སྤོབས་པ་མཐའ་ཡས།
——————–
༡ གླེང་གཞི།
འཛམ་གླིང་གི་འགྱུར་བ་དང་བསྟུན་ནས་ཕོ་མོ་འདྲ་མཉམ་གྱི་ལམ་ཆེན་དུ་ཞུགས་ཚད་མྱུར་དུ་ཕྱིན་པ་ནི་དགའ་འོས་པ་ཞིག་ཏུ་མཐོང་། དེར་བསྟུན་རང་རེ་ཁ་བ་རི་པའི་སྐྱེས་སྨན་འཛམ་གླིང་ཡང་རྩེའི་བདག་མོ་ཚོའི་གོ་གནས་ཐོབ་ཐང་གོང་དུ་འཕར་ཐབས་ལ་་ཡང་བསམ་གཞིག་རེ་བྱེད་རྒྱུ་ནི་བོད་མི་སྤྱི་དང་ལྷག་པར་ཡང་ཤེས་ཡོན་ཅན་གྱི་མི་སྣ་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཏུ་འཁུམས།
བོད་མི་ཚོས་དེའི་སྐོར་ལ་གླེང་སློང་དང་བསམ་གཞིག་བྱེད་ཀྱིན་ཡོད་སྐོར་མང་པོ་ཞིག་བོད་ཕྱི་ནང་གི་དྲྭ་རྒྱ་ཁག་གི་ནང་དུ་བཀོད་ཡོང་གིན་འདུག་མོད་དོན་དངོས་གནས་ལ་བསམ་ན་དེ་ཙམ་གནད་དུ་ཁེལ་གྱིན་མེད་པའི་རྣམ་པ་ཞིག་མཐོང་སོང་། ལ་ལས་ཕོ་མོ་འདྲ་མཉམ་ཡོང་མིན་ནི་བུད་མེད་ཚོ་རང་ཉིད་ལ་ཐུག་ཡོད་ཅེས་པ་ཙམ་དང་གཞུང་ངོས་ནས་བུད་མེད་ལས་བྱེད་པ་བསྡུ་བར་དམིགས་བསལ་གྱི་ལམ་ཁ་སྟོན་དགོས་ཚུལ་ཙམ་མང་པོ་ཞིག་གླེང་གིན་འདུག འོན་ཀྱང་ཕོ་མོ་འདྲ་མཉམ་ངོ་མ་ཞིག་ཡོང་དགོས་ན་སྤྱི་ཚོགས་ཁྱོན་ཡོངས་ཀྱི་བསམ་བློ་འམ་བག་ཆགས་ལ་བཅོས་བསྒྱུར་ཡོང་ཐབས་བྱ་རྒྱུ་མ་གཏོགས་ཕྱོགས་རེ་བ་ཞིག་གིས་འགྲུབ་ཐབས་མེད་པ་ངོས་ཟིན་མཁན་དཀོན་པར་སྣང་།
༢ ཕོ་མོ་འདྲ་མཉམ་གྱི་གལ་ཆེའི་གནད་དོན།
ཕོ་མོ་འདྲ་མཉམ་བྱ་རྒྱུའི་འགན་དེ་ནི་ཕོ་མོ་གཉིས་ཆར་གྱིས་བསྒྲུབ་དགོས་པ་ཞིག་ཡིན། རང་རེ་སྐྱེས་པ་ཚོའི་སྤྱི་ཚོགས་ཀྱི་ངོས་ནས་ཀྱང་རྒྱ་ཆུང་ས་ནས་རང་གི་ཨ་མ་དང་སྲིང་མོ། ཆུང་མ་དང་བུ་མོ། ཚ་མོ་དང་ཡང་ཚ་མོ་སྟེ་རང་དང་ཁྱིམ་རྒྱུད་ཀྱིས་འབྲེལ་བའི་གཉེན་ཚན་བུད་མེད་ཚོ་ཁོ་ན་ལ་བསམ་ན་ཡང་སྐྱེས་པའི་ཚེ་གཡོག་ཏུ་ཉར་བའི་སྲོལ་རྒྱུན་དེ་ལ་བསྒྱུར་བཅོས་ཡོང་ཐབས་དང་བུད་མེད་ཀྱི་ཐོབ་ཐང་དང་། རང་དབང་། བདེ་སྐྱིད། མི་ཚེའི་མཛེས་སྡུག་བཅས་ལ་འདྲ་མཉམ་ཡིན་པ་ཡིན་པར་ཤེས་པའི་བག་ཆགས་ཤིག་ཕོ་མོ་གཉིས་གར་འཇག་དགོས་པ་རེད། རྒྱ་ཆེ་ས་ནས་བུད་མེད་ནི་སྤྱི་ཚོགས་ཀྱི་ཕྱེད་ཀ་ཡིན་སྟབས་དེ་ལ་དམན་སྡང་དང་གཉའ་གནོན་ཡོད་པའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྤྱི་ཚོགས་ཧྲིལ་པོའི་ལས་དོན་ཕྱེད་ཀ་ལ་འཐུས་ཤོར་འགྲོ་བཞིན་ཡོད། ལྷག་པར་ཡང་དེང་དུས་སུ་འཕྲུལ་ཆས་གྱིས་དབང་བསྒྱུར་བའི་འཛམ་གླིང་འདིར་ལུས་ཤུགས་ཀྱི་རིན་ཐང་ཆུང་དུ་ཕྱིན་པ་དང་། བརྡ་འཕྲིན་ཅན་དང་འབྲེལ་གཏུག་མཉམ་འབྲེལ་གྱི་སྤྱི་ཚོགས་འདིར་བུད་མེད་ཀྱི་ནུས་ཤུགས་ཆེས་ཆེར་ཕྱིར་མངོན་བཞིན་ཡོད།
༣ ཚེ་གཡོག་གི་སྣེ་ཁྲིད།
ང་ཚོས་ཆོས་སྲིད་གང་ཐད་ནས་ཕོ་མོ་འདྲ་མཉམ་ཡིན་ཚུལ་མང་དུ་གླེང་བཞིན་ཡོད་མོད་ང་ཚོའི་བུ་མོ་དང་ཚ་མོ་རང་གི་སྙིང་དང་འདྲ་བ་འདི་ཚོ་སྐྱེས་པ་ཚོའི་ཚེ་གཡོག་ཆགས་པའི་ལམ་ཁ་དེ་ང་རང་ཚོ་རང་ཉིད་ཀྱིས་སྟོན་གྱིན་འདུག ང་ཚོ་རང་ངོས་ནས་བསམ་ན་ཁྱིམ་ཚང་ཞིག་གི་ཚེ་གཡོག་བྱེད་པ་ལས་མི་ཚེ་གང་བོར་རང་དབང་ཁེར་རྐྱང་དུ་བསྡད་རྒྱུ་དེ་འདེམས་པར་ཐག་ཆོད། དེ་བཞིན་ང་ཚོའི་བུད་མེད་ཚོས་ཡང་གཞི་རྩའི་ཆ་ནས་ཐོབ་ཐང་དེ་དང་བདེ་སྐྱིད་དེ་འདེམས་ངེས་རེད། ཡིན་ན་ཡང་ང་ཚོས་རང་རང་གི་བུ་མོ་དང་ཚ་མོ་ཚོ་ཐོག་མ་ནས་ཁྱོ་ག་རྩ་ཚང་མཁན་ཞིག་དང་ཁ་ཟས་སྤྲོད་ཐུབ་མཁན་ཞིག་རག་ན་ཐབས་ཚང་ནང་གི་ཚེ་གཡོག་བྱེད་དུ་གཏོང་རྒྱུའི་འཆར་གཞི་ཙམ་ལས་ཁོང་ཚོའི་མིའི་ཐོབ་ཐང་དང་རང་དབང་གི་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་སྐྱེལ་བར་བསམ་བློ་གཏོང་ཐུབ་ཀྱིན་མེད་པ་རེད།
༤ འདྲ་མཉམ་དུ་བསྐྱོད་པའི་མྱུར་ལམ།
འོ་ན་ཕོ་མོ་མཉམ་འབྲེལ་ཡོང་ཐབས་གཙོ་བོ་གང་ཞིག་ཡིན་སྙམ་ན། སྤྱིར་བཏང་ཡུལ་ཁྲིམས་ལ་བསྒྱུར་བཅོས་དང་བུད་མེད་ཚོར་ཤེས་ཡོན་སློབ་སྦྱོང་སྤྲོད་པ་སོགས་གལ་ཆེན་ཡིན་མོད་འདིར་རང་རེ་སྐྱེས་པ་ཚོར་ཁུར་དུ་བབ་པ་གཅིག་ཡོད་པ་དེ་ནི་རང་རང་གི་ས་ནས་འགན་བླངས་ཏེ་རང་གི་ཁྱིམ་ཚང་གི་ནང་དུ་ཕོ་མོ་འདྲ་མཉམ་གྱི་མིག་དཔེ་སྟོན་པ་དང་བུ་མོ་གཞོན་ནུ་ཚོའི་སེམས་ལ་ཕོ་མོ་འདྲ་མཉམ་གྱི་བག་ཆགས་ཤིག་འཇོག་ཐབས་བྱ་རྒྱུ་དེ་རེད།
