སྲིད་རྡོ།
ཁ་སང་དེ་རིང་གི་གནས་ཚུལ་ཞིག་ལ། དོན་གཅོད་གལ་ཆེ་ཤོས་ཤིག་ལ་བྱ་སྤུ་ནོན་གྱི་སྲིད་ཇུས་གསར་བ་ཞིག་བཀོལ་བ། འདི་ནི་སྙིང་ནད་ཅིག་སྟེ་དབང་བཀོལ་བའི་ཁོག་ནག་གི་ལས་ཀ་ཞིག་ཡིན། འདི་བཀོལ་བས་སྤེན་ཚེ་ལ་ནུས་པ་ཆེས་མེད་དུ་མི་རུང་བ་ཞིག་ཡོད་པ་ཤེས་དགོས་ལ། སྤེན་ཚེ་ཡི་ལོ་གཅིག་གི་ཕར་བསྐྱལ་བའི་དོན་གཅོད་དུས་ཡུན་ནི་དྲང་བདེན་ཡིན་པ་ཚོར་དགོས། སྤེན་ཚེ་ཡི་ཕྱག་ལས་གནང་ས་ནི་ལོ་སྔོན་མར་སྐལ་རྡོར་གྱིས་རྙོག་གླེང་གི་སྐད་གྲགས་བཞག་ས་ཡིན་པ་མ་ཟད།སྐལ་རྡོར་ལ་ད་ལྟ་ཡང་བོད་གཞུང་ན་ལས་བགོས་བྱས་ཡོད་པ་དང་། སྲིད་སྐྱོང་གི་ངོ་ཤེས་ཤིག་ཡིན་པའི་བཤད་སྲོལ་ཡོད།
ང་ཚོའི་མང་གཙོ་ནི་གསོལ་རས་ཤིག་ཡིན་མོད། མི་མང་གིས་དེ་བཞིན་སྲུང་བརྩི་བྱེད་ཀྱིན་པ་དང་། ཆེས་མཐོའི་འགོ་ཁྲིད་ཁག་གིས་ཅི་འདོད་ལྟར་བེད་སྤྱོད་གཏོང་བཞིན་ཡོད། ད་ལྟ་སྲིད་སྐྱོང་གིས་དབང་ཚད་པ་ནི་དབང་ཆ་གཅིག་སྡུད་ཀྱི་ངོ་བོ་དང་མཚུངས་ཤིང་། ངོ་བོ་དེ་ནི་བོད་ཀྱི་ཁྱད་ཆོས་ལྡན་པའི་མང་གཙོ་རུ་ངོས་བཟུང་ན། ཤོག་ཁག་གམ་ཆོལ་ཁའི་མང་གཙོ་ཤིག་ཏུ་ངོས་བཟུང་ཆོག མང་གཙོ་ཡིན་པ་གང་ཞིག་ལ་ཤོག་ཁག་གི་གཤིས་ཀ་ལྡན་པའི་ལས་སུ་སོང་ན། མི་མང་དཀྱུས་མའི་ནང་དུ་གྱོང་གུད་དང་འཐུས་ཤོར། སྡུག་བསྔལ་དང་འཐབ་རྩོད་ནང་ལ་འཁོར་བའི་ལས་གཞི་ཞིག་ཡོང་བ་ནི་འགོག་ཐབས་མེད་པ་ཞིག་རེད།
ང་ཚོ་ས་མཐའ་ན་ཡོད་ཅིང་། ས་མཐའི་བོད་ཀྱི་སྒྲིག་འཛུགས་ཆུང་ཆུང་འདི་ནི་མཁས་པའི་དབང་པོ་རྣམས་ཀྱི་ཁོང་དུ་ཆུད་ཀྱི་མེད་དུས་མི་མང་གི་སེམས་ཁ་དཀྲུགས་ཤིང་། བོད་གཞུང་གི་འབོད་སྒྲ་དག་ནུས་མེད་དུ་འགྱུར་སྲིད། དེ་ཡི་རྒྱབ་རྟེན་གྱིས་ང་ཚོས་ཁ་གཏད་ལ་ཕར་རྒོལ་ཇི་ལྟར་བྱ། ང་ཚོ་མི་རིགས་ཤིག་བསམ་པའི་འདུ་ཤེས་ནི་བོད་གཞིས་བྱེས་གཉིས་ཀྱིས་ངོས་བཟུང་ཤིང་བཤད་ཀྱིན་པའི་སྒང་ལ། དབང་ཆ་གཅིག་སྡུད་བྱུང་ཞིང་དབང་ཆ་འཐབ་རྩོད་བྱུང་དུས་ཀྱི་མངོན་གྱུར་འདི་ཡིས། བོད་ཀྱི་རྩ་དོན་འཐབ་རྩོད་ཅེས་འུར་སྒྲོག་དང་འུད་ཤོབ་རྒྱབ་པས་ཅི་ལ་ཕན། ཆོལ་ཁས་ཆོལ་ཁ་ལ་ན་ཚ་གཏོང་བ་ནི་དུས་ལ་མ་བབས་པའི་བོད་ཀྱི་སྐད་དོད་ཅིག་ཡིན་པ་མ་ཟད། ལོ་རྒྱུས་ནང་བྱུང་མྱོང་བའི་དོན་རྐྱེན་དེ་དག་དང་ཅིས་མི་མཚུངས་ཨང། ཡིད་ལ་མ་ཤར་བའི་བོད་ཀྱི་རེ་བ་ཆེ་སའི་གཞོན་སྐྱེས་མཐོ་རིམ་འགའི་གནད་དོན་ཞིག་ཏུ་གྱུར་སྟེ། མི་རབས་རྗེས་མ་རྣམས་ནི་ཤན་ཤུགས་གང་རུང་ཞིག་གིས་བོད་དོན་བཤད་མཁན་གྱི་གནས་ལུགས་སུ་ཞིབ་འཇུག་བྱེད་མཁན་མིན་པ་མ་ཟད། ཆོལ་ཞེན་ལ་ཕྱོགས་པའི་ཁ་ནས་བོད་སྐད་བཤད་མཁན་དང་ཁོག་པའི་བསམ་བློ་དབྱིན་ཇི་ཅན་དེ་དག་རེད་འདུག་པའི་སེམས་ཁྲལ་སློང་གི་འདུག
ང་ཚོས་ཞེ་ས་མ་བཀོལ་བར་བཤད་ན། རང་གི་མི་ཚེ་མི་རིགས་ལ་བཀོལ་མཁན་ཞིག་གིས་བོད་ཀྱི་ལས་དོན་སྤེལ་བའི་ལོ་དུས་དག་ཆབ་སྲིད་ནག་པོ་ཞིག་གི་དབང་དུ་སོང་ནས། དགྲ་བོའི་བསམ་ཐོག་ལ་འཇོག་པའི་སྲོལ་ཞིག་ལོ་ངོ་འདི་དག་ལ་དར་གྱིན་འདུག ཁོང་དག་གི་སེམས་ནས་བཟོད་ཐུབ་མེད་ཅིང་། བཟང་སྤྱོད་དགོས་པའི་གཏན་ཚིགས་ལ་རྒྱབ་འགལ་བྱེད་མཁན་དངོས་དེ་མིན་ནམ།
ད་ལྟའི་སྲིད་སྐྱོང་གིས་སྔོན་མའི་དུས་ཡུན་ནང་ལ་རིན་པོ་ཆེ་བོད་ལ་གདན་འདྲེན་པའི་དཀྲོགས་གཏམ་གང་མང་སྤེལ་མོད། ལོ་ཡུན་གཉིས་པའི་སྐབས་སུ་ལབ་དེ་ནི་འཇའ་ཚོན་བཞིན་ལྟ་རྒྱུ་དང་ཉན་རྒྱུ་ཅི་ཡང་མི་འདུག ད་ལྟ་ལྔ་དང་ལྔ་བཅུའི་དར་ཆ་ཤིན་དུ་མཐོ་ཡང་། ང་ཚོ་བཙན་བྱོལ་བའི་འགྲོ་སྟངས་ནི་དབང་ཆ་གཅིག་སྡུད་རིངས་ལུགས་པ་མ་ཡིན་པར་མང་གཙོ་ཡིན་དུས། ལོ་ལྔ་དེ་ནི་སྲིད་སྐྱོང་གིས་དབང་ཆ་གཅིག་སྡུད་ཀྱི་དབང་ཆའི་དུས་ཡུན་ཙམ་དུ་བཀོལ་ཆོག་མོད། ལྔ་བཅུ་ནི་སྟོང་བསམ་གྱི་རྣམ་པ་ཞིག་སྟེ། ལྔ་བཅུའི་སྐབས་སུ་སྲིད་སྐྱོང་ལ་འདུག་མཁན་གང་མང་ཡོང་གིན་པས་ན། དེ་དག་གིས་ཁྱོད་ཀྱི་ལས་གཞི་དེ་ཁུར་དགོས་པའི་ངེས་པ་གཏད་ནས་མེད། དེ་ནི་མང་གཙོའི་ཁྱད་ཆོས་ཡིན། བོད་ཀྱི་མ་འོངས་པའི་ལོ་ལྔ་བཅུ་དེ་བློ་བཟང་སངས་རྒྱས་ཡིན་ནམ་ཡང་ན། སྲིད་སྐྱོང་གསར་པའི་བཙན་བྱོལ་ལ་དཔག་པའི་ལས་གཞི་དངོས་དེ་ཡིན། མི་མང་གི་ཚེ་སྲོག་འཆོར་གི་མ་འཇུག་རོགས་སྲིད་ཀྱི་བདག་པོ་དག་ལགས།
བཙན་བྱོལ་གྱི་དགོན་སྡེ་ཁག་གི་བསླབ་པ་སློབ་གཉེར་ནི་བོད་ནང་ལས་ལྡབ་ཀྱིས་ཡག་པར་བརྩི་ཆོག་པའི་ཆོ་ལོ་ཐོབ་མྱོང་ཡང་། ཁོང་ཚོས་ཆོས་ཤེས་པ་མ་གཏོགས་སྲིད་མི་ཤེས་པས་ན། སྲིད་དོན་ལ་ཁ་ཕྱོགས་པའི་ཆབ་སྲིད་དག་ནི་མིག་ཞ་ར་དང་རྣ་འོན་པ་ཞིག་སྟེ། འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་པའི་ཚིག་ཟུར་ལ་གོ་བ་མ་ལོན་པར་གཡས་གཡོན་གཉིས་ཀར་འཁྱོག་པའི་སེར་མོ་བ་རུ་གྱུར་བ་ནི་དུས་རབས་ཉེར་གཅིག་པའི་བཙན་བྱོལ་བོད་མིའི་ནང་གི་དམར་ནག་གི་ཤམ་ཐབ་ཅན་དག་རེད།
ང་ཚོའི་ལྟ་བའི་མིག་ལམ་དུ་ཤར་བ་ནི། སྲིད་སྐྱོང་ལ་བསྟོད་ཚིག་བྲིས་ཏེ་ཡིག་ནོར་དང་དོན་ནོར་གྱིས་དཔེ་སྟོན་སློབ་གྲྭའི་སློབ་མ་ཞིག་ལ་ཡང་མ་དོ་བ་སྟེ། འདི་ནི་བོད་ཀྱི་རིག་གཞུང་ལ་ཚད་འཛིན་བྱེད་སའི་དགོན་སྡེ་ནས་མངོན་གྱུར་བྱུང་ཞིང་། འདི་ནི་སྲིད་སྐྱོང་ལ་ཕྱོགས་པའི་གྲྭ་རྒན་ཐ་ཆད་འགའི་དབང་ཚད་བཀོལ་ཏེ་ཤེས་ཚད་དམན་པའི་གྲྭ་བ་ཕྱོགས་ཞེན་ཅན་གྱི་རང་གཤིས་མངོན་དུ་བཅུག་པ་ཞིག་རེད། ཡིན་ནའང་། བཙན་བྱོལ་ནི་སྤར་མོ་གང་སྟེ། མི་ཆ་མེད་ཅིག་གིས་རྒྱུས་ལོན་བྱེད་ན་བདུན་གཅིག་ཀྱང་མི་འགོར་ས་ན། དབང་ཆ་དང་གོ་ས་རྩོད་པའི་རྣམ་འགྱུར་སྡུག་པོ་དག་མཐོང་ན། ཆེས་ཞི་བདེ་ཡི་ངོ་བོ་མཚོན་པའི་བོད་ཁམས་ཀྱི་ཁྱད་ཆོས་དེ། བཀའ་དྲིན་བརྗོད་ཐབས་དཀའ་བའི་རིན་པོ་ཆེ་མཆོག་གིས་འཛམ་གླིང་གི་ཡང་རྩེར་བསྒྲགས་ཤིང་། སའི་གོ་ལའི་མདུན་རྒྱབ་གཡས་གཡོན་གང་དུ་བོད་ཅེས་པའི་མིང་ཚིག་ཅིག་དང་། བཙན་བྱོལ་གྱི་མི་མང་དག་བསྐྱལ་ཡོད། མིང་དུ་གྲགས་པ་དང་སྐྱིད་པའི་སྐྱིད་ངོ་མ་ཟིན་པའི་བཙན་བྱོལ་གྱི་ན་གཞོན་ཤེས་ཡོན་པ་རྣམས་ཀྱིས་འུར་སྒྲོག་གཅིག་པུ་མ་གཏོགས་མི་མང་གི་སྣེ་ཁྲིད་བྱེད་མི་ནུས་པའི་ཚོད་ལ་སླེབས་ཤིང་། བོད་ནས་སླེབས་པའི་ཤེས་ཡོན་པ་འགའ་བཙན་བྱོལ་ནད་སླེབས་མེད་པ་ཡིན་ན། བཙན་བྱོལ་གྱི་བོད་སྐད་དང་བོད་ཡིག་ནི་ཟད་ལ་ཉེ་ཞིང་། བོད་ནས་སླེབས་མཁན་རྣམས་ཀྱིས་བོད་གཤིས་ལྡན་པའི་ཤེས་ཡོན་སྤེལ་བར་བཙན་བྱོལ་ནས་རྣམ་འགྱུར་མི་ལེགས་པ་བསྟན་པའི་སྒྲུང་ཡང་བཟོས་མྱོང་། འོན་ཀྱང་། ད་ལྟ་བོད་ནས་སླེབས་པའི་མི་རྒྱུན་ཆད་ཅིང་། ཡོང་བ་རྣམས་ནི་མི་ཆེན་རྒྱུ་ཆེན་ཡིན་པས་བཙན་བྱོལ་ཁོར་ཡུག་ནས་སྡོད་ཐུབ་མེད། གཞིས་ནས་བོད་དང་བོད་ཡིག རིག་གཞུང་དང་སྐད་ཡིག ཡུལ་སྲོལ་གོམ་གཤིས་ལ་ཐུབ་ཚོད་ཀྱིས་ཤུགས་སྣོན་བྱེད་པ་མ་ཟད། དར་སྤེལ་སྤུས་དག དེང་དུས་ཀྱི་དྲ་ལམ་མཐུད་སྦྱོར་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་སུ་འབད་ཀྱིན་འདུག བཙན་བྱོལ་ན་དྲ་རྒྱའི་བརྒྱུད་ལམ་དག་གཞན་སྐད་ཀྱིས་ཁྱབ་སྟེ། དྲ་བཟོ་སྟངས་ཀྱི་རྩལ་ཤུགས་ཀྱང་མི་སྒེར་གྱི་ཟིན་བྲིས་ལྟ་བུ་མ་གཏོགས་བོད་ཀྱི་ཁྱད་ཆེས་མངའ་བའི་རྣམ་པ་ཙམ་ཡང་སྟོན་ནུས་ཀྱི་མི་འདུག
འདི་ལྟར་བཙན་བྱོལ་ནི་ཆོལ་ཁའི་འཐེན་ཁྱེར་དང་མི་རིགས་གཞན་གྱི་གཤིས་ཀ རིག་གནས། ཡུལ་སྲོལ་གྱི་དབང་དུ་སོང་སྟེ། བོད་ཀྱི་འཐབ་རྩོད་བཤད་མཁས་པ་ཙམ་དང་། བོད་ཀྱི་བདེན་དོན་བསྒྲགས་ཐུབ་པ་ཙམ། འདི་ནི་བཙན་བྱོལ་གྱི་གཞོན་སྐྱེས་ཤེས་ཡོན་ཅན་གྱིས་ང་ཚོར་བཞག་པའི་སྣང་ཚུལ་ཡིན། ང་ཚོས་སྣང་ཚུལ་འདི་མཐོང་སྐབས་མི་ཞིག་གི་བཀའ་དྲིན་དྲན་ཞིང་། ཁོང་གི་ཐུགས་དགོངས་སུ་དགོངས་ལོ་བཅུ་དྲུག་ནས་བཟུང་བཅངས་པའི་བོད་རིགས་ཀྱི་ངོ་བོ། ནམ་ཡང་དེ་དོན་ལ་འབད་དེ་བགྲེས་པ་ལྷུར་བཞེས་ཀྱི་ཕྱག་རྗེས་དྲན། འདི་ནི་མ་འོངས་བོད་ནང་གི་མི་རབས་རྣམས་ཀྱི་བེད་སྤྱོད་དུ་གྱུར་བ་མ་གཏོགས་བཙན་བྱོལ་གྱི་ལྟོ་རྐྱ་དག་གིས་ཅི་ཡང་མི་འཇོན་པ་མ་ཟད། ཁོ་ཚོའི་ཟ་འཐུང་གི་རྒྱུ་རུ་ཡང་འགྲོ་དཀའ་བར་འདུག
