ་ཁྱེད་དང་སྐད་ཆ་ཚིག་གཅིག་ཙམ་ཡང་བཤད་མྱོང་མེད་མོད། ཁྱེད་ནི་བོད་ཀྱི་སྐད་ཡིག་ལ་གདུང་བ་ཟབ་པའི་གངས་ཅན་བུ་ཕྲུག་ཅིག་ཡིན་པར་སྣང་བས། ངས་དུས་རྟག་ཏུ་ཁྱེད་ལ་རྒྱལ་ཁའི་སྨོན་འདུན་ཞུའོ། །
ཨ་རིག་འགྱུར་མེད་ལགས་ཁྱོེད་ཀྱི་རྩོམ་ཡིག་འདི་ཕུན་སུམ་ཚོགས་པ་ཞིག་རེད། རེད་དེ་ངས་ཁྱོད་ལ་ཐུགས་རྗེ་ཆེ་ཞེས་མི་བརྗོད་ལ། དབྱངས་བུ་ལྟ་བུས་བསམ་ངན་གྱི་ཀློན་ཀ་འཚོལ་བ་འང་མི་བྱེད། རྒྱུ་མཚན་ནི། ༢༠༠༧ དང་༢༠༠༨ ནོར་བ་དེ་གལ་གནད་ཅིག་ཀྱང་མ་རེད་ལ། དེ་ཤེས་པ་དགོས་དམིགས་ཤིག་ཀྱང་མ་རེད།
མ་ཟད་ཁྱོད་ཀྱི་རྩོམ་ལ་གདིང་འཇོག་སླེབས་པའི་སྐབས་སུ་མི་ལ་སྐྱོན་འཛུགས་ཀྱི་ལས་ཀ་མ་རུང་བའི་བྱ་སྤྱོད་དེ་འདྲ་འང་སྤེལ་མི་འདོད། རྒྱུ་མཚན་ནི་ཁྱོད་ཀྱི་རྩོམ་ཡིག་སྤུས་གཙང་བ་དང་སློབ་གྲྭ་ནས་སྒོར་༡༠༠༠༠ལེན་པ་དེ་གཉིས་འབྲེལ་བ་མེད་པས་སོ།།
གང་ལྟར་ཤི་དགོས་མཁན་དེ་ཚོའི་མདུན་དུ་ནམ་ཡང་ཁྱོད་གསོན་པོར་གནས་དགོས།
ཨ་རིག་བུ།
དྲ་གྲོགས་དབྱངས་བུ་དང་མིག་གཉིས་ཀྱིས་རང་རང་གི་སེམས་བསམ་པའི་སྟེང་གི་སྐད་ཆ་བསང་བོར་བརྗོད་པར་དངོས་གནས་དགའ་ཞིང་སྤྲོ་ཡོད། ཁྱེད་རྣམས་ཀྱིས་སྐུལ་ལྕག་དང་ལྷག་བསམ་དག་པའི་བསམ་ཚུལ་དག་གིས་ད་གཟོད་བདག་ལ་བློ་འབྱེད་དང་སྟོབས་ཤུགས་སྩོལ་གྱིན་ཡོད་ལ། ང་ཡང་དུས་གཏན་དུ་རང་གི་དམིགས་འདུན་ཆེད་དུ་མདུན་སྐྱོད་བྱ་རྒྱུར་སྤོབས་པའང་སྩོལ་གྱིན་འདུག་པས་ན། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ། །
དྲ་གྲོགས་མིག་དང་། ཨ་རིག་འགྱུར་མེད་གཉིས་་གསལ་འདེབས་ཞུ་རྒྱུར།
ཕྱི་ལོ་ ༢༠༠༧ དང་། ཕྱི་ལོ་ ༢༠༠༨ གཉིས་ནོར་བ་མ་རེད། ནོར་ངོ་མ་ནི་ད་བར་དྲུང་ཆེའི་གནས་རིམས་དང། དྲུང་འཕར་གྱི་གནས་རིམ་ཐོག་ཡིག་རྒྱུགས་བཏང་ནས་འདེམས་བསྐོ་གནང་བ་བྱུང་མེད། ཕྱི་ལོ་ ༢༠༠༧ ལོར་གཞུང་ཞབས་འདེམས་བསྐོ་གནང་བ་རེད། སྐབས་དེ་དུས་དྲུང་གཞོན་གནས་རིམ་མཐོ་ཤོས་རེད། དྲུང་གཞོན་ས་མིག་གཉིས་ཡོད། ཐུགས་ཡིད་མ་ཆེས་ན་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ལས་བྱེད་ལ་དྲུང་ཆེའི་གནས་རིམ་ཐོག་ཡིག་རྒྱུགས་བཏང་ཡོད་མེད་ཁྱེད་གཉིས་ཀྱི་བཀའ་འདྲི་གནང་ན་འགྲིགས།
དབྱང་བུ་ལགས། སྤྱི་ལོ་གཉིས་ཀྱང་གལ་གནད་ཅིག་མ་རེད་ལ། གཞུང་ཞབས་ཡིག་རྩོད་བཏང་ཡོད་མེད་ཀྱང་མ་རེད།
འདི་ནི་གསར་བུ་ཚོའི་སེམས་ལ་སྐུལ་མ་ཐེབས་ཆེད་ཀྱི་རྩོམ་ཡིག་ཅིག་རེད།
གོ་བྱུང་ངམ་དབྱངས་བུ་ལགས།
ང་རང་གིས་ནམ་རྒྱུན་བཤད་བཞིན་ཡོད་པའི་ཚིག་གཉིས་ཁྱོད་ལ་བཤད།
རྩོམ་པ་པོ་ལ་བསམ་ཕོད་པ་དང་། བཤད་ཕོད་པ། ལས་ཕོད་པ་གསུམ་གྱི་སྟེང་དུ་སྤྱི་ཚོགས་འགན་ལེན་གྱི་ཤེས་རབ་ཡོད་པ་ཞིག་ངེས་པར་ཡོད་དགོས།
ཁྱོད་རང་གི་རྩོམ་ཡིག་འདིར་དགོས་པ་ཅི་ཞིག་ཡོད།
ཨ་རིག་གི་སྐད་ཆ་ནག་པོ་བཟོ་བ་དེ་རེད་དམ།
ངོ་མ་སྙིང་རྗེ་བ་ཞིག་རེད།
ཨ་རིག་ལགས། ངས་བསམ་ན་ཁྱོད་ལ་སྨྱོན་པ་ཁ་སློག་པའི་དུས་ཚདོ་ཅིག་ཡོད་རྒྱུ་མ་རེད།
བཅོས་རོགས།
རྩོམ་པ་པོ་ལ་བསམ་ཕོད་པ་དང་། བཤད་ཕོད་པ། ལས་ཕོད་པ་གསུམ་གྱི་སྟེང་དུ་སྤྱི་ཚོགས་འགན་ལེན་གྱི་ཤེས་རབ་ཡོད་པ་ཞིག་ངེས་པར་དགོས།
ཨ་རིག་འགྱུར་མེད་ནི་ཕོ་རྒོད་ཡ་རབས་ཤིག་ཏུ་ངོམ། དང་ཐོག་བཙན་བྱོལ་དུ་འབྱོར་རྗེས་མི་ཚེའི་ཀྱག་ཀྱོག་གི་ལམ་བུ་བརྒྱུད་ནས་རང་གི་མྱོང་ཚོར་དང་མ་འོངས་པའི་ཕུགས་འདུན་སྒྲུབ་ཕོད་པ་དང་བཤད་ཕོད་པ། འབྲི་ཕོད་པའི་ཕོད་པ་གསུམ་ལྡན་གྱི་ཕོ་རྒོད་ཅིག་ཡིན་པ་ངས་ཐག་གིས་ཆོད། ཁོང་ནི་དགོན་པར་གསར་ཞུགས་སྐབས་ཕལ་ཆེར་ལོ་བཅུ་དྲུག་ཡས་མས་ཤིག་ཡིན་པ་འདྲ། དེ་དུས་ཀྱི་ཁོང་གི་གཤིས་སྤྱོད་ནི་གཞན་དང་མི་འདྲ་བའི་ཡ་རབས་ཀྱིས་ཁེངས་འདུག ལོ་གཅིག་གཅིག་ཙམ་གྱི་རྗེས་ནས་ཁོང་དགོན་པ་ནས་གར་སོང་ཆ་མེད་དུ་གྱུར་འདུག ང་ཡང་སེམས་ཁྲལ་བྱུང་ལ་བརྩད་གཅོད་ཀྱང་བྱས་མྱོང། མི་ཡ་རབས་ཅན་པོ་དྲན་རྒྱུ་མང་ན་གཞན་གྱིས་གར་ཁྲིད་ཁྲིད་རེད་བསམ་སོང། རྗེས་སུ་ཁོ་རང་ལྷོ་ཕྱོགས་ཕོ་ཉའི་རྩོམ་སྒྲིག་པ་ཆགས་འདུག སྟབས་ལེགས་པ་ཞིག་ལ་ཁོ་རང་གི་སྤྱི་ཚོགས་ཀྱི་ཉམས་མྱོང་དང་ཤེས་ཡོན་གྱི་ཕུགས་འདུན་སོགས་ཀྱི་ཐད་གོ་རྟོགས་མཐོ་རུ་ཕྱིན་འདུག དེའི་རྗེས་སུ་དུས་བབ་གསར་འགོད་པའི་ལས་ཀ་བྱས་པ་དང་། སྤྱི་ཚོགས་ཀྱི་གནས་བབས་དང་འཚམས་པའི་རྩོ་ཡིག་གང་མང་སྤེལ་བ་མཇལ་མྱོང། ཐུགས་རྗེ་ཆེ། སྐུ་ཁམས་བཟང།
ཨ་རོ། དོན་གོ་ལགས། ཁྱོད་ཀྱི་རྩོམ་ཡིག་གི་ནང་ནས་ཤིས་ཙང་མཁྱེབ་རབ་དང་ཨ་རིག་འགྱུར་མེད། དོར་ཤུལ་རྒྱ་མཚོ་གསུམ་ལ་ཡབ་སྲས་གསུམ་ཟེར་དགོས་དོན་ཅི་ཞིག་རེད།
གསར་འབྱོར་བོད་ཀྱི་ན་གཞོན་དག།
སྐྱབས་བཅོལ་གཞུང་འདི་མ་གཏོགས་པའི།།
ལྟ་རྟོག་བྱེད་མཁན་སུ་ཞིག་ཡོད།།
སྐྱབས་མགོན་ལ་ཁའི་ཉི་མ་སྟེ།།
བྱིན་རླབས་ཆེ་ཡང་རིང་རྒྱུ་མེད།།
གསར་འབྱོར་བྱ་བ་ཕལ་ཆེ་བ།།
བྱ་སྤུ་རླུང་གིས་ཁྱེར་བ་འདྲ།།
ཕྱུག་པོའི་བུ་ནི་ང་རྒྱལ་ཆེ།།
མེད་པོའི་བུ་ནི་སྙིང་རེ་རྗེ།།
ར་མ་ལུག་གི་སྤྱི་ཚོགས་འདིར།།
ཡི་གེའི་མགོ་ཡང་མི་ཐོན་གི།
ཡ་རབས་མེ་ཏོག་འཛུམ་གྱིས་ཕོངས།།
དཔྱོད་ལྡན་མགུ་བའི་གཏམ་བཟང་མེད།།
སྨན་གྱི་བླ་མས་སྨན་བྱིན་ཀྱང།།
མི་ཕན་ལུག་གི་ལུམ་དུ་འགྱུར།།
གློག་གི་འཕྲུལ་གྱི་འཇིག་རྟེན་འདིས།།
འཚོ་བདེ་ཨེ་ཡོང་ལྟ་མོད་ཀྱང།།
དབུགས་ཐུང་མང་པོ་བརྩེགས་པའི་མཐར།།
དབུགས་རིང་གཅིག་གིས་བསྡུས་ན་ཚར།།