སྐྱོ་བྲག་དགའ་དབང་།
ཕྱི་འགྱུར་གྱི་རྒྱུད་སྡེ་ཆེན་པོ་ཕལ་མོ་ཆེའི་གཞུང་བཤད་ལག་ལེན་མན་ངག་གི་ཁུངས་པཎ་ཆེན་ནཱ་རོ་པ་ལ་མ་ཐུག་པ་མེད་པ་ལྟ་བུ་ཡིན་ཅིང་། ཁོང་གི་བཞུགས་གནས་གཙོ་བོ་ནི་བྱང་ཕུལླ་ཧ་རི་ཡིན་པ་རེད། ཕུལླ་ཧ་རི་ཡུལ་ཕྱོགས་གང་ཞིག་ཏུ་ཡོད་པའི་ངོས་འཛིན་ཐད། དགེ་འདུན་ཆོས་འཕེལ་གྱི་གནས་ཡིག་ལ་བརྟེན་ནས་ནཱ་ལེནྡྲའི་བྱང་ཕྱོགས་ན་ཡོད་པ་བྷི་ཧར་ཤ་རེབ་ཀྱི་བྲག་རི་དེ་ཡིན་པར་ཡོངས་སུ་གྲགས་ནས་དིང་སང་མཇལ་སྐོར་བྱ་མཁན་མང་ནའང་།
དོན་དངོས་ལ་ཁ་ཆེའི་ཡུལ་དུ་ཡོད་པ་མར་པ་ལོ་ཙཱའི་མགུར་དུ། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན། །དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །ཅེས་གསལ་བ་དང།
གཙུག་ལག་ཕྲེང་བའི་མར་པའི་རྣམ་ཐར་ལས། མེ་ཏོག་དང་འབྲས་བུ་ཅན་གྱི་ཤིང་སྣ་ཚོགས་ཀྱི་ཚལ་ཆེན་པོ་ཡོད་པས་སཾ་ཀྲྀ་ཏའི་སྐད་དུ་པུཥྤ་ཧ་རི་ཞེས་དང༌། ཕལ་སྐད་ལ་དེ་ཟུར་ཆག་པ་ཕུ་ལ་ཧ་རི་ཞེས་པ་མེ་ཏོག་མདངས་འཕྲོག་གི་དགོན་པ་ཟེར་བ། རྒྱ་གར་བྱང་ཕྱོགས་སྟག་གཟིག་གི་ཡུལ་གྱི་ཕུ་ན་ཡོད་པ། དབེན་ཞིང་ཡིད་ཏུ་འོང་བ། སྒོའི་ཕྱི་ཙམ་ཁོ་ན་ན་ཡོ་བྱད་ཀྱི་ཆུ། བཟའ་བའི་ཚོད་མ། དེ་ལ་འདེབས་པའི་པོད། འཚེད་པའི་མེ་ཤིང༌། དཀོན་མཆོག་མཆོད་པའི་མེ་ཏོག་རྣམས་དུས་གཅིག་ལ་ལོན་པས་རྒྱ་གར་ན་བསམ་གཏན་པའི་སྟི་གནས་མཆོག་ཏུ་གྲགས། ཞེས་དང་།
རྒྱབ་ཚབ་གྲགས་པ་དོན་གྲུབ་ཀྱི་མར་པའི་རྣམ་ཐར་དུ། གངྒཱ་ཚུར་བརྒལ་ནས་ནུབ་ཕྱོགས་ཀྱི་ལམ་ནས་ཁ་ཆེའི་ཡུལ་དུ་བྱོན། དེ་ཡང་ཡུལ་འདི་ནི་སྟོན་པ་དེ་བཞིན་གཤེགས་པས་ལུང་བསྟན་པ་བཞིན་དུ། སྔོན་འཕགས་པ་ཉི་མ་གུང་པས་རྫུ་འཕྲུལ་གྱིས་ཀླུའི་རྒྱལ་པོ་ཧུ་ལུཎྚ་ལས་བསླངས་ཏེ་ཡུལ་བཟུང་ནས། གྲོང་ཁྱེར་དང་དགེ་འདུན་གྱི་གནས་ཕུན་སུམ་ཚོགས་པ་དག་ཀྱང་མཛད། རབ་བྱུང་རྣམས་ཀྱི་ཆོས་གོས་ཁ་སྒྱུར་བའི་ཚོན་དུ་འཕགས་པས་རི་སྤོས་ངད་ལྡན་ནས་རྫུ་འཕྲུལ་གྱིས་གུར་ཀུམ་གྱི་ས་བོན་བླངས་ནས་བསྐྲུན་པས། ཡུལ་གཞན་ན་མེད་པའི་གུར་ཀུམ་གྱི་ཚལ་ཆེན་པོ་དང༌། ཡུལ་འདི་རྒྱ་མཚོ་དང་ཉེ་བས་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཀྱང་ཆེས་མང་སྟེ། འཛམ་བུའི་གླིང་གི་ཡུལ་ཞིག་ལ་ཁ་ཆེ་བས་སྐྱིད་ཅིང་འབྱོར་བ་མེད་པ་ཙམ་དུ་གྲགས། སངས་རྒྱས་ཀྱི་བསྟན་པ་ཡང་ཤིན་ཏུ་དར།
