འོས་སྦྱོར་ཞུ་མཁན། ཤར་ཕྱོགས་ཁུག་རྟ།
༄༅།།སློབ་དཔོན་ཟམ་གདོང་རིན་པོ་ཆེས་༢༠༡༤ ཕྱི་ཟླ་༤ ཚེས་༡༩ ཉིན་འབའ་པ་སྐྱིད་སྡུག་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་‘འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱ་ཕྱོགས་ཀྱི་ལངས་ཕྱོགས་དང་དབུ་མའི་ལམ་གྱི་དགོངས་དོན་’ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་དང་དྲི་བར་ལན་འདེབས་གནང་བ།
ད་ལྟ་བགྲོ་གླེང་ཚོགས་འདུ་འདིའི་གཙོ་སྐྱོང་གནང་མཁན་མཆོག་དང་། གསུང་བཤད་གནང་མཁན་ཕྱག་རོགས་དམིགས་བསལ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་ལགས། དགེ་འདུན་པ་རྣམ་པ། མཁས་དབང་རྣམ་པ། ཚོགས་འདུ་གོ་སྒྲིག་གནང་མཁན་རྣམ་པ། ཚོགས་ཞུགས་པ་རྣམ་པ་ཚང་མར། འབའ་པ་ཕུན་ཚོགས་དབང་རྒྱལ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོ་བའི་གནས་ཚུལ་འདི་བྱུང་བའི་རྗེས་ལ། ཁོང་རང་གི་སྐུ་ཚེ་གཅིག་གི་མཛད་རྗེས་དང་། དགོངས་པ་བཞེས་ཕྱོགས་བཅས་ཀྱི་ཐོག་ལ་བགྲོ་གླེང་ཚོགས་འདུ་འདི་འདྲ་ཞིག་གོ་སྒྲིག་གནང་བ་དེ་ཡག་པོ་བྱུང་འདུག རྗེས་སུ་ཡི་རངས་ཡོད།
ཁྱད་པར་དུ་འཕགས་པའི་མི་སྣ་གང་འདྲ་ཞིག་ཡིན་རུང་། དེའི་བཀའ་དྲིན་བསབ་རྒྱུ་དང་། རྗེས་དྲན་བྱེད་རྒྱུ་གཙོ་བོ་དང་བཟང་ཤོས་དེ་ཁོ་རང་གི་དགོངས་པ་བཞེས་ཕྱོགས་དང་། བསླབ་བྱ། སྐུ་ཚེའི་རིང་ལ་རྩ་ཆེན་པོ་གནང་བའི་འདུན་པ་བཅས་བསྒྲུབ་རྒྱུའི་ཐབས་ཤེས་བྱེད་རྒྱུ་དེ་རེད།
དེར་བརྟེན་ཁོང་ལ་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་ཏུ། ད་ལྟ་ཤུལ་ལུས་ཀྱི་སྐུ་ཟླ་སོགས་ལ་སེམས་གསོ་དང་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། ང་དེ་རིང་ཞོགས་པར་བཅར་མ་ཐུབ་སྟབས། བཀའ་མོལ་གནང་མཁན་སྔོན་མ་ཚོས་གང་དང་གང་གསུངས་ཡོད་མེད་ཉན་ཐུབ་མེད། གཅིག་བྱས་ན་ཟློས་སྐྱོན་ཡོང་སྲིད། ལྷག་པར་དུ་འབའ་པ་ཕུན་ཚོགས་དབང་རྒྱལ་མཆོག་གིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལངས་ཕྱོགས་དང་། དབུ་མའི་ལམ་གྱི་དགོངས་དོན་ཞེས་པ་དེའི་ཐོག་སྐད་ཆ་ཤོད་རྒྱུ་ཏོག་ཙམ་ཁག་པོ་རེད། གང་ལགས་ཤེ་ན། ཕུན་དབང་ལགས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལངས་ཕྱོགས་ཞིབ་ཅིང་ཕྲ་བ་ཞིག་ངས་ཤེས་ཀྱི་མེད།
ཉེ་ཆར་དཔར་དུ་ཐོན་པའི་མི་རིགས་གནད་དོན་ཐག་གཅོད་སྐོར་གྱི་དེབ་ཆེན་པོ་དེ་གསོལ་རས་གནང་སོང་ཡང་ད་ལྟ་མཇལ་རྒྱུ་མ་བྱུང་། དེའི་ནང་ཏན་ཏན་ཞིབ་ཚགས་པོས་མི་རིགས་ཀྱི་གནད་དོན་དང་། ལྷག་པར་དུ་བོད་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ཞིབ་ཚགས་པོ་ཡོད་ཀྱི་རེད་བསམ་གྱི་འདུག གང་ལགས་ཤེ་ན། ཁོང་རང་ཆུང་དུས་ནས་ཧ་ཅང་སྐུ་ངལ་བསྐྱོན་མཁན་ཞིག་དང་། མི་རིགས་ཆེན་པོའི་རིང་ལུགས་ཟིན་མཁན་ཚོས་ཁོང་ལ་ས་གནས་མི་རིགས་རིང་ལུགས་ཀྱི་བག་ཆགས་དོར་མི་འདུག་ཅེས་ཉེས་མེད་ཉེས་འཛུགས་བྱས་ཏེ་བཅོ་བརྒྱད་བཙོན་ཁང་ནང་བཅུག་དགོས་དོན་ཡང་བོད་མི་རིགས་ཀྱི་ཁེ་ཕན་ཐད་བསམ་བློ་ཤུགས་ཆེན་པོ་ཡོད་པ་དེའི་དབང་གིས་རེད།
འོན་ཀྱང་དེའི་སྔོན་ལ་རྒྱ་ནག་གི་དབུ་ཁྲིད་ཚོར་དགོངས་འཆར་ཕུལ་བའི་ཕྱག་བྲིས་སྔ་རྗེས་དང་། ལྷག་པར་དུ་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་འབྲེལ་སྐོར་རྩོམ་ཡིག་རིང་པོ་ཞིག་ཡོད་པ་དེ་དང་། དེ་བཞིན་འདས་པའི་ཕྱི་ལོ་༡༩༨༠ གྱ་གྲངས་ནང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་བསྐྱར་བཅོས་བྱེད་སྐབས་ད་ལྟ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པ་བཞིན་མི་རིགས་འདྲ་མཉམ་ཞེས་པའི་ཚིག་དེ་རྩལ་དུ་བཏོན་དགོས་པའི་སྐོར་སྙན་ཞུ་རིང་པོ་ཞིག་ཡོད་པ་བཅས་དེ་དག་ཆ་ཚང་ངས་བཀླགས་མྱོང་།
ང་ཚོའི་བཀའ་ཤག་སྐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་རིམ་པས་ཐག་གཅོད་བྱས་པའི་བརྒྱུད་རིམ་དང་། ལྷག་པར་དུ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དེའི་ནང་ཕུན་དབང་ལགས་ཀྱི་རྩོམ་ཡིག་དེ་ཚོའི་ནང་ནས་དོན་དག་མང་པོ་ཞིག་དང་ཚིག་མང་པོ་ཞིག་ཕུན་དབང་ལགས་ཀྱིས་མཁྱེན་པའི་ཐོག་ནས་བེད་སྤྱོད་བཏང་ཡོད་པ་རེད། གང་ལགས་ཤེ་ན། དེ་དག་ལྟ་གྲུབ་ཀྱི་ཚིག་ཅིག་ཡིན་སྟབས། ཚིག་ངེས་ཅན་ཞིག་བེད་སྤྱོད་མ་བཏང་ན། ནོར་འཁྲུལ་འགྲོ་ཉེན་ཡོད། དེས་ན་གོང་གི་གནས་ཚུལ་དེ་ཚོའི་སྐོར་ང་ལ་ཕྲན་བུའི་རྒྱུས་ཡོད་པ་རེད། དེ་བཞིན་བསམ་འཆར་ཡིག་ཆ་དེ་དག་བཟོ་སྐབས་གོ་བསྡུར་དགོངས་འཆར་བཀའ་སློབ་ཞུ་བའི་གོ་སྐབས་བྱུང་ཡོད་པར་བརྟེན། དེ་འདྲའི་ཆ་ནས་ངས་བསྡོམས་བརྒྱབས་ནས་ཞུས་ན། ཕུན་དབང་ལགས་ཀྱིས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཀྱི་ལངས་ཕྱོགས་དེ་མཱ་ཁེ་སི་དང་ལེ་ཉིན་གྱི་མི་རིགས་ལྟ་གྲུབ་ཀྱི་ལངས་ཕྱོགས་དེ་རང་ཡིན་པ་ཧ་ཅང་གསལ་པོ་རེད། ཕུན་དབང་ལགས་ནང་བཞིན་མཱ་ཁེ་སི་དང་ལེ་ཉིན་གྱི་ལྟ་གྲུབ་ཚད་མཐོ་པོ་མཁྱེན་མཁན་བོད་པའི་སྤྱི་ཚོགས་ཙམ་མ་ཟད། རྒྱ་ནག་དང་ར་ཤི་ཡའི་ནང་ལའང་དཀོན་པོ་རེད་བསམ་གྱི་འདུག
རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་ལྟ་བ་དང་། ལྷག་པར་དུ་རྩོད་སྒྲུབ་ཀྱི་རིགས་པའི་ལམ་གྱི་འགྲོ་སྟངས་དེའི་ཐོག་ཧ་ཅང་མཁས་པ་རེད། ཁོང་གིས་བཙོན་ཁང་ནང་བྲིས་པའི་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་དེབ་ཆུང་ཞིག་ཡོད་པ་རེད། ཧ་ཅང་གོ་ཁག་པོ་རེད། དེ་ཀློག་ན་དབུ་མ་དང་ཚད་མར་སྦྱངས་པ་ཡོད་མཁན་ཚོས་གང་ལ་གང་འཚམས་ཤེས་ཀྱི་རེད། དེའི་ནང་འགལ་བའི་ཡོངས་ཁྱབ་ཀྱི་རང་བཞིན་དང་འགལ་བའི་ཁྱད་པར་གྱི་རང་བཞིན་ཐོག་ནས་བསྒྲུབ་བྱ་སྒྲུབ་སྟངས་ཀྱི་རྩོད་སྒྲུབ་རིགས་པའི་འགྲོས་དེ་ཧ་ཅང་ཚད་མཐོ་པོ་རེད།
ལྷག་པར་དུ་འབའ་པའི་ནང་དེ་སྔ་ནས་མཁས་པ་མང་པོ་ཐོན་ཡོད། ང་ཚོའི་མི་རབས་ལ་ཆ་བཞག་ནའང་། ང་ཚོ་གྲྭ་སར་སླེབས་སྐབས་འབྲས་སྤུངས་བློ་གསལ་གླིང་དུ་འཕར་ར་རྒྱལ་མཚན་རྣམ་གསུམ་ཞེས་གྲགས་ཆེན་པོ་རེད། དེ་ནི་རྒན་པདྨ་རྒྱལ་མཚན་དང་། རྒན་ཉི་མ་རྒྱལ་མཚན། རྒན་རྒྱལ་མཚན་རྣམ་གསུམ་རེད། རྒན་རྒྱལ་མཚན་ང་གྲྭ་སར་སླེབས་དུས་ཕ་ཡུལ་ལ་ཕེབས་ཟིན་འདུག རྒན་པདྨ་རྒྱལ་མཚན་དང་རྒན་ཉི་མ་རྒྱལ་མཚན་རྣམ་གཉིས་ནི་མཁས་པ་ཕུལ་དུ་ཕྱིན་པ་དེ་འདྲ་རེད།
གལ་ཏེ་ཕུན་དབང་ལགས་གྲྭ་སར་ཕེབས་ཡོད་ན། འགྲན་ཟླ་མེད་པའི་མཁས་པ་ཞིག་ཆགས་ཡོད་རེད་བསམས་མྱོང་ཡོད། འོན་ཀྱང་ཁ་ཕྱོགས་དེ་གཞན་ལ་ཕྱིན་པར་བརྟེན། མཱ་ཁེ་སི་རིང་ལུགས་ལ་ཧ་ཅང་མཁས་པ་ཆགས་པ་རེད། མཱ་ཁེ་སི་རིང་ལུགས་དེ་ཆབ་སྲིད་ཚན་རིག་རྐྱང་རྐྱང་མ་རེད་ལ། སྤྱི་ཚོགས་ཚན་རིག་རྐྱང་རྐྱང་ཡང་མ་རེད། སྤྱིར་བཏང་མཱ་ཁེ་སི་རིང་ལུགས་དེ་ནུབ་ཕྱོགས་ཀྱི་སེམས་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་ (Idealism) ཀྱི་འགལ་ཟླ་ལས་བྱུང་བའི་ལྟ་གྲུབ་ཅིག་ཡིན་སྟབས། ལྟ་གྲུབ་ཀྱི་ཆ་ནས་ཧ་ཅང་གཏིང་ཟབ་མོ་དང་མཁྲེགས་པོ་རེད། དེའི་ཐོག་ཕུན་དབང་ལགས་མཁས་པ་ཆེན་པོ་རེད་ལ། སྤྱིར་བཏང་བཀའ་མོལ་གནང་བའི་སྐབས་ལའང་ད་ལྟ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པ་བཞིན་ཚིག་རེ་རེ་བཞིན་དགོངས་པ་བཞེས་ནས་བཀའ་མོལ་གནང་གི་རེད་གསུངས་པ་དེ་དངོས་གནས་རེད།
སློབ་དཔོན་ཆེན་མོའི་(Professor)ཁྲོད་སྐད་ཆ་བཤད་སྟངས་ཤིག་ཡོད་རེད། ཨིན་སྐད་ལ་ Academic Jargon ཟེར་གྱི་རེད། ཁོང་ཚོ་ནང་ཕན་ཚུན་སྐད་ཆ་བཤད་སྐབས་ཕྲན་བུ་ཚིག་དེ་མཐོ་པོ་ལྟ་བུས་ནང་ཕན་ཚུན་གོ་བ་ལས། ཉན་མཁན་གཞན་གྱིས་ཆ་ཚང་མ་ཤེས་པ་དེ་འདྲ་ཡོད་རེད། ཁོང་ཡང་དེ་འདྲ་ཞིག་རེད། མཁས་པ་རྣམས་ཀྱི་ལྷན་དུ་བཀའ་མོལ་གནང་སྐབས་ཁོང་གི་ Academic Jargon དེ་ནུབ་ཕྱོགས་ཀྱི་སློབ་དཔོན་ཆེན་མོ་དང་ཏག་ཏག་བསྡུར་ཆོག་པའི་གནས་སྟངས་ཤིག་ཡོད་རེད།
དེ་རིང་འདིར་ཁོང་གི་རྗེས་དྲན་དུ་བགྲོ་གླེང་ཚོགས་འདུ་འདི་གནང་བ་ཡིན་སྟབས། དངོས་གནས་བྱས་ན་ངས་གྲ་སྒྲིག་བྱས་ནས་ཡོང་དགོས་པ་ཞིག་རེད་དེ། ང་ཁ་སང་ཉིན་ཤས་སྔོན་བར་རྒྱུད་སྟོད་ནང་ཆོས་འཆད་ཉན་འདྲ་བྱས་ནས་དེར་འགོར། དེ་ནས་ཤག་ཕར་ཚུར་སྤོས་པ་སོགས་བྱས་ཏེ་གྲ་སྒྲིག་བྱེད་རྒྱུ་གང་ཡང་བྱུང་མ་སོང་།
འོན་ཀྱང་ནམ་རྒྱུན་ཚོར་སྣང་གང་ཡོིད་པ་དེ་ཕྲན་བུ་ཞུས་ན་བསམས་བྱུང་། མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཞེས་བཤད་སྐབས། མི་རིགས་ཟེར་བའི་ཚིག་དེ་གང་དུ་བེད་སྤྱོད་གཏོང་བ། དེའི་གོ་དོན་གང་ཡིན་པ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་མི་རིགས་མང་འདུས་ཀྱི་རྒྱལ་ཁབ་ཅེས་ལབ་དགོས་དོན་གང་ཡིན་པ་བཅས་ཀྱི་ཐོག་ལ་བསམ་བློ་གསལ་པོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད། བོད་སྐད་ནང་ནང་པའི་ལྟ་གྲུབ་སྐོར་ཚིག་ཧ་ཅང་ཕྱུག་པོ་རེད་ལ་འབེལ་པོ་ཡང་རེད། ཁ་ཤས་ནི་ལེགས་སྦྱར་གྱི་ཚིག་ལས་ཡག་པ་དེ་འདྲའང་མང་པོ་ཡོད་པ་རེད། འོན་ཀྱང་ཆབ་སྲིད་ཚན་རིག་དང་སྤྱི་ཚོགས་ཚན་རིག་རྣམས་བོད་སྐད་ནང་ལས་སླ་མོར་ཚིག་བེད་སྤྱོད་བཏང་བ་མ་གཏོགས་གཟབ་གཟབ་བྱས་ནས་ཚིག་མ་བཟོས་པ་དེ་འདྲའང་ཡོད་པ་རེད། དཔེར་ན་ང་ཚོས་མི་རིགས་ཞེས་པའི་མི་དེ་འགྲོ་བ་མིའི་དོན་དུ་རེད། རིགས་ཞེས་པ་དེ་མང་པོ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད། དེའི་སྐོར་ངས་སྔོན་མའང་ཐེངས་ཁ་ཤས་ཞུས་མྱོང་། ང་ཚོས་རིགས་ཞེས་པའི་ཚིག་དེ་ལེགས་སྦྱར་གྱི་ཚིག་མི་འདྲ་བ་ལྔ་ཙམ་གྱི་དོན་དུ་གཅིག་གྱུར་བེད་སྤྱོད་གཏོང་གི་ཡོད།
དེའང་གོཏྲ་ཟེར་བ་ཞིག་ཡོད། ལེགས་སྦྱར་གྱི་རིགས་ཞེས་པ་དང་གོཏྲ་ཟེར་བ་གཉིས་གོ་སྟངས་མི་འདྲ་བ་རེད། གང་ལྟར་ལེགས་སྦྱར་གྱི་གོཏྲ་ལ་བོད་སྐད་ནང་རིགས་ཞེས་བརྗོད། དཔེར་ན་ཉན་ཐོས་ཀྱི་རིགས་ཅན་དང་། བྱང་ཆུབ་སེམས་དཔའི་རིགས་ཅན། རང་རྒྱལ་གྱི་རིགས་ཅན་ཞེས་པར་ཤྲཱབཀ་གོཏྲ་དང་། པྲཏྱེཀ་བུདྡྷ་གོཏྲ། བོདྡྷིསཏྭབ་གོཏྲ་ཞེས་པ་ལྟ་བུའོ།།
ལེགས་སྦྱར་ནང་ཇཱཏི་ཞེས་པའི་ཚིག་ཅིག་ཡོད། དེ་ལའང་རིགས་ཞེས་བརྗོད། དཔེར་ན་རིགས་མཐུན་པ་དང་རིགས་མི་མཐུན་པ་ཞེས་པར་སཇཱཏཱིཡ་དང་བིཇཱཏཱིཡ་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད།
ལེགས་སྦྱར་ནང་བརྞ་ཞེས་པའི་ཚིག་ཅིག་ཡོད། དེ་ནི་ཁ་དོག་ལའང་གོ་བ་རེད། དཔེར་ན་རིགས་བཞི་ཞེས་པར་ཅཏུཥྦརྞ་ཞེས་བརྗོད་ཀྱི་རེད། རྒྱ་གར་གྱི་རིགས་ཆེན་པོ་བཞི་ནི་བྲམ་ཟེའི་རིགས་དང་། རྒྱལ་རིགས། རྗེ་རིགས། དམངས་རིགས་བཅས་རེད།
ལེགས་སྦྱར་ནང་ཀུལ་ཞེས་པའི་ཚིག་ཅིག་ཡོད། དེ་ལའང་རིགས་ཞེས་བརྗོད། དཔེར་ན་རིགས་ཀྱི་བདག་པོ་ཞེས་པར་ཀུལ་པཏི་ཟེར་བའི་ཚིག་དེ་བེད་སྤྱོད་གཏོང་གི་ཡོད།
དེ་ནས་པྲཇཱཏི་ཞེས་པའི་ཚིག་ཅིག་ཡོད། ཇཱཏི་དེ་ཡང་བསྐྱར་དབྱེ་བ་ཕྱེ་དུས་པྲཇཱཏི་རེད། དེ་ལའང་རིགས་ཞེས་བརྗོད། དེར་བརྟེན་རིགས་ཞེས་པའི་ཚིག་དེ་སྐབས་དང་དུས་ལ་བསྟུན་ནས་མ་གཟིགས་ན་ནོར་ཉེན་ཡོད།
ང་ཚོས་རིགས་ཟེར་བ་དེ་ཨིན་སྐད་དུའང་ཧ་ལམ་ལྔ་ཙམ་ལ་བེད་སྤྱོད་གཏོང་གི་འདུག ཨིན་སྐད་ལ་ Race ཞེས་པའི་ཚིག་ཅིག་ཡོད། དཔེར་ན་ Racial discrimination (རིགས་ཀྱི་དབྱེ་འབྱེད།) ལྟ་བུ་རེད། དེ་བཞིན་ཨིན་སྐད་ལ་ Caste ཟེར་བ་དེ་ལའང་བེད་སྤྱོད་གཏོང་གི་ཡོད། དཔེར་ན་ Caste and Creed ཞེས་པ་ལྟ་བུ་རེད། དེ་ནས་ཨིན་སྐད་ལ་ Nation དང་ Nationality ཟེར་བ་དེ་ལའང་མི་རིགས་ཞེས་བརྗོད། དེ་བཞིན་ Ethnic ལའང་རིགས་ཞེས་བརྗོད། Nation དང་ Ethnic གཉིས་ལ་ཆབ་སྲིད་ཐོག་ནས་ཁྱད་པར་ཆེན་པོ་ཡོད། དེང་སང་སྐབས་འགར་ Species ལའང་བོད་སྐད་དུ་རིགས་ཞེས་བརྗོད་ཀྱི་འདུག དེར་བརྟེན་རིགས་ཞེས་པ་དེ་མང་པོ་ཞིག་ལ་བེད་སྤྱོད་གཏོང་གི་ཡོད།
ད་ལྟ་ང་ཚོས་མི་རིགས་ཀྱི་གནད་དོན་ཐག་གཅོད་ཅེས་བཤད་སྐབས་ཀྱི་མི་རིགས་དེ་ཨིན་སྐད་དུ་ Nation ཞེས་པ་དེར་གོ་དགོས། ཨིན་སྐད་དུ་ Ethnic ཚོགས་པ་ཞིག་ལ་ང་ཚོས་མི་རིགས་ཞེས་བརྗོད་ཀྱི་མེད་ལ། ཨིན་སྐད་ལ་ Race ཟེར་བ་དེ་ལའང་བཤད་ཀྱི་མེད། གང་ལྟར་རྒྱལ་ཁབ་ (State) དང་འབྲེལ་བ་ཡོད་པའི་མིའི་ཚོགས་པ་ཞིག་ལ་མི་རིགས་ཞེས་པའི་ཚིག་འདི་བེད་སྤྱོད་གཏོང་གི་ཡོད། དེར་བརྟེན་ང་ཚོས་མི་རིགས་ཐག་གཅོད་ཅེས་བརྗོད་སྐབས་དེ་ངེས་པར་དུ་ཐུགས་ལ་གཞག་དགོས།
དེང་སང་རྒྱ་ནག་གི་མཁས་པ་མང་པོས་ Nationality ཟེར་བ་དེ་སླ་རུ་བཏང་ནས་ Ethnicity ཐོག་འགྲོ་རྒྱུའི་ཐབས་ཤེས་བྱེད་ཀྱི་འདུག ཕུན་དབང་ལགས་ཀྱི་གསུང་རྩོམ་ཁ་ཤས་ནང་མི་རིགས་དང་མི་རྒྱུད་ཟེར་བ་ཞིག་འདུག ངས་ཁོ་རང་ལ་དེའི་ཐོག་བཀའ་འདྲི་ཞུ་རྒྱུ་མ་བྱུང་ཡང་། ཕལ་ཆེར་མི་རིགས་དེ་ Nationality དང་། མི་རྒྱུད་དེ་ Ethnicity ལ་གོ་བ་མིན་འགྲོ་བསམ་གྱི་འདུག འོན་ཀྱང་དེ་ལ་ཞིབ་འཇུག་གང་ཡང་བྱ་རྒྱུ་མ་བྱུང་།
ཆབ་སྲིད་ཀྱི་ཚན་རིག་ནང་ Nationality ཟེར་བའི་ཚིག་དེ་འཇུག་སའི་མི་རིགས་དེ་ལ་ཆ་རྐྱེན་ཁ་ཤས་ཚང་དགོས་པ་ཚང་མས་མཁྱེན་གསལ་རེད། ཐོག་མར་རིགས་རྒྱུད་དེ་དགོས། བོད་སྐད་ལ་ཤ་ཁྲག་གི་རྒྱུད་པ་ཟེར་བ་རེད། དེང་སང་ནུབ་ཕྱོགས་པའི་སྐད་ལ་ Gene ཟེར་གྱི་ཡོད། དེ་ནི་གཙོ་བོ་ཞིག་དང་ཐོག་མའི་ཆ་གཞག་སའི་གཞི་རྩ་དེ་རེད། དེའི་ཐོག་སྐད་ཡིག་དགོས། སྐད་ཡིག་གཉིས་ཀ་བྱུང་ན་ཕུན་སུམ་ཚོགས་པ་རེད། གལ་ཏེ་སྐད་ཡིག་གཉིས་ཀ་མ་བྱུང་ནའང་སྐད་མི་འདྲ་བ་ཞིག་ངེས་པར་དུ་དགོས། གལ་ཏེ་མིའི་ཚོགས་པ་ཞིག་ལ་རང་གི་སྐད་ཡིག་ཐ་དད་མེད་ན་མི་རིགས་ཟེར་བའི་མཚན་ཉིད་དེ་ཚང་གི་མེད། དེ་བཞིན་ནུབ་ཕྱོགས་པའི་མི་རིགས་རྒྱལ་ཁབ་ཀྱི་ལྟ་གྲུབ་ (Nation-State theory) ལྟར་མི་རིགས་ཤིག་ཡིན་ན་རྒྱལ་ཁབ་ཅིག་བཟོ་རྒྱུའི་ཐོབ་ཐང་ཡོད་ཅེས་ཤོད་སྐབས། དེ་འདྲའི་མི་རིགས་དེ་ཡོང་བར་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་སྐད་དགོས། དེ་བཞིན་ས་ཁྱོན་ (Territory) དགོས། དེ་ནས་སྒྲིག་འཛུགས་དགོས།
མདོར་ན་མིའི་སྤྱི་ཚོགས་ཤིག་ལ་རང་ཉིད་གནས་ཡུལ་གྱི་དམིགས་བསལ་ས་ཁྱོན་དང་། སྐད། ཁྲག་གི་རྒྱུད་པ། སྤྱི་ཚོགས་ཀྱི་སྒྲིག་འཛུགས་བཅས་ཚང་ན། རྒྱལ་ཁབ་ཅིག་བྱེད་རྒྱུའི་ཆ་རྐྱེན་ཚང་བ་ཡིན། དེ་ལ་ Nationality ཟེར་གྱི་རེད།
རྩོད་པ་གསར་པ་ཞིག་གང་ཡོད་ཅེ་ན། མི་རིགས་ (Nationality) དང་། ཡུལ་མི་ (Citizen) གཉིས་ལ་དོགས་པ་ཟ་བའི་གནད་འགག་ཅིག་ཡོད། Nationality ནང་ཐུན་མོང་མ་ཡིན་པའི་ཁྲག་གི་རྒྱུད་པ་ཡོད་དགོས་པ་ཡིན་སྟབས། དེས་མི་ཚེ་ཕྱེད་ཙམ་བླང་རྒྱུ་ཞིག་མེད། སྐྱེ་བ་ཞིག་ལེན་ཚར་དུས་ཁོ་རང་ལ་ཤ་ཁྲག་གི་རྒྱུད་པ་གང་ཡོད་པ་དེ་མ་གཏོགས། བརྗེ་པོ་བརྒྱབ་རྒྱུ་གང་ཡང་མེད། འོན་ཀྱང་ Nationality དེང་སང་བརྗེ་པོ་བརྒྱབ་རྒྱུ་ཡོད་པ་ཞིག་རེད། དང་པོ་བོད་པ་ཡིན་ནའང་རྗེས་སུ་རྒྱ་གར་བ་ཆགས་སྲིད། མཐར་ཐུག་ལ་ཨ་རི་བ་ཆགས་འགྲོ་བ་རེད། དེར་བརྟེན་ཡུལ་མི་ (Citizenship) དང་། མི་རིགས་ (Nationality) གཉིས་དབྱེ་བ་ཕྱེ་དགོས།
Genetic ཐོག་ནས་ Nationality སྐད་ཆ་བཤད་ན། དེ་བླང་རྒྱུ་མེད་པ་ཞིག་རེད། གང་ལྟར་སྐྱེས་ཐོབ་མ་གཏོགས། སྦྱོར་བྱུང་ཞིག་མེད། ནམ་རྒྱུན་ང་ཚོས་སྐད་ཡིག་དེ་མི་རིགས་ཀྱི་མཚོན་རྟགས་རེད་ཅེས་བཤད་རྒྱུ་དེ་སྐད་ཆ་གསར་པ་གང་ཡང་མིན། མི་རིགས་ཤིག་ལ་རྒྱལ་ཁབ་ཅིག་གི་ཐོབ་ཐང་ཡོད་པའི་ལྟ་གྲུབ་ (Nation-State theory) འཛིན་མཁན་ཚང་མས་མི་རིགས་ཀྱི་ཐོག་མའི་མཚོན་རྟགས་སམ་མི་རིགས་ཆགས་པའི་ཐོག་མའི་ཆ་རྐྱེན་དེ་རང་གི་ཐུན་མོང་མ་ཡིན་པའི་སྐད་དེ་ཡིན་པར་བཤད་ཀྱི་ཡོད་ལ། དངོས་ཡོད་ཀྱང་དེ་རང་རེད།
མི་ཞིག་སྐྱེ་བ་བླངས་ཚར་དུས་ལྐུགས་པ་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས། ཕ་མ་མཉམ་དུ་སྡོད་སྐབས་མི་རིགས་གང་དུ་སྐྱེ་བ་བླངས་པ་དེའི་ཕ་སྐད་དམ་མ་སྐད་དེའི་ནང་སྐད་ཆ་ཤོད་ཀྱི་རེད། ང་ཚོའི་གཟུགས་པོ་དེ་ཕ་མའི་ཁུ་ཁྲག་འདུས་པ་ལས་ངང་གིས་བྱུང་བ་བཞིན་ང་ཚོིའི་ངག་གི་སྨྲ་བརྗོད་དེ་ཡང་ཕ་མ་དེའི་རྒྱུད་པ་ནས་བཅོས་མ་མིན་པར་རང་བྱུང་གིས་ཡོང་བ་ཞིག་རེད། དེ་མིན་ཕྲུ་གུ་ཆུང་ཆུང་སྐབས་ནས་ཕྱི་ལ་བཏང་སྟེ་ཤ་ཁྲག་གི་རྒྱུད་པ་གཞན་ཞིག་དང་། སྐད་ཀྱི་རྒྱུད་པ་གཞན་ཞིག་ཆགས་ན། དེ་ལ་ར་མ་ལུག་ཟེར་བ་རེད། དེ་སྔ་ལྷ་སར་ཁ་ཚ་ར་ཞེས་རྒྱ་གར་སྐད་ཟུར་ཆག་པའི་ཚིག་གཅིག་ཡོད། ཐོག་མ་ཁ་ཚ་ར་ཟེར་བ་དེ་བོད་སྐད་རེད་སྙམ་པ་བྱུང་ཡང་། རྗེས་མ་དེ་ཁཅྕར་ཟེར་བ་དེ་རེད་འདུག དེ་ནི་བོང་བུ་དང་རྟའི་རིགས་འདྲེས་པ་དེ་རེད། དེས་ན་སྐད་དེའི་ཡོང་ཁུངས་གཞན་དང་། གཟུགས་པོ་དེའི་ཡོང་ཁུངས་གཞན་ཡིན་ན་མི་དེ་ཁཅྕར་ཆགས་པ་རེད། རིགས་གཉིས་པ་ཟེར་བ་དེ་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་གནད་དོན་དེ་ངོ་སྤྲོད་ཞུས་རྗེས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དེ་གང་འདྲ་ཞིག་རེད་ཅེ་ན། མི་རིགས་མང་པོ་འདུས་པའི་རྒྱལ་ཁབ་ཅིག་ཡིན་ཟེར་གྱི་ཡོད། དཔེར་ན། ད་ལྟ་སའི་གོ་ལ་འདིའི་ཐོག་ Nationality ཟེར་བའི་མི་རིགས་དེ་ཉིས་སྟོང་ལྷག་ཙམ་ཡོད། འོན་ཀྱང་རྒྱལ་ཁབ་ཉིས་བརྒྱ་ཡས་མས་ལས་མེད་པར་བརྟེན། མི་རིགས་རེར་རྒྱལ་ཁབ་རེ་ཟེར་བ་དེ་མེད་པ་མ་ཟད། རྒྱལ་ཁབ་མང་ཆེ་བ་མི་རིགས་མང་འདུས་ཀྱི་རྒྱལ་ཁབ་རེད། མི་རིགས་ཁ་ཤས་རྒྱལ་ཁབ་གསུམ་དང་། བཞི། ལྔའི་ནང་ལ་ཁྱབ་ཡོད་ལ། མི་རིགས་འགའ་ཤས་རྒྱལ་ཁབ་གཅིག་ནང་མ་གཏོགས་མེད། རྒྱལ་ཁབ་ཆུང་ཆུང་འགའ་ཤས་ནི་མི་རིགས་གཅིག་གི་རྒྱལ་ཁབ་གཅིག་བྱས་པའང་ཡོད། དེ་ལྟར་སྣ་ཚོགས་ཤིག་ཡོད་མུས་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ཀྱི་སྲིད་ཇུས་དེ་མཱ་ཁེ་སི་ལེ་ཉིན་གཞིར་བཟུང་མི་རིགས་ཀྱི་སྲིད་བྱུས་སྐྱོང་གི་ཡོད་ཅེས་སྐད་གྲགས་བྱེད་ཀྱང་ལག་ལེན་དུ་བསྟར་གྱི་མེད། མཱ་ཁེ་སིའི་ལྟ་གྲུབ་ནང་མི་རིགས་དེ་ཧ་ཅང་རྩ་ཆེན་པོ་ཡིན་པ་དང་། མི་རིགས་ཀྱི་ཐོབ་ཐང་དང་མི་རིགས་ཀྱི་རང་དབང་དེ་འདོར་དུ་མེད་པའི་འགྲོ་བ་མིའི་གཞི་རིམ་ལྷན་སྐྱེས་ཀྱི་ཐོབ་ཐང་ཡིན་པ། གྲལ་རིམ་དང་མི་རིགས་གཉིས་པོ་དབྱེ་བ་ཕྱེ་ནས་གྲལ་རིམ་དེ་གྲལ་རིམ་འཐབ་རྩོད་ཐོག་ནས་མེད་པ་བཟོ་དགོས་པ། མི་རིགས་དེ་མི་རིགས་མཐུན་འབྲེལ་ཐོག་ནས་བདག་གཉེར་བྱེད་དགོས་པ། དེའི་ཐོག་ནས་མི་རིགས་ཚང་མ་ཡར་རྒྱས་གཏོང་དགོས་པ་རེད་ཟེར་གྱི་ཡོད།
གང་ལགས་ཤེ་ན། མི་རིགས་ནང་འགྲོ་བ་མིའི་གཞི་རིམ་གྱི་རིག་གནས་དང་། སྒྱུ་རྩལ། རྣམ་པ་སྣ་ཚོགས་ཀྱི་དཔལ་ཡོན་བཅས་ཚང་མ་གནས་པར་བརྟེན། མི་རིགས་དེ་བདག་གཉེར་བྱེད་དགོས་པ་དང་། གྲལ་རིམ་དེ་རྩ་མེད་གཏོང་དགོས་པ། གྲལ་རིམ་རྩ་མེད་གཏོང་རྒྱུ་དེ་གྲལ་རིམ་འཐབ་རྩོད་ཀྱི་ཐོག་ནས་ཙོང་གི་པགས་པ་བཤུ་བ་བཞིན་རིམ་པས་མེད་པ་ཆགས་པ། མི་རིགས་དེ་མེད་རྒྱུའི་ཚབ་ཏུ་མཉམ་མཐུན་ཐོག་ནས་བསྡད་དགོས་པ། དེ་ཡང་ཁོང་ཚོའི་རྩོད་སྒྲུབ་རིགས་པའི་ཐོག་ནས་བཤད་ན། མི་རིགས་འདྲ་མཉམ་རྒྱུ་ཡིན་པ་དང་། མི་རིགས་མཐུན་འབྲེལ་འབྲས་བུ་ཡིན་པ། རྒྱུ་མི་རིགས་འདྲ་མཉམ་མེད་པ་ལ་འབྲས་བུ་མི་རིགས་མཐུན་འབྲེལ་ཡོང་ཐབས་མེད་པ།
དེར་བརྟེན་རྒྱུ་འབྲས་རྩོད་སྒྲུབ་ཀྱི་རིགས་པ་དེ་རྟག་ཏུ་མཉམ་འགྲོ་མ་གཏོགས་ཐ་དད་དབྱེ་རྒྱུ་མེད་པ། བཀས་བཀོད་རྒྱུད་འཛིན་རིང་ལུགས་དེས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་འབྲེལ་གྱི་བསམ་ཚུལ་འཁྱེར་མེད་པ། མང་གཙོའི་རིང་ལུགས་ཀྱི་མི་རིགས་ཀྱི་སྲིད་ཇུས་དེ་བཀས་བཀོད་རྒྱུད་འཛིན་རིང་ལུགས་ལས་ཕྲན་བུ་བཟང་བ། དེའི་ནང་མི་རིགས་ཚང་མར་འདྲ་མཉམ་ཐོག་ནས་ཐོབ་ཐང་སྤྲོད་དགོས་ཚུལ་ཤོད་ཀྱི་ཡོད་པ། འོན་ཀྱང་མཱ་ཁེ་སི་རིང་ལུགས་སམ་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ལྟ་གྲུབ་དེ་མ་རྩའི་རིང་ལུགས་ཀྱི་ཆབ་སྲིད་ནང་ཡོད་པའི་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་འབྲེལ་གྱི་ལྟ་གྲུབ་ལས་ཧ་ཅང་ཚད་མཐོ་བ་ཡོད་པ། ཚད་མཐོ་ལུགས་མཐོ་སྟངས་ཁ་ཤས་བཤད་ཡོད་པ། དཔེར་ན། མང་གཙོའི་རིང་ལུགས་ནང་མི་རིགས་འདྲ་མཉམ་ཤོད་སྐབས་བསམ་བློའི་ཕུགས་སུ་མང་བའི་ཐག་གཅོད་ལ་ཉུང་བས་ཉན་དགོས་ཀྱི་རེད་བསམས་པའི་བསམ་བློའམ་བག་ཆགས་དེ་ཡོད་པ། དེར་བརྟེན་མང་མོས་ཀྱིས་ཉུང་མོས་གཉའ་གནོན་གཏོང་བ། མི་སྟོང་ཕྲག་གཅིག་གིས་ཐག་བཅད་ན། མི་བརྒྱས་འགྲིག་གི་མི་འདུག་བརྗོད་ནའང་ཤུགས་ཐེབས་རྒྱུ་གང་ཡང་མེད་པ། དེར་བརྟེན་མང་གཙོའི་རིང་ལུགས་ཀྱི་མི་རིགས་འདྲ་མཉམ་གྱི་བསམ་ཚུལ་ནང་བཤུ་གཞོག་དང་གཉའ་གནོན་གྱི་བསམ་ཚུལ་དེ་བརླགས་མེད་པ། བཤུ་གཞོག་དང་གཉའ་གནོན་གྱི་བསམ་ཚུལ་དེ་གང་ནས་ཡོང་གི་ཡོད་ཅེ་ན། མང་མོས་ཐག་གཅོད་ཅེས་བརྗོད་དུས་ཉུང་བའི་མངོན་འདོད་དེ་སྣང་མེད་གཏོང་ཆོག་པའི་བསམ་བློའི་བག་ཆགས་དེ་ཡོད།