2017/12/20 དགོང་མོ །
སྲིད་རྡོ་ལགས་ཐུགས་རྗེ་གཟིགས་ང་ཚོར་མཐུན་སྒྲིལ་དང་གཅིག་སྒྲིལ་ལས་ལྷག་པ་གང་ཡང་མི་དགོས།་་་་་་་ད་དེའི་སྐོར་ལ་ཕྱོགས་གཉིས་ཀའི་སྐད་ཆ་གང་ཡང་ཉན་འདོད་མིན་འདུག་ལ་གོ་འདོད་ཀྱང་མིན་འདུག་་་་་་་ཐུགས་རྗེ་ཆེ་
འདས་པའི་བཙན་འབྱོར་གཞུང་དང་ལས་བྱེད་རྣམ་ལ་ཡིད་ཆེད་དང་རེ་བ་བྱས་པ་ཡིན་ན་བྱེད་རིང་ཡོད་པ་ཞིག་ཡོད་རྒྱུ་མཚན་ནི་བཙན་འབྱོར་གཞུང་དང་ལས་བྱེད་མི་མང་ཚང་མ་སེམས་པ་མཐུན་ཞིང་མི་རིགས་གི་ལ་རྒྱ་ལྡན་པ་དབུ་ཁྲིད་རྣམ་ལྷག་བསམ་དང་དྲང་ཚུགས་བདེན་པ་ལྷག་པར་མི་མང་རྣམས་ལང་ཕྱོགས་རྟན་པོ་དང་གཅིག་སྒྲིལ་ཧ་ཅང་ཡག་པོ་ཡོད། བོད་ནང་རང་དབང་ཕར་ཞག་ཐ་ན་སྨ་བརྗོད་རང་དབང་ཙམ་ཡང་མེད་ཀྱང་བཙན་འབྱོར་གཞུང་དང་མི་མང་ལ་རེ་བ་ཆེན་པོའི་ཐོག་ཡིད་ཆེད་བློས་སྐལ་བྱས་ནས་བསྡད་ཡོད། འོན་ཀྱང་ད་ལྟའི་དཀའ་ཤག་གི་ཕྱག་ལས་གནང་ཕྱོགས་དང་མང་ཚོགས་གི་རྒྱབ་བསྐྱོར་བྱེད་སྟངས་སོགས་ལ་བལྟས་ནས་འདས་པའི་བཙན་འབྱོར་གཞུང་དང་དེའི་ཐབ་རྩོད་ཀྱི་ལས་འཁུར་སོགས་ལ་ལྟ་དུས་ད་ལྟའི་དཀའ་ཤག་གི་དབུ་ཁྲིད་པའི་གཅིག་སྒྲིལ་དང་ཐབ་རྩོད་མི་རིགས་གི་ངོ་བོ་ད་དུང་མང་ཚོགས་གི་བསམ་བློ་འཁྱེར་སྟངས་སོགས་ལ་བསམ་ན་ཧ་ཅང་གི་ཉམ་ཆག་ཆེན་པོ་ཕྱིན་པ་དངོས་གསལ་རེད། རང་ཉིད་ལ་མཚོན་ན་བཙན་འབྱོར་སྒྲིག་འཛུགས་ལ་རང་གི་གང་ཐུབ་པའི་ཞབས་ཞུ་རིན་མེད་དྭངས་ལང་ལོ་ངོ་བཅུ་ཙམ་ཞུས་པ་ཡིན་འོན་ཀྱང་མུ་མཐུད་ནས་ཞབས་ཞུ་སྒྲུབ་པའི་སེམས་པ་མིན་འདུག་ད་ལྟའི་འཆར་སེམས་ཤུག་ཆག་སོང་། རང་ཉིད་སྒེར་ལ་མཚོན་ན་གཞུང་ཞབས་སུ་ལ་ཕྱོགས་ཞེན་མེད་ལ་གཞུང་དང་ལས་བྱེད་དེ་དག་དྲང་བདེན་དང་མི་མང་གི་དབུ་ཁྲིད་ཡག་པོ་ཞིག་བྱུང་ན་བསམ་གི་ཡོད་དེ་ལྟར་མ་བྱུང་ཡང་ང་རང་ཉིད་ལ་ཁྱད་པར་གང་ཡང་མིན་འདུག།