ཡུལ་དེའི་གྲོང་ཁྱེར་གྱི་གཙོ་བོ་ཤྲཱི་ན་ག་ར་མི་དུད་འབུམ་ཚོ་དྲུག་གི་བདག་ཉིད། རྒྱལ་རིགས་དང༌། བྲམ་ཟེ་དང༌། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གིས་བསྟེན་པ།
དེའི་བྱང་ངོས་རྒྱང་གྲགས་ཙམ་གྱི་ས་གུར་ཀུམ་གྱི་ཚལ་དང་ཉེ་བ་ན། མཚེའུ་དང༌། ལྟེང་ཀ་དང༌། ནགས་ཚལ་དང༌། མེ་ཏོག་ཕུན་སུམ་ཚོགས་པ་དག་གིས་བརྒྱན་པའི་རི་བོའི་སྤོ་ལ་ཕུལླ་ཧ་རི་ཞེས་པ་མེ་ཏོག་མདངས་འཕྲོག་གམ་མེ་ཏོག་གི་སྣམ་བུ་ཅན་བྱ་བའི་དགོན་པ་ཡོད་པར་ཕེབས།
དེར་དཔལ་ནཱ་རོ་པ་ཆེན་པོ་དེ་གཙུག་ལག་ཁང་གི་ཕྱི་རོལ་ན་ཤིང་ལྗོན་པ་ཡལ་ག་དང་ལོ་འདབ་ཕུན་སུམ་ཚོགས་པ་ཞིག་གི་དྲུང་ན་དགེ་འདུན་མང་པོ་ལ་སྒྲ་ཚད་ལ་འཇུག་པ་ཅེས་བྱ་བའི་ཆོས་སྟོན་ཅིང་བཞུགས་འདུག་པ་དང་མཇལ་ཏེ། མཇལ་མ་ཐག་པར་རྗེ་བཙུན་ནཱ་རོ་པའི་ཕྱག་བླ་མ་མར་པའི་དབུ་ཐོག་ཏུ་བཞག་ནས།
བླ་མས་ལུང་བསྟན་བདག་གི་བུ། །
སྣོད་ལྡན་མར་པ་བློ་གྲོས་ཀྱིས། །
ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། །
རྒྱལ་ཚབ་འཛིན་ཕྱིར་སླེབ་པ་ལེགས། །
ཞེས་ཤིས་པ་བརྗོད་ཅིང་དགྱེས་པ་ཆེན་པོས་བྱིན་གྱིས་བརླབས། ཞེས་ཤིན་ཏུ་གསལ་བར་བསྟན་པས་ན། པཎ་ཆེན་ནཱ་རོ་པའི་བཞུགས་གནས་བྱང་ཕུལླ་ཧ་རི་ནོར་མེད་ཅིག་མཇལ་བར་འདོད་པ་ཡོད་མཁན་ཞིག་ཡིན་ན་ཁ་ཆེའི་ཡུལ་དུ་འབྱོན་དགོས་པར་གདའ་འོ། །
བཀའ་དྲིན་ཆེ། ཁྱོད་ཀྱི་ཞིབ་འཇུག་གི་གྲུབ་དོན་ལས་ང་ལ་དགོས་པའི་ཡིག་ཆ་གལ་ཆེན་གཅིག་ཐོབ་བྱུང་།
འདིར་དཔལ་བཀའ་བརྒྱུད་ཀྱི་གསུང་འབུམ་འགའ་ཤས་རིན་མེད་ལ་ཕབ་ལེན་ཐུབ་ཀྱི་འདུག དེའི་ནང་ལ་འབྲུག་པ་པད་མ་དཀར་པོ་དང་། རྒྱལ་དབང་ཀརྨ་པ་སྐུ་འཕྲེང་གསུམ་ཙམ་གྱི་གསུང་འབུམ། དེ་བཞིན་གསང་སྔགས་རྙིང་མའི་རྒྱལ་བ་ཀློང་ཆེན་པའི་མཛོད་བདུན་སོགས་ལེན་བདེ་པོ་འདུག
http://dharmacloud.tsadra.org/index.php/Main_Page
ད་འདི་ལྟར་བལྟས་ན། མར་པ་ལོ་ཙཱ་བས་ཆོས་ཞུ་ས་དེ་བོན་པོ་ཡིན་པ་འདྲ། བོན་གཞུང་རྣམས་སུ་གསལ་བའི་སྟག་གཟིག་འོལ་མོ་ལུང་རིང་ཡང་འདི་དག་ལ་ཟེར་བཞིན་པར་གདའ།
སྔོན་གྱི་རྒྱ་གར་བས་ཤར་ནུབ་ཀྱི་ཁྱད་པར་དེ་ཡུལ་དབུས་རྡོ་རྗེ་གདན་ལ་བལྟས་ཏེ་བཞག་ཡོད་ཀྱང་དེང་སང་དེ་སྔོན་མ་ཇི་བཞིན་བཀོད་མེད་བསམ་སོང་།གཞན་ཞུ་རྒྱུ་མེད།