འོན་ཀྱང་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ནང་དེ་མེད་ཟེར་གྱི་ཡོད། དཔེར་ན་གྲལ་རིམ་འཐབ་རྩོད་བྱེད་སྐབས་བསམ་བློའི་ནང་ལྟ་བ་འཁྱེར་སྟངས་དེ་ཇི་ལྟར་དགོས་ཤེ་ན། བཤུ་གཞོག་མྱོང་མཁན་གྱི་གྲལ་རིམ་དེའི་ཕྱོགས་སུ་ལངས་ནས་བཤུ་གཞོག་གཏོང་མཁན་གྱི་གྲལ་རིམ་དེར་རྒོལ་འཛིང་བྱེད་དགོས་པ་དང་། དེ་བཞིན་མི་རིགས་འདྲ་མཉམ་གྱི་སྐད་ཆ་ཤོད་པའི་སྐབས་སུའང་གྲངས་ཉུང་མི་རིགས་ཀྱི་ཕྱོགས་སུ་ལངས་ནས་གྲངས་མང་མི་རིགས་ལ་དྲང་པོ་མི་འདུག་ན་ངོ་རྒོལ་བྱེད་དགོས་པ། དེ་མ་བྱུང་ན་མི་རིགས་འདྲ་མཉམ་ཡོང་ཐབས་མེད་ཅེས་བཤད་ཀྱི་ཡོད།
ལེ་ཉིང་གི་མི་རིགས་སྐོར་ལ་དེབ་མཐུག་པོ་ཞིག་ཡོད། དེའི་ནང་ཡིན་ལུགས་ཡིན་སྟངས་གང་འདྲ་ཡིན་པ་འགྲེལ་བཤད་ཧ་ཅང་རིང་པོ་བརྒྱབས་ཡོད། མི་རིགས་འདྲ་མཉམ་ཡོང་བའི་དོན་དུ་མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་རྩ་མེད་གཏང་དགོས། ས་གནས་མི་རིགས་རིང་ལུགས་དེ་གྲངས་ཉུང་མི་རིགས་ཀྱི་རིགས་ཞེན་དང་། མི་རིགས་ཆེན་པོ་རིང་ལུགས་དེ་གྲངས་མང་མི་རིགས་ཀྱི་རིགས་ཞེན་དེ་རེད། དེ་གཉིས་རྩ་མེད་བཏང་ནས་གཉིས་ཀ་གཅིག་པ་མ་བཟོས་ན། མི་རིགས་འདྲ་མཉམ་དེ་ཡོང་མི་ཐུབ། ཆབ་སྲིད་དབང་འཛིན་པ་དང་ལས་བྱེད་བཅས་ཀྱིས་རྟག་ཏུ་གྲངས་ཉུང་མི་རིགས་དང་གྲངས་མང་མི་རིགས་དབར་མངོན་འདོད་མི་མཐུན་པའི་འགལ་ཟླ་ཞིག་ཡོང་ན། གྲངས་ཉུང་མི་རིགས་དེའི་མངོན་འདོད་ཀྱི་རྒྱབ་ཏུ་ལངས་དགོས་པ་དང་། དེའི་གནས་ཚུལ་གསལ་པོ་རྟོགས་ཐབས་བྱེད་དགོས་ཞེས་བཤད།
དེ་བཞིན་མི་རིགས་ཤིག་ Nationality ཡིན་ཕྱིན་ཆད་རང་ཐག་རང་གཅོད་ཀྱི་ཐོབ་ཐང་དེ་ཡོད་པ་མ་ཟད། དེའི་ནང་མཉམ་སྡོད་བྱེད་པའི་ཐོབ་ཐང་དང་ཁ་བྲལ་འགྲོ་རྒྱུའི་ཐོབ་ཐང་གཉིས་ཀ་གཅིག་པ་ཡོད་ལ། མཉམ་སྡོད་བྱེད་པའི་ཐོབ་ཐང་དེ་རྩ་ཆེ་བ་དང་། ཁ་བྲལ་འགྲོ་རྒྱུའི་ཐོབ་ཐང་དེ་རྩ་ཆུང་བ་ཡིན་པའི་སྲིད་བྱུས་མེད། ཁ་བྲལ་གྱི་གནས་སྟངས་ལ་བལྟས་སྐབས་གྲངས་མང་མི་རིགས་དེས་གྲངས་ཉུང་མི་རིགས་དང་མཉམ་དུ་འདྲ་མཉམ་གྱི་འབྲེལ་བ་བྱེད་སྟངས་དེ་རྩོད་སྒྲུབ་དངོས་གཙོའི་རིང་ལུགས་ཀྱི་ལྟ་གྲུབ་དང་མཐུན་པ་ཞིག་བྱུང་འདུག་གམ་མི་འདུག་བལྟ་དགོས། དེ་བྱུང་ན་ཁ་བྲལ་དེ་འགྲིག་གི་མེད། དེ་བྱུང་མེད་ན་ཁ་བྲལ་བྱེད་རྒྱུ་དེ་ཡང་ཐོབ་ཐང་ཞིག་རེད།
དེའི་དཔེ་རུ་གང་བཞག་ཡོད་ཅེ་ན། གང་ཟག་སྒེར་གཉིས་འཆང་ས་བརྒྱབ་རྒྱུ་དེ་སུ་ལའང་བཙན་དབང་གཏོང་བ་མེད། ཕན་ཚུན་མོས་པ་མཐུན་ན་འཆང་ས་བརྒྱབས་ནས་བཟའ་ཚང་བྱེད་པའི་ཐོབ་ཐང་ཡོད། དེ་བཞིན་ཁ་བྲལ་བྱེད་པའི་ཐོབ་ཐང་ཀྱང་ཡོད། ཁོང་གཉིས་མ་འཆམ་ན་ཁ་བྲལ་བྱེད་པའི་ཐོབ་ཐང་མེད་ཅེས་བཤད་ཐབས་མེད། དེ་བཞིན་སུའི་ལན་པ་རེད་སུའི་མ་ལན་པ་རེད་ཟེར་བའི་སྐད་ཆ་དེ་མེད། གཞི་རིམ་གྱི་ཐོབ་ཐང་ཆ་ནས་བལྟས་ན་རང་ཐག་རང་གཅོད་ཟེར་བ་དེའི་ནང་ལ་ཡོད། ལྷག་པར་དུ་ལེ་ཉིང་གི་ལྟ་གྲུབ་ནང་ལ་རང་བྱུང་གི་ཐོབ་ཐང་དང་མངའ་དབང་གི་ཐོབ་ཐང་གཉིས་པོ་དེ་ཚང་མ་བསྲེས་ནས་ཡོད་པར་དབྱེ་བ་དེ་ཙམ་ཕྱེ་མེད། གང་བཤད་ཡོད་ཅེ་ན། རྒྱལ་ཁབ་གཅིག་གི་ནང་ལ་མི་རིགས་ག་ཚོད་ཡོད་པ་དེ་མངའ་དབང་གི་ཐོབ་ཐང་འདྲ་མཉམ་ཡིན་པ་དང་། རྒྱལ་ཁབ་གཅིག་གི་ནང་ལ་མི་རིགས་ཚོར་མངའ་དབང་ (Sovereignty) གི་ཐོབ་ཐང་དེ་ཡོང་ཐབས་མེད།
འོན་ཀྱང་ཁོང་གིས་ཚིག་དེ་བེད་སྤྱོད་བཏང་ནས་གལ་ཏེ་རྒྱལ་ཁབ་གཅིག་གི་ནང་ལ་མི་རིགས་ལྔ་ཡོད་ན། གྲངས་ཀ་མང་ཉུང་གི་སྐད་ཆ་གང་ཡང་མེད། མི་རིགས་ལྔ་པོ་དེར་མངའ་དབང་གི་ཐོབ་ཐང་འདྲ་མཉམ་རེད། དེས་ན་རྒྱལ་སྤྱིའི་ནང་ལ་རྒྱལ་ཁབ་ཚང་མར་མངའ་དབང་གི་ཐོབ་ཐང་འདྲ་མཉམ་ཟེར་བ་དེ་རྩོད་ཐུབ་ཀྱི་རེད། དེ་རྩོད་རྒྱུའི་གཞི་རྩ་དེ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་ནང་གི་མི་རིགས་མངའ་དབང་གི་ཐོབ་ཐང་འདྲ་མཉམ་མེད་ན་རྒྱལ་སྤྱིའི་ནང་ལ་རྒྱལ་ཁབ་ཀྱི་མངའ་དབང་ཐོབ་ཐང་འདྲ་མཉམ་ཡིན་ཟེར་བ་རྩོད་རྒྱུ་དེ་ཡང་དག་པ་ཞིག་ཆགས་ཀྱི་མེད་ཅེས་དེ་འདྲ་ཡན་ཆད་ནས་ཧ་ཅང་རྫིག་པོ་བཤད་ཡོད།
དེར་བརྟེན་ཕྱི་ལོ་ ༡༩༡༧ ལོར་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ (Soviet Union) བཙུགས་ནས་དུས་ཚོད་ཐུང་ཐུང་ནང་ཕིན་ལན་ཌི་ (Finland) ལ་རང་བཙན་སྤྲད་པ་རེད། ཕིན་ལན་ཌི་རང་བཙན་སྤྲད་སྐབས་ཁོང་ཚོའི་ནང་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་འདུག སྐབས་དེ་དུས་དེའི་ལན་དུ་དེ་ཚོས་མཱ་ཁེ་སིའི་མི་རིགས་རིང་ལུགས་ཀྱི་ལྟ་གྲུབ་ཀྱི་ཁ་ཕྱོགས་ཙམ་ཡང་ཤེས་ཀྱི་མེད། གལ་ཏེ་ཤེས་ཡོད་ན་སྐྱོན་བརྗོད་རྩ་བ་ནས་བྱེད་ཀྱི་མ་རེད་ཅེས་དེ་འདྲ་ཡན་ཆད་ནས་བཤད་ཡོད།
དེས་ན་ཕྱི་ལོ་ ༡༩༣༡ ལོར་མའོ་ཙེ་ཏུང་གིས་འགོ་ཁྲིད་པའི་རྒྱ་མིའི་དམར་ཤོག་ཚོགས་པ་དེས་གོང་མིན་ཏང་གི་མངའ་འོག་ལ་མི་རིགས་ཚོར་ཐོབ་ཐང་ཆ་ཚང་མི་སྤྲད་པ་མ་ཟད། མི་རིགས་ཚོར་ཧ་ཅང་གཉའ་གནོན་བཤུ་གཞོག་ཡོད་པར་བརྟེན། ང་ཚོར་སྲིད་དབང་ཐོབ་ན། རྒྱ་ནག་ནང་ཡོད་པའི་མི་རིགས་ཚང་མར་༼སྐབས་དེར་གྲངས་ཉུང་མི་རིགས་དང་གྲངས་མང་མི་རིགས་ཀྱི་སྐད་ཆ་བཤད་མེད།༽ རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་དགོས། ད་དུང་དེའི་ནང་ཁ་ཆེ་དང་། སོག་པོ། བོད་པ་གསུམ་པོར་ངེས་པར་དུ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་དགོས། གལ་ཏེ་དེ་མ་སྤྲད་ན། ང་ཚོ་གུང་ཁྲན་ཆགས་པའི་གོ་ཆོད་མེད་ཅེས་དེ་འདྲ་ཡན་ཆད་ནས་བྲིས་ཡོད། འོན་ཀྱང་ཁ་དོན་ཚིག་ལ་གནས་དང་མ་གནས་ཟེར་བ་དེ་གནས་ཚུལ་ལོགས་ཀ་རེད།
ངས་ལྟ་གྲུབ་ཀྱི་རྒྱབ་ལྗོངས་བཤད་དགོས་དོན་གང་རེད་ཅེ་ན། ཕུན་དབང་གི་བསམ་བློའི་ནང་ཡོད་པའི་མི་རིགས་ཀྱི་ལྟ་གྲུབ་དེ་མཱ་ཁེ་སི་དང་ལེ་ཉིང་གི་རིག་པའི་གཞུང་ལུགས་གཙང་མར་གཞིར་བཞག་ཅིག་ཡིན་པ་དེ་བཤད་མི་དགོས། དེར་བརྟེན་༧སྐྱབས་མགོན་རིན་པོ་ཆེ་རྒྱ་ནག་ལ་ཕེབས་པའི་སྐབས་སུའང་རྒྱ་ནག་དབུ་ཁྲིད་ཚོ་དང་བཀའ་མོལ་གནང་སྐབས་ཐུགས་རེ་ཆེན་པོ་ཡོང་དགོས་པ་དེ་ཁོང་ཚོས་དེ་དུས་གནས་ཚུལ་བཤད་སྟངས་དེ་འདྲ་འདྲ་ཞིག་བཤད་པ་རེད།
ཕྱི་ལོ་ ༡༩༤༩ ལོར་ད་ལྟའི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དེ་ཆགས་པ་རེད། དེ་ནས་ལོ་བརྒྱད་ནང་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་མང་པོ་བཙུགས་ཟིན། ཕྱི་ལོ་ ༡༩༥༧ ལོའི་དབྱར་ཁར་མི་རིགས་ཚོགས་ཆེན་ཟེར་བ་ཞིག་ཆིངས་ཏའོ་ལ་ཚོགས་པ་རེད། དེའི་ནང་མི་རིགས་སྲིད་ཇུས་དང་ཐབས་ལམ་སྐོར་བགྲོ་གླེང་བྱེད་སྐབས་བསམ་འཆར་མང་ཤོས་དེ་ས་གནས་མི་རིགས་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ་བཙུགས་པའི་ནང་ས་གནས་མི་རིགས་ཀྱི་ལས་བྱེད་དེ་འགོ་ཁྲིད་མཐོ་ཤོས་སུ་སླེབས་ཐུབ་མི་འདུག དེ་སླེབས་ཐབས་བྱེད་དགོས་ཞེས་པ་དེ་བྱུང་འདུག ཡིན་ནའང་དེ་དུས་བསམ་འཆར་དེ་འདྲ་བཏོན་པ་ལ་རྡུང་རྡེག་གང་ཡང་བཏང་མེད་པ་མ་ཟད། ས་གནས་མི་རིགས་ནང་སློབ་སྦྱོང་ཡོད་པ་དང་ལས་ཀ་བྱེད་ཐུབ་མཁན་དཀོན་པོ་འདུག ང་ཚོས་ལོ་བཅུ་དང་བཅོ་ལྔ་ཙམ་རིང་ས་གནས་མི་རིགས་ལ་སློབ་སྦྱོང་སྤྲད་ནས་མ་འོངས་པར་ཏན་ཏན་ས་གནས་མི་རིགས་མ་གཏོགས་མི་རིགས་ཆེན་པོས་ཇུས་གཏོགས་བྱེད་མི་དགོས་པ་བཟོ་རྒྱུ་ཡིན་ཞེས་མགོ་ཁྲིད་ཚོས་མང་པོ་བཤད་འདུག
སྐབས་དེར་ཤིན་ཅང་གི་འཐུས་མི་བློ་མཐུན་གཅིག་གིས་སོ་ཝིཏ་ཡུ་ནི་ཡན་ནང་རྒྱལ་ཕྲན་མནའ་འབྲེལ་ (Loose Federation) གྱི་ལམ་ལུགས་ཡོད་པ་བཞིན་ང་ཚོས་ཀྱང་རྒྱལ་ཕྲན་མནའ་འབྲེལ་གྱི་ལམ་ལུགས་ཤིག་བཟོས་ན་ཡག་པོ་ཡོང་གི་རེད། མི་རིགས་ཚང་མར་ཡོང་མིན་མི་ཤེས་ཏེ། ས་ཁུལ་དང་། མི་རིགས། སློབ་སྦྱོང་། འཛིན་སྐྱོང་གང་ཐད་ནས་བྱེད་ཐུབ་མཁན་གྱི་མི་རིགས་དེ་ཚོར་དེ་འདྲ་ཞིག་བྱེད་ན་ཡག་པོ་ཡོད་ཅེས་བསམ་འཆར་བཏོན་འདུག དེར་ཁྱེད་རང་ཁ་བྲལ་རིང་ལུགས་པ་རེད་ཅེས་བཤད་མི་འདུག་ལ། ཚོགས་འདུ་གཙོ་སྐྱོང་བས་དེའི་ལན་དུ་སོ་ཝིཏ་ཡུ་ནི་ཡན་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བྱུང་རབས་དང་། སྤྱི་ཚོགས། ད་ལྟའི་དངོས་ཡོད་གནས་ཚུལ་ཚང་མ་རྦད་དེ་ཐ་དད་རེད། དེར་བརྟེན་སོ་ཝིཏ་ཡུ་ནི་ཡན་ལ་མནའ་འབྲེལ་ཡོད་པ་དེ་རྒྱ་ནག་ལ་འཚམ་པོ་མེད་པའི་རྒྱུ་མཚན་རྒྱས་ཤིང་རྒྱས་པ་བཤད་པ་དེ་འདྲ་བྱུང་འདུག
ཕྱི་ལོ་ ༡༩༥༧ ལོའི་དགུན་ཁ་ནས་གཡོན་ཐལ་ཆེ་བའི་སྲིད་ཇུས་ལག་ལེན་བསྟར་བ་དེ་ནས་བཟུང་རྒྱ་ནག་ནང་མི་རིགས་ཐག་གཅོད་བྱེད་སྟངས་དེ་ནག་སུབ་བཏང་ནས་མཱ་ཁེ་སི་ལེ་ཉིང་རིང་ལུགས་དེ་གཞི་རྩ་མེད་པ་ཞིག་ཆགས་པ་རེད། དེ་ནས་ལྟ་གྲུབ་དེ་བསྡུ་གསོག་བརྒྱབས་ཏེ་གཅིག་སྡུད་བཙན་དབང་རིང་ལུགས་ཁོ་ན་ལག་ལེན་བསྟར་ནས་ཕྱིན་པ་རེད། ཕུན་དབང་ལྟ་བུར་ཆ་བཞག་ན། ལོ་ ༡༨ བཙོན་ཁང་ནང་སོང་བ་རེད།
དེར་བརྟེན་ད་ལྟའི་གནས་སྐབས་སུ་ངས་རྟག་ཏུ་སྲིད་དོན་གྱི་ཚོགས་པ་མང་པོ་ཡོད་པའི་མང་གཙོ་དང་། སྲིད་དོན་གྱི་ཚོགས་པ་གཅིག་གིས་ཟིན་པའི་གཅིག་སྡུད་རིང་ལུགས་གཉིས་ཀ་ཡང་དག་པ་མ་རེད་ཅེས་བཤད་དགོས་དོན་དེ་རེད། ད་ལྟ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་པ་བཞིན་དབང་ཆས་ར་བཟི་རྒྱུ་ཞིག་ཡོད། གལ་ཏེ་དབང་ཆས་ར་བཟི་སོང་ན་དྭངས་རྒྱུ་རྩ་བ་ནས་མེད། གང་དུ་ཡིན་རུང་དྲང་དང་མ་དྲང་དང་། བདེན་དང་མ་བདེན། ཁྲིམས་མཐུན་ཡིན་དང་མིན་གྱི་སྐད་ཆ་གཅིག་ཀྱང་མེད། ངའི་དབང་ཆ་དེ་ཤོར་ན་འགྲིག་གི་མ་རེད་ཅེས་པ་དེའི་ཐོག་ཏུ་སླེབས་དུས་དེ་སྲུང་སྐྱོབ་ཆེད་གཉའ་གནོན་དང་། བཤུ་གཞོག དྲག་ལས། གསོད་བཏུབ་གང་ཡང་བྱེད་ཐུབ་པའི་བློ་ཁོག་ཅིག་སླེབས་ཀྱི་ཡོད།
ནུབ་ཕྱོགས་པ་འགའ་ཤས་ཀྱིས་ལོ་སྟོང་ཕྲག་མང་པོའིོ་རིང་རྒྱ་ནག་དང་བོད་གཉིས་ཁྱིམ་མཚེས་རེད། མཐུན་པོའི་ངང་བསྡད་པ་རེད། དབྱིན་ཇིས་ཀྱང་དབང་མ་བསྒྱུར་ནས་བཞག་པ་དེ་ཕྱི་ལོ་ ༡༩༥༡ ལོར་ཅིའི་ཕྱིར་རྒྱ་མིས་གློ་བུར་དུ་དབང་བསྒྱུར་བ་རེད། ཅེས་དྲིས་དུས། ངས་ནུབ་ཕྱོགས་ལ་མ་རྩའི་རིང་ལུགས་དར་བའི་དབང་གིས་བོད་རྒྱ་མིས་བཟས་པ་རེད་ཅེས་ཤོད་ཀྱི་ཡོད། མ་རྩའི་རིང་ལུགས་དེ་ནུབ་ཕྱོགས་ལ་དར། ཤར་ཕྱོགས་ལ་བོད་དེ་རྒྱ་མིས་དབང་བསྒྱུར་བྱས་ཞེས་བཤད་དུས། ང་ཚོ་བོད་པའི་གཏམ་དཔེར། མགོ་གང་བྱས་སོང་ཞེ་ན་རྐུབ་ལ་ལུག་གིས་བརྡུངས་བྱུང་ཞེས་པ་ཞིག་ཡོད། ཁྱེད་ཀྱི་མགོ་ལ་རྨ་བཟོས་པ་དེ་གང་བྱས་སོང་ཞེས་དྲིས་སྐབས་ངའི་རྐུབ་ལ་ལུག་གིས་བརྡུངས་བྱུང་ཞེས་བརྗོད་དུས་འབྲེལ་བ་མེད་པ་ལྟ་བུ་ཞིག་རེད། ཡིན་རྒྱུ་དེ་རྐུབ་ལ་ལུག་གིས་བརྡུངས་ནས་རིལ་སོང་བ་ཡིན་སྟབས་མགོ་ལ་རྨ་བཟོས་པ་ཞིག་རེད།
ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་བའི་དབང་གིས་བཟོ་པའི་གྲལ་རིམ་ལ་ཧ་ལས་པའི་བཤུ་གཞོག་བྱུང་བ་ལ་བརྟེན་ནས་གུང་ཁྲན་རིང་ལུགས་དེ་དར་བ་རེད། དེ་ནས་རྒྱ་ནག་དེ་གུང་ཁྲན་དུ་གྱུར། དེའི་དབང་གིས་བོད་དེ་རྒྱ་མིས་བཟས་པ་རེད། རྒྱ་ནག་དེ་གུང་ཁྲན་རིང་ལུགས་མ་ཆགས་པ་ཡིན་ན་བོད་རྒྱ་མིས་བཟས་ཡོད་ཀྱི་མ་རེད། བོད་རྒྱ་མིས་བཟས་པ་དེའི་འགན་ཆ་ཚང་ནུབ་ཕྱོགས་ལ་ཡོད་པ་རེད། སོ་ཝིཏ་ཡུ་ནི་ཡན་ལ་གང་བྱུང་བ་དང་། རྒྱ་ནག་ལ་གང་བྱུང་བ། བོད་ལ་གང་བྱུང་བ་ཐམས་ཅད་མ་རྩའི་རིང་ལུགས་ཀྱིས་མ་བྱུང་བ་རེད་ཅེས་བཤད་ཀྱི་ཡོད། མི་རིགས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཐོག་ནས་རྒྱལ་ཁབ་ཅིག་གི་ནང་བསྡད་རྒྱུ་དེ་དོན་དམ་པའི་མི་རིགས་མཉམ་འབྲེལ་ཟེར་བ་དེ་རེད། དེ་ཡོང་བར་མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དེ་དགོས་ཀྱི་ཡོད། མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དེ་གྲངས་ཉུང་གྲངས་མང་གི་སྐད་ཆ་མེད་པར། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་རྩ་མེད་བཏང་བའི་ཐོག་ནས་ཡོང་དགོས་པ་ཞིག་རེད། དེ་ནི་ཕུན་དབང་ལགས་ཀྱིས་རྩ་ཆེན་པོར་བརྩི་བའི་ལྟ་གྲུབ་ཅིག་ཆགས་ཡོད།
Nationhood ཟེར་བ་དེའི་ནང་ད་གིན་ངས་གལ་ཆེན་པོ་གཅིག་བཤད་རྒྱུ་ལྷག་འདུག དེའི་ནང་ལ་ཆོས་ཀྱི་སྐད་ཆ་དེ་མེད། བདག་ཉིད་ཆེན་པོ་གཱནྡྰི་ (Mahatma Gandhi) དང་མུཧམྨད་ཨལཱི་ཇིནྣྰཧ་ (Muhammad Ali Jinnah) གཉིས་དབར་གཞི་རིམ་ལྟ་གྲུབ་ཀྱི་འགལ་ཟླ་དེ་རང་རེད། མུཧམྨད་ཨལཱི་ཇིནྣྰཧ་ཡིས་གང་བཤད་ཀྱི་ཡོད་ཅེ་ན། ཁ་ཆེ་དང་ཧིནྡྰུ་གཉིས་པོ་དེ་ཆོས་ལུགས་ཐ་དད་ཡིན་སྟབས་མི་རིགས་གཉིས་ཡིན་དགོས། དེ་ནི་སྤྱི་ཚོགས་ཀྱི་ཚན་རིག་གང་དང་ཡང་མི་མཐུན་པ་ཞིག་རེད། མི་རིགས་ (Nationhood) ཟེར་བ་དེ་ཡོང་བར་ཤ་ཁྲག་གི་བརྒྱུད་པ་དང་། སྐད་ཡིག བྱུང་རབས། ལེགས་བྱང་། ས་ཁྱོན་བཅས་ཚང་དགོས།
དབུ་མའི་ལམ་གྱི་སྲིད་བྱུས་ནང་གྲངས་ཉུང་མི་རིགས་གཅིག་ཡིན་སྟབས། དེའི་རང་སྐྱོང་གི་སྒྲིག་འཛུགས་དེ་གཅིག་ཡིན་དགོས་ཞེས་པ་དེ་ཕུན་དབང་ལགས་ཀྱི་དགོངས་ཚུལ་ཡང་དེ་རང་རེད། དེ་བཞིན་ས་གནས་མི་རིགས་རིང་ལུགས་དོར་བའི་རྒྱུ་ཆའམ་ཆ་རྐྱེན་དེ་མི་རིགས་ཆེན་པོ་རིང་ལུགས་དོར་རྒྱུ་དེ་གལ་ཆེན་པོ་རེད། དེས་ན་ང་ཚོའི་བསམ་འཆར་ནང་གསལ་པོ་ཡོད་པ་མ་རེད་དེ། དོན་དག་རྡོག་རྡོག་ཅིག་གང་ཡོད་ཅེ་ན། ལེ་ཉིང་གི་རིང་ལུགས་ནང་དབུས་གྲོས་ཚོགས་ལ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ལྟོས་ནས་ས་གནས་རང་སྐྱོང་མངའ་ཁུལ་གྱི་ཁྲིམས་སུ་བཅས་པར་ཆོད་སློག་གི་དབང་ཆ་ཡོད་པ་བཞིན་ས་གནས་མི་རིགས་རང་གི་ཁེ་ཕན་ལ་ལྟོས་ནས་དབུས་གཞུང་གིས་བཅས་པའི་ཁྲིམས་དེ་ཚོར་ཆོད་སློག་བྱེད་པའི་དབང་ཆ་དེ་ས་གནས་ལའང་ཆ་རྐྱེན་འགའ་ཤས་ཚང་བའི་ཐོག་ནས་ཡོད་དགོས་ཞེས་པ་དེ་རེད། དེའི་ལྟ་གྲུབ་དེ་ང་ཚོ་གཅིག་པ་ལྟ་བུ་རེད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་ཡོངས་སུ་རྫོགས་པ་ཡིག་འབྲུའི་ནང་ཡོད་པ་བཞིན་ལག་ལེན་བསྟར་དགོས་པ་དང་། བོད་རིགས་ཡོངས་སུ་རྫོགས་པར་འཛིན་སྐྱོང་གཅིག་ཡིན་དགོས་པ། དེ་བཞིན་ཆོད་སློག་གི་ཐོབ་ཐང་འདྲ་མཉམ་ཡོད་དགོས་པ་དེ་ཚོ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ནང་ལའང་ཡོད་པ་ཞིག་རེད། ཕུན་དབང་ལགས་ཀྱི་མི་རིགས་ཀྱི་ལྟ་གྲུབ་བམ་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་སྟངས་ཀྱི་རྒྱབ་ལྗོངས་ཀྱི་མཱ་ཁེ་སི་ལེ་ཉིང་རིང་ལུགས་ཀྱང་དེ་འདྲ་ཞིག་རེད། ད་དུས་ཚོད་ཟིན་སོང་། ངས་འདིར་གཞག་ཆོག་པ་ཞུ་རྒྱུ་ཡིན། ཞེས་གསུངས།
་་་་་་་ གང་ལགས་ཤེ་ན། ཁོང་རང་ཆུང་དུས་ནས་ཧ་ཅང་སྐུ་ངལ་བསྐྱོན་མཁན་ཞིག་དང་། མི་རིགས་ཆེན་པོའི་རིང་ལུགས་ཟིན་མཁན་ཚོས་ཁོང་ལ་ས་གནས་མི་རིགས་རིང་ལུགས་ཀྱི་བག་ཆགས་དོར་མི་འདུག་ཅེས་ཉེས་མེད་ཉེས་འཛུགས་བྱས་ཏེ་༼ལོ་༽བཅོ་བརྒྱད་བཙོན་ཁང་ནང་བཅུག་དགོས་དོན་ཡང་བོད་མི་རིགས་ཀྱི་ཁེ་ཕན་ཐད་བསམ་བློ་ཤུགས་ཆེན་པོ་ཡོད་པ་དེའི་དབང་གིས་རེད། ་་་་་་་་
་་་་་་་ ནུབ་ཕྱོགས་སུ་མ་རྩའི་རིང་ལུགས་དར་བའི་དབང་གིས་བཟོ་པའི་གྲལ་རིམ་ལ་ཧ་ལས་པའི་བཤུ་གཞོག་བྱུང་བ་ལ་བརྟེན་ནས་གུང་ཁྲན་རིང་ལུགས་དེ་དར་བ་རེད། དེ་ནས་རྒྱ་ནག་དེ་གུང་ཁྲན་དུ་གྱུར། དེའི་དབང་གིས་བོད་དེ་རྒྱ་མིས་བཟས་པ་རེད། རྒྱ་ནག་དེ་གུང་ཁྲན་རིང་ལུགས་མ་ཆགས་པ་ཡིན་ན་བོད་རྒྱ་མིས་བཟས་ཡོད་ཀྱི་མ་རེད། བོད་རྒྱ་མིས་བཟས་པ་དེའི་འགན་ཆ་ཚང་ནུབ་ཕྱོགས་ལ་ཡོད་པ་རེད། ་་་་་་་
འདི་ལ་ཅུང་ཟད་བགད་ནས་ཉན་དགོས་པ་མིན་འདུག་གམ། ཧཧཧཧཧཧཧཧ།། །།
ཁྲི་ཟུར་མཆོག་གིས།
་་་་་་་ མི་རིགས་འདྲ་མཉམ་གྱི་ཐོབ་ཐང་དེ་གྲངས་ཉུང་གྲངས་མང་གི་སྐད་ཆ་མེད་པར། མི་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་གཉིས་ཀ་རྩ་མེད་བཏང་བའི་ཐོག་ནས་ཡོང་དགོས་པ་ཞིག་རེད། དེ་ནི་ཕུན་དབང་ལགས་ཀྱིས་རྩ་ཆེན་པོར་བརྩི་བའི་ལྟ་གྲུབ་ཅིག་ཆགས་ཡོད། ་་་་་་་་
གེ་སར་དང་། མ་ཧྰ་བྷྰ་རཏ་གཉིས་ནི་ལྷ་སྒྲུང་དང་། མང་གཙོ་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་གཉིས་ནི། ལག་ལེན་དུ་ཁེལ་ཐབས་མེད་པའི་མིའི་སྒྲུང་ཡིན་པ་ཙམ་ལས། དེ་བཞི་ག་ལ་ཁྱད་པར་དེ་ཙམ་མེད་པར་ཉིད་དུ་ཟད་དོ།། །།
Racial discrimination = མི་རིགས་ངོ་མདོག་དབྱེ་འབྱེད།
Caste = རིགས་རུས་མཐོ་དམན།
Caste and Creed = རིགས་རུས་དང་། ཆོས་དད།
Nation = རྒྱལ་ཁབ།
Nationality = རྒྱལ་འབངས།
Ethnic = མི་རིགས།
Species = ཉེ་བའི་རིགས་ཅན།
Genetic = རིགས་རྒྱུན་འབྱུང་རབས།
དཔྱད་གཞིར་ཙམ་མོ།།
དམར་པོ་དཔུང་གིས་གངས་རིའི་ལྗོངས་སུ་གཡུལ་གྱི་འཕྲུལ་འཁོར་བསྒྱུར་བའི་ཚེ།།
ཕུན་དབང་ཇག་དང་སོ་བ་ལམ་སྣ་བྱས་པ་རང་རེའི་རིགས་ཀྱི་བླ་བཙོང་རྟགས།།
རིག་གནས་གསར་བརྗེའི་ལིག་གི་ལངས་ཕྱོགས་ནོར་བར་ཞུགས་པའི་ལེ་ལན་གྱིས།།
ཕུན་དབང་རྒྱ་གྲོང་བཙོན་ཏུ་ཚུད་པ་སྲིད་དང་གནས་ལ་རྨོངས་བའི་རྟགས།
གཉེན་དང་ཉེ་དུ་སྡིག་པའི་ཏང་གིས་བསད་དང་བཅོམ་ལ་ཞེ་སྡང་སྤུ་ཙམ་མི་ལངས་པར།།
ཟླ་ཕོག་དུས་ལྟར་ལེན་ཞིང་ཆུང་མ་དེ་ལས་ཆུང་བ་བཞེས་པ་ཕུན་དབང་ཁྲེལ་མེད་རྟགས།།
བཅོས་སྒྱུར་སྒོ་འབྱེད་རྒྱ་ནག་ཆབ་སྲིད་སྲིད་བྱུས་དཀྱེལ་ཆེ་གུ་ཡངས་དུས།
རང་སྐྱོང་མི་རྩོད་ཚན་ཚན་རིག་པར་འཁོར་བ་ཕུན་དབང་གླེན་པའི་རྟགས།།
བརྒྱ་ཕྲག་གངས་རིའི་དཔའ་བོས་རང་ལུས་མེ་ལ་མཆོད་ཅིང་སྡིག་སྤྱོད་སྲིད་ལ་རྒོལ་བའི་ཚེ།།
ཤི་ལ་ཉེ་དུས་བྱས་ཉེས་དྲན་པས་རིགས་ཞེན་གཏམ་ཙམ་སྨྲས་བ་ཕུན་དབང་འགྱོད་པའི་རྟགས།།
ཕུན་དབང་ལགས་ཀྱིས།
བོད་རིགས་བསད་ཡོད་དམ།
ཕུན་དབང་ལགས།
བླ་བཙོང་དང་རྒྱལ་ཚོང་པ་ཡིན་ནམ།
ལངས་ཕྱོགས་ནོར་བར་ཞུགས་སམ།
སྲིད་དང་གནས་ལ་རྨོངས་ཞེན་ཅིག་ཡིན་ནམ།
གཉེན་དང་ཉེ་དུ་གསོད་དུས་ཞེ་སྡང་མི་ལངས་པ་བདེན་ནམ།
ཟླ་ཕོག་ལེན་ཞིང་ཆུང་མ་ཆུང་བ་བླངས་བས་ཕུན་དབང་ཁྲེལ་མེད་ཅིག་ཡིན་ནམ།
ཕུན་དབང་ལགས་ཀྱིས།
བཅོས་སྒྱུར་སྲིད་བྱུས་གུ་ཡངས་དུས་སུ། རང་སྐྱོང་མི་རྩོད་པར་ཚན་རིག་པར་མགོ་འཁོར་བས། གླེན་རྟགས་བསྟན་ནམ།
བརྒྱ་ཕྲག་གངས་རིའི་དཔའ་བོས་རང་ལུས་མེ་ལ་མཆོད་ཅིང་སྡིག་སྤྱོད་སྲིད་ལ་རྒོལ་བའི་ཚེ་དང་། འཆི་ལ་ཉེ་དུས་བྱས་ཉེས་དྲན་པས་རིགས་ཞེན་གཏམ་ཙམ་སྨྲས་པ། ཕུན་དབང་འགྱོད་པའི་རྟགས་ཅིག་ཡིན་ནམ།
ཕུན་དབང་ལགས་ཀྱི་དུར་བཏབ་བང་སོར་སླར་ཡང་དྲིས་ཐལ་ཤོར་སོང་། ཕོག་ཐུག་ཤོར་ཡ་ཡོད་ན། དགོངས་དག་ཀྱང་། ཞུ་ཐུབ་བོ།། །།
བོད་ཀྱི་རྩ་དོན་ལ་གནོད་པ་བྱེད་མཁན་སུ་དང་སུ་ཡིན་རུང་རྒས་ནས་ཤི་ན་ཡང་སུན་འབྱིན་བྱེད་ཀྱི་ཡིན་པ་དང་སྐྱིན་པ་ལེན་ཐབས་བྱེད་ཀྱི་ཡིན། དེ་ནི་ཆབ་སྲིད་འཐབ་རྩོད་ཀྱི་གཡུལ་སའི་རྩ་དོན་ཞིག་རེད།
བོད་ཀྱི་ལས་བྱེད་གསར་པ་དང་། རྙིང་པ་ཚོས། ཕུན་དབང་ལགས་ལ་བསྟོད་ན་ཡང་མི་འགྲིགས་པ་མེད་ཀྱང་། ཆོས་དད་པ་དང་། མི་དམངས་ཕལ་པ་ཚོས། ཕུན་དབང་ལགས་ལ། དམོད་ན་ཡང་མི་འོས་པ་མེད་དོ་སྙམ་མོ།། །།
བོད་མི་རིགས་སྡུག་ལ་སྦྱོར་བའི་སྣ་འདྲེན་ཞིག་རེད་བསམ། སྤྱིར་ཕུན་དབང་རྒྱ་དམར་གྱི་བཙོན་འོག་ཏུ་མི་ལོ་བཅོ་བརྒྱད་རིང་སྡུག་སྦྱོང་མནར་གཅོད་མྱང་ཡོད་ཀྱང་དེ་ནི་བོད་མི་རིགས་ཀྱི་མ་ཡིན་པ་༼བོད་མི་གསར་བརྗེ་པ༽ཞེས་པའི་དེབ་ཕུན་དབང་ཁོ་རང་ལོ་རྒྱུས་བྲིས་པ་དེ་ཞིབ་ཚགས་ངང་ཀློག་ན་མཁྱེན་ངེས། ཕུན་དབང་ཁོ་རང་རྒྱ་དམར་གཞུང་གི་བཀའ་བཞིན་ཚུལ་བཞིན་སྒྲུབ་མཁན་ཞིག་རྟེན་༼བཙོན་ཁང་དུ་བཅུག་པའི་ཉེས་པ་ག་རེ་ཡིན་མིན་ངེད་རང་གི་ཀྱང་མ་ཤེས་༽ཞེས་དེབ་དེའི་ནང་གསལ་པོ་འཁོད་ཡོད།
བོད་མི་རིགས་སྡུག་ལ་སྦྱོར་བའི་སྣ་འདྲེན་ཞིག་རེད་བསམ། སྤྱིར་ཕུན་དབང་རྒྱ་དམར་གྱི་བཙོན་འོག་ཏུ་མི་ལོ་བཅོ་བརྒྱད་རིང་སྡུག་སྦྱོང་མནར་གཅོད་མྱང་ཡོད་ཀྱང་དེ་ནི་བོད་མི་རིགས་ཀྱི་ཆེད་དུ་མ་ཡིན་པ་༼བོད་མི་གསར་བརྗེ་པ༽ཞེས་པའི་དེབ་ཕུན་དབང་ཁོ་རང་ལོ་རྒྱུས་བྲིས་པ་དེ་ཞིབ་ཚགས་ངང་ཀློག་ན་མཁྱེན་ངེས། ཕུན་དབང་ཁོ་རང་རྒྱ་དམར་གཞུང་གི་བཀའ་བཞིན་ཚུལ་བཞིན་སྒྲུབ་མཁན་ཞིག་རྟེན་༼བཙོན་ཁང་དུ་བཅུག་པའི་ཉེས་པ་ག་རེ་ཡིན་མིན་ངེད་རང་གི་ཀྱང་མ་ཤེས་༽ཞེས་དེབ་དེའི་ནང་གསལ་པོ་འཁོད་ཡོད།
ཤར་ཕྱོགས་ཁུ་རྟ་བོད་ཀྱི་གཞོན་སྐྱེས་བཤད་ཕོད་པ་དང་སྒྲུབ་ཕོད་པའི་མི་ཤེས་ལྡན་མི་སྣ་ཞིག་རེད།
ཁ་བརྡའི་ནང་ན་རྩོམ་འབྲིས་ལེགས་ཤས་གྲལ་རེད། ང་ནི་རྩོམ་འབྲིས་མཁན་གང་ཡང་མིན་ཀྱང་གློག་པ་པོའི་ཕལ་བ་ཞིག་ཡིན་པའི་ག་དུས་ཡིན་ཁོང་ལ་གདེང་འཇོགས་མཐོན་པོ་བྱེད་ཀིན་ཡོད། རྒྱུ་མཚན་ཁོང་ལྟར་བཤད་ཕོད་མཁན་དང་བསྒྲུབས་ཐུབ་མཁན་ད་དུང་འབྲི་ཐུབ་མཁན་མིན་པའོ ངས་ཁོང་ལ་དོན་མེད་ཁ་བརྡུང་བཏང་ན་དེ་ནི་ཕྲག་ཏོག་དང་ཡང་ན་རྒྱུ་རྐྱེན་གཞན་ཡིད་སྲིད་ཏོ།