དེ་ཡང་ཁྱིམ་ལས་ལ་ཆ་བཞག་ན་ཡང་སྲོལ་རྒྱུན་དུ་སྐྱེས་པ་ཚོ་ཁྱིམ་དུ་སླེབས་མ་ཐག་ནས་སྡོད་ས་གང་བདེ་འཚོལ་བ་ལས་ལྡོག་སྟེ་ཁྱིམ་ལས་ལ་དབྱེ་འབྱེད་མེད་པར་ལག་པ་འཆངས་དགོས་པ་དང་། ལྷག་པར་ཡང་གྱོན་ཆས་འཁྲུ་བ་དང་སྐམ་པ། གསང་སྤྱོད་ཁྲུས་ཁང་གཙང་མ་བྱེད་པ། བྱིས་པའི་ཆབ་སྟན་བརྗེ་སྤོར་བྱེད་པ། ཟ་མ་གཡོ་སྦྱོར་དང་སྣོད་ཆས་འཁྲུ་བ། ནང་གི་བུད་མེད་ཚོར་ཇ་སྐོལ་བ་དང་བསྐུ་མཉེ་བྱེད་པ་སོགས་གང་ཐུབ་ཐུབ་དང་ལྷག་པར་ཡང་ཁྱིམ་ཚང་ནང་གི་བྱིས་པ་ཚོས་མཐོང་སར་ཚུལ་འཆོས་ཡན་ཆད་དུ་ཡང་ལས་ཀ་ཚང་མ་ལ་ལག་པ་འཆངས་དགོས་པ་གལ་ཆེན་རེད། གལ་སྲིད་ཁྱེད་ཀྱི་བུ་མོ་དང་ཚ་མོ་ཚོར་མི་ཚེའི་རིང་ལ་ཕོ་མོ་འདྲ་མཉམ་གྱི་ཐོབ་ཐང་དགོས་ན་ཐོག་མར་ཕ་ཁུ་ཚོ་རང་ངོས་ནས་མིག་དཔེ་དེ་སྟོན་ཐུབ་ན་མ་འོངས་པར་ཁོང་ཚོ་འཚར་ལོངས་བྱུང་སྐབས་སུ་ཡང་རང་རང་གི་ཁྱོ་ག་སོགས་ལ་ཡང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་ཐུབ་པ་དང་འདྲ་མཉམ་གྱི་ཐོབ་ཐང་རྩོད་ཐུབ་པའི་བག་ཆགས་འཇག་ཐུབ།
༥ ྐླད་པ་རུལ་བའི་མཁས་པ།
ངས་བོད་མི་གཞོན་ནུ་ཤེས་ཡོན་ཅན་ཚོ་ལ་ཁྱེད་ཚོས་བུད་མེད་གང་འདྲ་ཞིག་ལ་གཉེན་བསྡེབ་རྒྱུ་ཡིན་ཞེས་སྐད་ཆ་དྲིས་མྱོང་། དེ་ལ་ཕལ་མོ་ཆེས་བུད་མེད་ཡ་རབས་རང་གི་ཁ་ལ་ཉོན་མཁན་ཞིག་རྙེད་པའི་རེ་བ་བྱེད་བཞིན་ཡོད་ཅེས་ལན་འདེབས་ཀྱིན་འདུག དེ་ལ་གནད་འགག་གཉིས་འདུས་འདུག ཡ་རབས་ཞེས་པ་དེ་སྲོལ་རྒྱུན་གྱི་སྐྱེས་པ་མགོར་འཇོག་གི་ལམ་ལུགས་ལ་བརྩི་སྲུང་བྱེད་མཁན་ཞིག་དང་། རང་གི་ཁ་ལ་ཉོན་མཁན་ཞེས་པ་དེ་ཁྱོ་ག་རང་ཉིད་ཀྱི་ལག་ཆ་ཙམ་ཞིག་ལས་བུད་མེད་རང་ཉིད་མི་ཞིག་ཡིན་པ་དང་མིའི་འདྲ་མཉམ་ཐོབ་ཐང་ངོས་མ་ཟིན་མཁན་ཞིག་དགོས་ཟེར་བ་དེ་རེད། དེར་བརྟེན་རང་རེའི་ཤེས་ཡོན་ཅན་ཚོས་ཀྱང་བུད་མེད་སྲོལ་རྒྱུན་ལམ་ལུགས་ཀྱི་ཡ་རབ་ཅེས་པ་དེ་དང་རང་གི་ལག་ཅ་ཙམ་ལས་ངོས་འཛིན་མེད་པའི་གཤིས་ཀ་ལ་བཅོས་བསྒྱུར་བྱ་དགོས་པར་འདུག
༦ ཤེས་ཡོན་ཅན་གྱི་ཚེ་རོགས།
ཤེས་ཡོན་ཅན་ཚོས་བུད་མེད་ཤེས་ཡོན་ཅན་དང་ནུས་པ་ཅན། འདྲ་མཉམ་དང་རང་གི་ཐོབ་ཐང་ནི་ཁྱོ་ག་ལས་ཀྱང་གལ་ཆེར་འཛིན་མཁན་གྱི་ཚེ་རོགས་རེ་དང་འགྲོགས་ཕོད་པ་བྱ་རྒྱུ་གལ་ཆེན་རེད། བུད་མེད་ཀྱི་གོ་ས་ཐབ་ཚང་ནང་ལས་མེད་པར་ལྟ་བུའི་སྲོལ་རྒྱུན་བསམ་བློའི་དུག་རླབས་ཀྱིས་གོས་པའི་བུད་མེད་འདི་ཚོར་ཉལ་རོགས་ཤིག་དང་ཁ་ཟས་སