(ཀླུ་སྨྱོན་རྩོམ་རིག་བྱ་དགའི་འགྲན་རྩོམ།)
ཨ་རིག་འགྱུར་མེད།
གཅེས་པར་འོས་པའི་ངའི་ཕུ་ནུ་མིང་སྲིང་ཚོ། ཁྱེད་ཚོའི་ཁམས་བཟང་། ཐོག་མར་ངས་ཁྱོད་ཚོ་དང་མ་ཡུམ་སུ་ཇཱ་སློབ་གྲྭའི་དགེ་ལས་ཡོངས་ལ་སུ་ཇཱ་བོད་ཁྱིམ་སློབ་གྲྭ་དབུ་བརྙེས་ཏེ། ལོ་འཁོར་ཧྲིལ་བོ་ལྔ་བཅུ་ལོན་པར་བཅོས་མིན་གྱི་འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། ང་ནི་ཁྱོད་ཚོ་དང་འདྲ་བར་སུ་ཇཱ་བོད་ཁྱིམ་ནས་སློབ་མཐར་ཕྱིན། སུ་ཇཱ་བོད་ཁྱིམ་ནས་བོད་ཡིག་དང་དབྱིན་ཡིག་སྦྱངས། སུ་ཇཱ་བོད་ཁྱིམ་ནས་རང་ཉིད་ངོས་ཟིན་པ་དང་མི་ཚེའི་ཕུགས་འདུན་རྙེད། སུ་ཇཱ་བོད་ཁྱིམ་གྱི་ཤེས་བྱའི་དགའ་ཚལ་ནས་རྩོམ་རིག་གི་འདབས་ལག་ཅུང་ཙམ་རྒྱས་པའི་ཕུ་བོ་ཞིག་ཡིན་ལ། དེ་རིང་ང་ཁྱོད་ཚོའི་ཕུ་བོ་ངོ་མ་ཞིག་གི་སར་བསྡད་དེ། ཁྱོད་ཚོའི་མ་འོངས་པའི་མི་ཚེའི་ཕུགས་འདུན་གྱི་ཆེད་དུ་ཁ་བརྡ་ཐུང་ཐུང་ཞིག་བྱེད།
རེད་ཡ། གཅེས་པར་འོས་པའི་ངའི་ཕུ་ནུ་མིང་སྲིང་ཚོ། ཕུ་བོས་ནམ་རྒྱུན་མ་ཡུམ་སུ་ཇཱ་སློབ་གླིང་ནི་ངས་ཚེ་འདིར་ཆེས་བརྗེད་ཐབས་མེད་ཅིང་ང་ལ་ཡངས་ཤིང་མུ་མཐའ་མེད་པའི་བགྲོད་ལམ་གནང་མཁན་གྱི་ཤེས་བྱ་རིག་པའི་སྐྱེད་ཚལ་ཞིག་ཡིན་བསམ་ཡོད། ལྷག་པར་དུ་གནས་དེའི་དགེ་ལས་ཚོ་རེད། ཁོང་ཚོ་ནི་ང་ཚོའི་མི་ཡུལ་ས་མཐའི་སྐྱིད་ལ་སྡུག་གི་འཚོ་བའི་ཀློང་གི་ཕ་དང་མ་ཡིན་ལ། ཚད་མེད་པའི་བྱམས་སྐྱོང་གནང་མཁན་དང་ང་ཚོའི་ཆེད་དུ་སྐུ་ངལ་བསྐྱོན་མཁན་གྱི་རླབས་ཆེན་མི་སྣ་ཡིན། རྟེན་འབྱུང་གི་འབྲེལ་བའི་སྐོར་ནས་བཤད་ན་དགེ་ལས་ཚོ་མེད་ན་ང་ཚོ་ལ་དེ་རིང་གི་མདུན་ལམ་དང་། མ་འོངས་པའི་ཕུགས་བསམ་སོགས་ཡོད་མི་སྲིད་པས་དུས་ནམ་ཡང་ཁོང་ཚོའི་བཀའ་དྲིན་མ་བརྗེད་རོགས།
ད་ལྟ་ཕུ་བོ་བཙན་བྱོལ་སྤྱི་ཚོགས་ནང་ཁྱབ་ཆེ་ལ་མི་མང་བོས་དགའ་བསུ་ཆེན་པོ་ཐོབ་ཀྱིན་པའི་བོད་ཀྱི་དུས་བབ་ལས་ཁུངས་ཀྱི་གསར་འགོད་པ་བྱེད་ཀྱིན་ཡོད་ལ། དེ་ནི་ཆུང་དུས་བརྩོན་པ་མ་བྱས། དར་དུས་སྦྱངས་པ་མ་བྱས། ད་ལྟ་ཤེས་བྱ་དང་ཡོན་ཏན་འདི་ཡིན་ཟེར་ནས་ཅི་ཡང་སྟོན་རྒྱུ་མེད་པའི་ཕུ་བོར་མཚོན་ན། དངོས་གནས་མགོ་མ་གཡུག་པར་ལྷ་བབས་པའི་དཔེ་ལྟར། རྩ་ཆེ་བའི་གོ་སྐབས་དང་གཅེས་པར་འོས་པའི་ལས་ཀ་བཟང་བོ་ཞིག་ཡིན། ཡིན་ནའང་། ཕུ་བོས་ཁྱོད་ཚོར་དེའི་སྐོར་ནས་མི་གླེང་བར་བྱ། དེས་ན་ཅི་ཞིག་གླེང་ངམ་ཟེར་ན། ཕུ་བོས་འདི་ལྟ་བུའི་རླབས་ཆེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ལས་ཀ་ཞིག་མ་རྙེད་པའི་སྔོན་དུ་བྱ་བ་ཅི་ཞིག་བསྒྲུབས་པ་དང་། དེའི་བར་དུ་དཀའ་སྡུག་དང་འཚོ་བའི་མནར་གཅོད་ཅི་འདྲ་ཞིག་ཐེབས་པ་བཅས་ཀྱི་འདས་སོང་གི་གཏམ་རྒྱུད་གླེང་། དེ་ནི་ཕུ་བོས་བསམ་ན་ཁྱེད་ཚོ་ཚང་མས་ཤེས་དགོས་ཤིང་མ་འོངས་པར་འཕྲད་སྲིད་པའི་དོན་དག་ཅིག་རེད།
ཕུ་བོ་ཐོག་མར་སློབ་གྲྭ་ནས་ཐོན་དུས་རང་གཞུང་བཀའ་དྲིན་ཅན་དང་མ་ཡུམ་སུ་ཇཱ་སློབ་གྲྭས་གནང་བའི་ཧིན་སྒོར་ཆིག་ཁྲི་ལྷག་ཅིག་ལག་ཏུ་ཡོད་པ་ཙམ་ལས། ཡར་བལྟས་ན་གནམ་དང་མར་བལྟས་ན་ས་མ་གཏོགས་ངོ་ཤེས་མེད་ལ། རེ་བའི་སྐྱབས་དང་མཛའ་བའི་གཉེན་སོགས་ཅི་ཡང་མེད་པར་ལྗིད་ཏིག་ཏིག་གི་གོམ་ཁ་རེ་རེ་བཞིན་སྤྱི་ཚོགས་སྟེང་སྤོ་མགོ་བརྩམས་པ་ཡིན། སྐབས་དེ་དུས་ཕུ་བོས་སེམས་ནང་དུ་ལག་གི་ཧིན་སྒོར་ཆིག་ཁྲི་ལྷག་བཀོལ་ཚར་རྗེས་ངའི་ཉིན་རེའི་འཚོ་བ་ཇི་ལྟར་བསྐྱལ་རྒྱུ་དང་། ཧིན་སྒོར་ཆིག་ཁྲི་དེར་བརྟེན་ནས་ད་ལྟའི་འཚོ་བར་ཁག་ཐེག་དང་མ་འོངས་པའི་འཚོ་བར་གོ་སྒྲིག་ཇི་ལྟར་བྱ་རྒྱུ་བཅས་ཀྱི་དྲི་རྟགས་སྣ་ཚོགས་ཀྱིས་ཁེངས་ཡོད། ཇི་ལྟར་བཤད་རུང་སྐབས་དེ་དུས་ཆེས་སྐྲག་ས་ནི་དེ་རིང་གི་འཚོ་བ་འཁྱོལ་ནའང་སང་ཉིན་གྱི་ནམ་ཟླ་ཇི་ལྟར་བསྐྱལ་ལམ་བསམ་པ་དེ་རེད། ཕུ་བོར་མཚོན་ན་ཆགས་ས་རྟེན་ས་དང་རྒྱབ་རྩ་དཔུང་རོགས་མེད་པ་དེ་ནི་སེམས་པ་བདེ་ལ་འབབ་མི་ཐུབ་པའི་རྒྱུ་རུ་གྱུར་འདུག
ཁྱོད་ཚོས་སོམས་དང་ཕུ་བོར་ཤེས་ཡོན་སློབ་སྦྱོང་ཐོན་པའི་ལག་ཁྱེར་མེད་ལ། ལྷ་བྲིས་དང་འཚེམ་བཟོ། ཤིང་བརྐོས་དང་མ་བྱན། རླངས་འཁོར་གཏོང་བ་དང་གློག་ཀླད་སོགས་ལག་ཤེས་རིགས་ཤིག་ཀྱང་མེད་སྟབས། ལས་ཁུངས་ཤིག་ནས་ལས་ཀ་རེག་རྒྱུར་སྦྱངས་པའི་ཡོན་ཏན་འདི་ཡིན་ཟེར་ནས་སྟོན་རྒྱུ་ཞིག་དགོས་ལ། ལག་ཤེས་སྡེ་ཚན་ཞིག་ཏུ་ལས་ཀ་བྱ་རྒྱུར་མ་མཐར་ཡང་ལག་ཤེས་དེར་སྦྱངས་པ་སྔོན་དུ་སོང་ཡོད་དགོས། དེ་དག་སྣ་གཅིག་ཀྱང་མེད་སྟབས་ཕུ་བོར་ཉིན་རེའི་འཚོ་བའི་ཁྲོད་ནས་དཀའ་ངལ་འཕྲད་མགོ་བརྩམས། དཀའ་ངལ་ཇི་ལྟར་འཕྲད་དམ་ཟེར་ན། གཙོ་བོ་ཀུན་དགའ་དོན་འགྲུབ་རེད། ཕུ་བོ་སློབ་གྲྭ་ནས་ཕྱི་ལ་ཐོན་པའི་སྐབས་དེར་ངྷ་སའི་ཟས་སོང་དང་ཁང་རིན། ཆུ་རིན། གློག་རིན། ཡོད་ཚད་ད་ལྟ་དང་བསྡུར་ན་ཆུང་མོད། སྐབས་དེ་དུས་ཀྱང་སྤྱིར་བཏང་བའི་ཁང་པ་ཆུང་ཆུང་ནང་དུ་ཉལ་ཁྲི་གཉིས་དང་རླངས་རྫ། རྒྱུན་བཀོལ་ཅ་དངོས་ཆུང་ངུ་དག་དང་ཟ་མ་གཡོ་བྱེད་ཀྱི་སྣོད་ཆས་འགའ་ཤོང་ས་ཞིག་ལའང་ཧིན་སྒོར་ ༡༠༠༠ ནས་ ༡༥༠༠ བར་དགོས། སྐབས་དེ་དུས་ཟ་ཁང་ཞིག་ཏུ་ཞོགས་པའི་ཆུ་ཚོད་ ༥ ཡས་མས་ནས་དགོང་མོའི་ཆུ་ཚོད་ ༡༡ ཡས་མས་བར་ལས་གཡོག་ཏུ་བརྒྱུགས་ཀྱང་ཟླ་རེར་ཧིན་སྒོར་ ༡༢༠༠ ནས་ ༡༥༠༠ ཙམ་ལས་མེད་ལ། དེ་ནི་གལ་སྲིད་ཕུ་བོ་དུ་འཐེན་ཞིག་ཡིན་པའི་དབང་དུ་བཏང་ན་ཕལ་ཆེར་ཟླ་རེའི་དུ་རིན་ཙམ་ཡིན་པས། ཟ་ཁང་ཞིག་ཏུ་ལས་གཡོག་ཏུ་རྒྱུག་ཞོར་རང་གི་ཟླ་རེའི་འགྲོ་སོང་འཕུད་རྒྱུ་ཟེར་ན་རྨི་ལམ་ལྟ་བུ་ཞིག་རེད། དེང་སྐབས་ད་དུང་སྔོན་ཆད་དང་བསྡུར་ན་ངྷ་སའི་འགྲོ་སོང་ལྡབ་གཅིག་གིས་ཡར་འཕར་འདུག དེ་མ་བརྗེད།
དེ་ལྟར་ཕུ་བོ་ཐོག་མར་སློབ་གྲྭ་ནས་བུད་དེ་ངྷ་སར་འབྱོར་དུས་བོད་ལུགས་ཀྱི་བརྩི་སྟངས་ལྟར་ན་ལོ་རྙིང་ནང་རེད་ལ། མི་ཚང་མས་གནམ་ལོ་གསར་བའི་དགའ་སྟོན་རྟེན་འབྲེལ་ལ་རོལ་རྒྱུའི་གྲ་སྒྲིག་བྱེད་ཀྱིན་པའི་སྒང་རེད། སྐབས་དེ་ནི་ཕུ་བོར་མཚོན་ན་དངོས་གནས་གོ་སྐབས་ཡག་པོ་ཞིག་སྟེ། ངོ་ཤེས་ཤིག་བརྒྱུད་ནས་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ལོ་སར་གྱི་ཁ་ཟས་བསྲེག་རྒྱུའི་ལས་ཀ་ཞིག་རེག་ཅིང་། ལས་ཀ་དེ་ཁྱོན་ཉིན་ཉི་ཤུ་ལྷག་ལ་ལས་དགོས་ལ་ཉིན་རེར་ཧིན་སྒོར་ ༧༥ རེ་ཡིས་གླ་དངུལ་ལེན་རྒྱུ་ཡོད། ལས་ཀ་དེ་ཞོགས་པ་སྔ་བོ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་བ་བར་དུ་ལས་དགོས་པས་དེ་སྔར་ཤུགས་ལས་བྱེད་མྱོང་མེད་པའི་ཕུ་བོར་མཚོན་ན་དཀའ་ཚེགས་ཆེན་པོ་བྱུང་།
དེའི་རྗེས་ལོ་སར་རེད། ཕུ་བོས་ཀྱང་གྲོགས་པོ་ཞིག་དང་མཉམ་དུ་སྟབས་བདེའི་ལོ་སར་ལ་རོལ་རྗེས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་དཔྱིད་ཆོས་ཆེན་མོ་མགོ་ཚུགས་པ་དང་། ཕུ་བོར་དེ་རུ་འཕྲད་སེལ་མ་བྱན་གྱི་ལས་ཀ་ཞིག་རེག དེ་ནི་དངོས་གནས་དཀའ་ཚེགས་ཆེན་པོ་སྟེ་མཚན་གྱི་ཆུ་ཚོད་གཉིས་པ་ནས་ཕྱི་དྲོའི་ཆུ་ཚོད་ལྔ་དང་དྲུག་གི་བར་དུ་ལས་དགོས་པས་དུས་ཡུན་རིང་ཐོག ཕུ་བོ་དང་ཕུ་བའི་གྲོགས་པོ་གཉིས་ལས་རོགས་གཞན་དང་བསྡུར་ན་ལོ་གཞོན་ཡིན་སྟབས། རླངས་རྫ་དང་འབྲས། ཙོང་དང་ཞོག་ཁོག གྲོ་ཕྱེ་དང་སྣུམ་སོགས་དངོས་པོ་ལྕི་རུ་ལྗིད་ཚད་འཁུར་དགོས་ལ། ལས་ཀ་ཡང་འབྲས་ཐུག་དཀྲུག་པ་དང་ཚོགས་སླང་ཆེན་པོ་བཀྲུ་བ་ལྟ་བུའི་དཀའ་ཚེགས་ཅན་རྐྱང་རྐྱང་བྱེད་དགོས། མཚན་གྱི་གཉིད་བཅག་ཐོག་ཉིན་གྱི་ལས་ཀ་ཡང་ཧ་ཅང་ལྕི་བས་དངོས་གནས་ཧ་ཅང་གི་དཀའ་ཚེགས་ཆེན་པོ་བྱུང་མོད། ལས་ཀ་དེ་ཡང་མི་ཚང་མར་རེག་པ་ཞིག་མིན་པར་ཕུ་བོས་ཧུར་བརྩོན་སྒོས་ཡར་མར་གང་སར་མངགས་བཅོལ་བྱས་པ་ལྟར། ལག་ཏུ་ཐོབ་ཙམ་བྱུང་བ་དང་དུས་ཡུན་ཟླ་གཅིག་ཙམ་ལས་མེད་པས་ཧུར་ཐག་གིས་བསྒྲུབས་པ་ཡིན། དེ་ལྟར་ཕུ་བོས་ལས་ཀ་ཙག་ཙིག་དང་དཀའ་སྡུག་གང་མང་ལ་གདོང་ལེན་བྱེད་དགོས་བྱུང་། དེའི་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ནས་ཚགས་ཤོག་རྩོམ་སྒྲིག་ཁང་ཞིག་གི་ལས་ཀ་རེག་སྟེ་ལོ་གཅིག་ལ་བྱས་ཀྱང་། དེ་ཡང་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་གི་དབང་གིས་བསྐྱུར་དགོས་བྱུང་།
༢༠༠༦ ནས་ ༢༠༠༧ བར་ལོ་གཅིག་ལྷག་རིང་ཕུ་བོར་མི་འདོད་པའི་ནད་ཅིག་གིས་བཟུང་སྟེ་ལས་ཀ་བྱེད་མི་ཐུབ་པའི་སྟེང་། སློབ་སྦྱོང་ཡང་བྱེད་མ་ཐུབ་པར་ངྷ་སར་འཁྱམ་ཉུལ་གྱི་འཚོ་བ་རོལ་དགོས་བྱུང་ཞིང་། སྐབས་དེ་དུས་དངོས་གནས་ཞོགས་ཟས་རྙེད་ན་དགོང་ཟས་མི་རེག་པ་དང་། དེ་རིང་གི་འཚོ་བ་འཁྱོལ་ན་སང་ཉིན་གྱི་འཚོ་བ་འཁྱོལ་དཀའ་བའི་དཀའ་སྡུག་གི་འཚོ་བ་ཞིག་བསྐྱལ་བ་ཡིན། སྐབས་དེ་དག་ཏུ་ཕུ་བོར་མཚོན་ན་ཉི་མ་རེ་རེ་དང་མཚན་མོ་རེ་རེ་བཞིན་འཁྱོལ་རྒྱུ་ནི་དངོས་གནས་ཟླ་བ་རེ་རེ་དང་ལོ་རེ་རེ་སྐྱེལ་བཞིན་པ་ལྟར་འགྲོ་ཁག་ཅིང་། རང་ཉིད་ཁེར་རྐྱང་ཡིན་པའི་ཚོར་སྣང་གིས་དུས་རྟག་ཏུ་མནར་ཡོང་། དེ་ལྟ་བུའི་དཀའ་ཁག་གི་གནས་སུ་ཡོད་དུས་ཁ་འཇམ་ཚིག་སྙན་བཤད་མཁན་མང་ཡང་རོགས་རམ་བྱེད་མཁན་ནི་ཉིན་མོའི་སྐར་མ་ཙམ་རེད། དཔེར་ན། སྐབས་དེར་ཕུ་བོས་ཕ་ཡུལ་དུ་འབྲེལ་བ་བྱས་ཏེ་ནང་ནས་རྒྱ་སྒོར་སྟོང་ཕྲག་འགའ་ལེན་རྒྱུར་ཐག་གཅོད་བྱུང་རྗེས། ངྷ་ས་གཡས་གཡོན་ནས་ལྷོ་མཐའ་ཁག་ཏུ་ཡོད་པའི་རང་གི་གྲོགས་པོ་གྲོགས་མོ་མང་བོར་རེ་སྐུལ་ཞུས་ཏེ། འཕྲལ་སེལ་ཐོག་ལག་དངུལ་ཞིག་གཡར་རྒྱུར་རེ་སྐུལ་ཞུས་ཀྱང་རེ་བ་རེ་རེའི་སྣེ་ན་འཁྱབ་སོབ་སོབ་ཏུ་གྱུར་བའི་ལན་རེ་ལས་མི་འདུག དེ་སྔར་ཆ་ཡོད་རྒྱུས་ཡོད་ཀྱི་གྲོགས་པོ་གྲོགས་མོ་ཡོད་ཚད་ཀྱིས་རྒྱུ་མཚན་ལུང་པ་གང་བགྲང་སྟེ། ཁོང་ཚོ་ཡང་ལྟོགས་ཤི་ཐེབས་ཀྱི་མེད་ནའང་དཀའ་ཚེགས་དང་འཚོ་བས་མནར་གཅོད་ཀྱིས་གདུང་ཡོད་པའི་རྒྱུ་མཚན་མང་བོ་བགྲང་བས། ཕུ་བོར་འཕྲལ་སེལ་གྱི་ལག་དངུལ་ཙམ་ཡང་གཡར་ས་མ་རྙེད་པར་ ༢༠༠༧ ལོའི་ལོ་སར་དེ་ཕུ་བོ་གཅིག་པུས་ཁང་སྟོང་ཞིག་ཏུ་རོལ་དགོས་བྱུང་། དེའི་ཐོག་ལོ་དེར་ཕུ་བོའི་སར་ལོ་སར་ལ་ཡོང་མཁན་མི་གཅིག་ཀྱང་བྱུང་མེད་ལ། གཡས་གཡོན་གྱི་ཁྱིམ་མཚེས་ཚོས་ཚུར་ཡོང་གི་མགྲོན་པོར་སྙན་མོའི་ཚིག་གིས་སྣེ་ལེན་དང་ཕར་འགྲོའི་སྐྱེལ་མ། ད་དུང་སྐོར་ཁག་དང་སྐོར་ཁག་མཉམ་དུ་འཛོམས་ཏེ་གླུ་ལེན་གར་རྩེད་ལ་རོལ་བ་སོགས་ནི། རྐང་བཙུགས་ནས་མིན་ཡང་ཕུ་བོར་ཆེད་དུ་མནར་གཅོད་གཏོང་བ་དང་ཨ་ན་མ་ན་རེད། དེ་ནི་སྐབས་དེའི་ཕུ་བོའི་གནས་སྟངས་ངོ་མ་དེ་རེད། མཐར་ཕུ་བོའི་ལག་ཏུ་ཟ་ཁང་ཞིག་ཏུ་ཉིན་ཕྱེད་ཀྱི་ལས་ཀ་ཞིག་རེག་ཅིང་དེ་ནས་ཟླ་རེར་ཧིན་སྒོར་ ༡༥༠༠ ཡི་གླ་དངུལ་ལེན་རྒྱུ་ཡོད་ཀྱང་དེ་དུས་ཕུ་བོའི་ཁང་རིན་ཧིན་སྒོར་ ༡༢༠༠ ཡིན་ལ། གློག་རིན་དང་ཆུ་རིན་མཉམ་དུ་བསྡོམས་ན་མ་མཐར་ཡང་ཟླ་རེར་ཧིན་སྒོར་ ༡༥༠ ལྷག་ཤོར་འགྲོ དེའི་ཤུལ་དུ་ཕུ་བོར་ངོ་བཀྲུ་ངོ་སྣུམ་ཙམ་རེ་ཉོ་སྤྱད་ལས་མེད། སྐབས་དེ་དག་ཏུ་ཆུ་ནག་དང་རྩམ་སྐྱ་མཉམ་དུ་ཟོས་པ་གྲངས་ཀྱིས་མི་ཟིན་ཀྱང་། ཕུ་བོའི་སྐབས་དེའི་འཚོ་བར་རྒྱུས་མངའ་ཡོད་མཁན་ནི་ཕུ་བོ་དང་ལས་དབང་གཅིག་པའི་ངྷ་སའི་མི་རྐྱང་ཚོའི་ཕན་ནས་ཕ་ཡུལ་དུ་ཡོད་པའི་ཕ་མ་མིང་སྲིང་མིན་ལ། རྒྱས་འགྲོ་རྒྱས་འདུག་བྱེད་ཀྱིན་པའི་ངྷ་སའི་རི་གྲོང་གི་ཕུ་བོའི་གྲོགས་པོ་ཚོ་ཡང་མིན།
རེད་ཡ། ངས་གཅེས་པར་འོས་པའི་ཕུ་ནུ་མིང་སྲིང་ཚོ། ཕུ་བོས་ཁྱོད་ཚོར་ཕུ་བོ་རང་གིས་བརྒྱུད་མྱོང་བའི་བཤུལ་ལམ་ཐུང་ཐུང་ཞིག་འདི་ལྟར་བརྗོད་ན་ཁྱོད་ཚོས་འདས་ཟིན་པའི་ཕུ་བོའི་དཀའ་སྡུག་གི་ལོ་ཟླ་ངོས་ཟིན་ནམ། ངས་བསམ་ན་ཕུ་བོས་འགྲེལ་བརྗོད་ཅི་ཙམ་བྱས་ཀྱང་ཁྱོད་ཚོ་རང་ཉིད་དངོས་སུ་འཚོ་བར་ཟབ་ཞུགས་མ་བྱས་ཚེ། དེའི་གནས་སྟངས་ངོ་མ་དུས་ནམ་ཡང་ངོས་ཟིན་མི་ཐུབ་སྙམ་མོད། མ་མཐར་ཡང་ཁྱོད་ཚོའི་སེམས་སུ་འཚོ་བ་ནི་ག་དུས་ཡིན་ནའང་རང་འགྲིག་ཏུ་ཡོད་པ་ཞིག་མིན་པར། དེ་ལ་གདོང་ལེན་མང་བོ་བྱེད་དགོས་པའི་གྲ་སྒྲིག་དང་ངེས་ཤེས་རྙེད་དགོས། ཨེ་གོ།
ད་ཕུ་བོས་ཁྱོད་ཚོར་གོང་གི་ཕུ་བོའི་འདས་སོང་གི་གཏམ་རྒྱུད་ཐུང་ངུ་དེ་བཤད་པའི་དགོས་དམིགས་ངོ་མ་བཤད། ད་ལྟ་ཁྱོད་ཚོ་སློབ་གྲྭར་ཡོད་ལ་བོད་དབྱིན་གྱི་སྐད་ཡིག་དང་ཚན་རིག ཨང་རྩིས། ས་ཁམས་རིག་པ། ལོ་རྒྱུས། ལུས་རྩེད་སྣ་ཚོགས་སོགས་ཤེས་བྱ་རིག་པའི་གནས་ལ་སྦྱོང་བ་བྱེད་པ་དང་ལྷ་བྲིས་དང་འཚེམ་བཟོ། དེ་མིན་ལག་ཤེས་སྡེ་ཚན་གཞན་གང་དུ་འཛུལ་ནའང་གོ་སྐབས་ཆེན་པོ་ཡོད། དེར་བརྟེན་ཁྱོད་ཚོས་ཅིས་ཀྱང་རང་རང་གི་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་མ་བརྗེད། ལྷག་པར་དུ་རང་རང་གི་དམིགས་འདུན་ལྟར་ཤེས་བྱ་རིག་པའི་གནས་གང་ལ་སྦྱང་ནའང་དེ་ལ་མཐར་སོན་པ་བྱ་རྒྱུ་གལ་ཆེན་པོ་རེད། ཕུ་བོས་ཁྱོད་ཚོར་སྟབས་བདེའི་དཔེ་མཚོན་ཞིག་དྲངས་ཏེ་བརྗོད་ན། ༢༠༠༩ ལོར་ངྷ་སར་བོད་གཞུང་འདེམས་བསྐོ་ལྷན་ཁང་གིས་ལས་ཁུངས་ཁག་གི་དྲུང་ཆེ་དང་དྲུང་འཕར། ཡིག་ཚགས་དོ་དམ་པ་དང་ཡིག་སྐྱེལ་བ། རྩིས་པ་དང་རླངས་འཁོར་ཁ་ལོ་བ་སོགས་སྡེབ་གཅིག་ལ་ཁྱོན་སྡོམ་ལས་བྱེད་སུམ་བཅུ་ཙམ་བསྡུ་རུབ་བྱས། ཁྱོད་ཚོས་སོམས་དང་སྐབས་དེ་དུས་ཡིག་རྒྱུགས་གཏོང་མཁན་གྱི་མི་ག་ཚོད་ཡོད་རྒྱུ་རེད་དམ། སྐབས་དེར་ཡིག་རྒྱུགས་གཏོང་མཁན་མི་ ༢༥༠ ལྷག་བྱུང་བས་བོད་གཞུང་ལ་མཚོན་ན་མཐོ་རིམ་སློབ་གྲྭ་འདྲ་མིན་ནས་ཐོན་པའི་ལག་ཁྱེར་ཡོད་ཐོག ངེས་པ་དོན་གྱི་འབྲི་ཀློག་བཤད་གསུམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པའི་ལས་བྱེད་རྩེ་གྲས་སུམ་ཅུ་བདམས་ཆོག་ཀྱང་། ལས་མི་ ༣༠ ཙམ་ལས་མི་དགོས་སར་མི་ ༢༥༠ ཙམ་གྱིས་ཡིག་རྒྱུགས་བཏང་ན། མི་ ༢༢༠ ཙམ་གྱིས་ཡིག་རྒྱུགས་འཕྲོད་ཡོད་ཀྱང་ཡིག་རྒྱུགས་ཀྱི་གྲུབ་འབྲས་ཆེས་རྩེ་ཕུད་དུ་ཕྱིན་མེད་ཚེ་ལས་ཀ་རེག་རྒྱུའི་གནས་མེད། ལོ་ངོ་བཅུ་དང་ཉི་ཤུའི་སྔོན་ཡིན་ན་ཁྱོད་ཚོར་མཐོ་རིམ་སློབ་གྲྭ་ག་གེ་མོ་ནས་ཐོན་པའི་ལག་ཁྱེར་ཡོད་པའི་ཆོག་མོད། དེང་སྐབས་དེ་ཙམ་གྱིས་མི་འགྲིག་པར་མ་ཟད་ད་དུང་འབྲི་ཀློག་བཤད་གསུམ་གྱི་ཉམས་མྱོང་ཆེན་པོ་མེད་ཚེ། སྤྱི་ཚོགས་ཁྲོད་ཁྱོད་ཡིན་ང་ཡིན་གྱི་གཞོན་སྐྱེས་ཤེས་ཡོན་ཅན་ཆར་རྗེས་ཀྱི་ཤ་མོ་བརྡོལ་བརྡོལ་བྱེད་ཀྱིན་ཡོད་སྟབས། ཁྱོད་ཚོས་ཤེས་བྱ་རིག་པའི་གནས་གང་འདྲ་ཞིག་སྦྱོང་གི་ཡོད་ནའང་དེ་ལ་ནང་བྱན་ཆུད་པ་ཞིག་བྱ་རོགས།
ལྷག་པར་དུ་ཕུ་བོ་སུ་ཇཱ་སློབ་གྲྭར་ཡོད་སྐབས་ཀྱི་དངོས་ཡོད་གནས་ཚུལ་ཞིག་དྲན་གྱི་འདུག ཕུ་བོ་དེ་གར་ཡོད་སྐབས་མུ་མཐུད་དེ་འཛིན་རིམ་དྲུག་པ་དང་བདུན་པར་ཡིག་རྒྱུགས་མ་འཕྲོད་པར་ལག་ཤེས་སྡེ་ཚན་ལྷ་བྲིས་དང་འཚེམ་བཟོ་ཁང་ལྟ་བུར་འཛུལ་མཁན་ལ། སློབ་མ་སྤྱི་བྱིངས་ཀྱིས་ངོས་ནས་ལྟ་སྟངས་ལེགས་རྒྱུ་མེད་དེ། ཁོང་ཚོ་ནི་ཤེས་བྱ་རིག་པའི་གནས་ལ་སྦྱོང་མཁན་གྱི་སྔོན་ཐོན་སློབ་མ་མིན་པར་ཡིག་རྒྱུགས་མ་ལོན་པར་ལག་ཤེས་སྡེ་ཚན་དུ་འཛུལ་བའི་སློབ་མ་རིག་རྟུལ་དང་ཅང་མི་ནུས་མཁན་དུ་ལྟ་བ་དེ་རེད། དེ་ནི་ང་ཚོའི་མི་རབས་འདིས་ལག་ཤེས་རིག་གནས་ཀྱི་ཕྱོགས་ལ་བསམ་བློ་མ་ཐོངས་པ་དང་དེའི་གལ་ཆེན་རང་བཞིན་མ་གཏོགས་པས་ལན་པ་རང་རེད། བོད་རྒྱལ་ཁབ་ཆེན་མོ་འཛུགས་སྐྲུན་གྱི་སྐོར་ནས་བཤད་ནའང་བཟོ་ལས་སྣ་ཚོགས་དང་འཚེམ་ལས། ཤིང་བརྐོས་དང་མཁར་ཁང་པ་བརྩིགས་མཁན་ཚུན་གྱི་ལག་ཤེས་པ་དགོས་ལ། མི་རེ་རེའི་འཚོ་བའི་གནད་དོན་ལ་བསམ་བློ་བཏང་ནའང་། བོད་རྒྱལ་ཁབ་ཆེན་མོའི་མི་ཡོངས་རྫོགས་ཡིག་ཚང་དུ་བསྡད་དེ་ལས་ཀ་བྱ་རྒྱུ་མིན་པར། སྤྱི་ཚོགས་ཀྱི་ལས་རིགས་འདྲ་མིན་དང་ལག་ཤེས་འདྲ་མིན་སྟེང་ལས་མི་དགོས་སྟབས། ལག་ཤེས་སྣ་ཚོགས་ཤེས་པའི་མི་ནི་ད་གཟོད་སྤྱི་ཚོགས་ཀྱི་སྤྱོད་སྒོ་ཆེ་བའི་མི་དང་། རང་གི་ཁ་རྒྱབ་དང་ལྟོ་གོས་གཏམ་གསུམ་ལ་ཁག་ཐེག་ཐུབ་པའི་མི་རེད།
འདས་པའི་ལོ་འདི་འགར་ཕུ་བོ་བལ་ཡུལ་དང་རྒྱ་གར་གྱི་ཤར་ལྷོ་ནུབ་བྱང་གང་དུ་སོང་ནའང་། འུ་ཅག་སུ་ཇཱ་སློབ་གྲྭའི་སློབ་ཟུར་མེད་ས་ཞིག་མི་འདུག་ཀྱང་། ལས་ཀ་རེག་པ་དང་རང་གི་འཚོ་བ་སྐྱིད་པོ་རོལ་མཁན་དག་ནི་དེ་སྔོན་སློབ་གྲྭར་ཡོད་དུས་སློབ་མ་སྤྱི་བྱིངས་ཀྱིས་ལག་ཤེས་སྡེ་ཚན་ཞེས་པའི་དམའ་འབེབས་དང་། ལྟ་སྟངས་མི་ལེགས་ས་ནས་འཚར་ལོངས་བྱུང་བའི་འཚེམ་བཟོ་བ་དང་ལྷ་བྲིས་པ། རླངས་འཁོར་གཏོང་བ་དང་མ་བྱན་གྱི་ལག་ཤེས་སྦྱོང་མཁན་དག་རེད་ལ། དེ་སྔོན་ཞེ་དྲག་ཅིག་ཡིན་བསམ་སྟེ་མུ་མཐུད་དེ་འཛིན་རིམ་བཅུ་གཅིག་བཅུ་གཉིས་མཐར་ཕྱིན་མཁན་ཚོ། དེང་སྐབས་སྤྱི་ཚོགས་ཁྲོད་བེད་མེད་དུ་གྱུར་ཏེ། རེ་ཟུང་གིས་ཐ་ན་རང་གི་འཚོ་བར་ཡང་ཁེག་ཐག་བྱེད་ཐུབ་ཀྱི་མི་འདུག དེའི་སྟབས་ཀྱིས་ཤེས་བྱ་རིག་པའི་གནས་ལ་སྦྱང་ན་རེ་བ་ཡོད་མཁན་གྱིས་དེ་ལྟར་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱ་རྒྱུ་དང་། ལག་ཤེས་རིག་གནས་ལ་མོས་པ་ཡོད་མཁན་དང་དེ་ལ་མཁས་པ་རྣམས་ཀྱིས་དེ་ལ་སློབ་སྦྱོང་བྱ་རྒྱུ་ནི་རང་གི་འཚོ་བ་དང་། མ་འོངས་པའི་བོད་རྒྱལ་ཁབ་ཆེན་མོ་འཛུགས་སྐྲུན་གྱི་ཆེད་དུ་ཡིན་པ་མ་བརྗེད་པ་གནང་རོགས།
ཨོ་རེད། ད་ཕུ་བོའི་སྐད་ཆ་དངོས་གནས་མང་དྲགས་སོང་བས་མཚམས་འདི་ནས་འཇོག ཁྱོད་ཚོ་སུས་ཕུ་བོའི་སྐད་ཆ་འདི་དག་ལས་རང་ལ་མཁོ་བ་རེ་ཡོད་ན་དེ་ལྟར་འབད་རྒྱུ་མ་བརྗེད་ལ། གལ་སྲིད་ཕུ་བོའི་སྐད་ཆའི་ནང་དུ་ཁྱོད་ཚོར་མཁོ་བ་གང་ཡང་མེད་པར་དུས་ཚོད་འཕྲོ་བརླག་ཏུ་ཕྱིན་ཡོད་ཚེ་ཕུ་བོས་ལག་ཟུང་སྙིང་ཀར་སྦྱར་ཏེ་དགོངས་དག་ཞུ་ཆོག
ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༢༠ ཉིན་ཕུ་བོ་ཨ་རིག་འགྱུར་མེད་ཀྱིས་བྱང་ཕྱོགས་ངྷ་ས་ནས་ཕུལ་ལོ། །
ཨ་རོག་་་དེ་རིང་སེམས་འགུལ་ཞིག་དང་ལྷན་དུ་ཕྱིར་མ་ཡུམ་སློར་གྲྭར་མིག་ཞགས་ཤིག་འཕངས་འདུག་ཀ་་་ཡག་པོ་བྲིས་འདུག་་་དགའ་བསུ་ཡོད།
ཨ་རིག་གི་རང་གི་འདས་ཟིན་གྱི་ལོ་རྒྱུས་རྣམས་སྤྱི་ཚོགས་སུ་གྲགས་པར་སྙིང་རྩ་མི་ཆུང་བར་སེམས་གཤིས་བཅས་མིན་ཚིག་གི་མདུད་པ་ཅུང་ལྷོད་པའི་བྲིས་རྩོམ་ལེགས་པོ་ཞིག་བྲིས་ནས་འདུག་པར་ཤིན་ཏུ་ཐད། ང་ཚོ་བོད་པའི་གཤིས་ཀར་སྤྱི་ཚོགས་ཀྱི་འགྱུར་འགྲོས་དང་མི་བསྟུན་པར་བརྗོད་བྱེད་ཚིག་གི་མི་དམ་ན་བྲིས་རྩོམ་གྱི་གྲས་སུ་མི་བརྩིས་པས་རྕེ་ཕུད་དུ་འཐེན་དཀའ། ཚང་མ་ཀླུ་སྨྱོན་དང་སྙན་ངག་མ་པད་འབུམ་སོགས་ཀྱི་ཕྱག་ཏུ་ཡོད་པའང་ཚོད་དཔག་་་་་་འཛོལ་ཡང་སྲིད། ཨོ་འོ་་་་མ་གཞི་དེང་སང་སྙན་་ངག་པ་ཚང་མ་མཁྲེགས་པོར་ཞེནཔ་ལོག་ནས་འབོལ་པོའི་ཕྱོགས་སུ་ལོག་ནས་ཡོད་པས་་་་་རེ་བ་ཡོད་པ་དག་གིས་ཆོད། གང་ལྟར་ཁྱེད་ཀྱི་རང་གི་ཕུ་ནུ་་གཞོན་པར་་བཅངས་པའི་སྙིང་ཞེན་ལ་བསྟོད། བཀྲིས་བདེ་ལེགས། ལེགས་པོ་འདུག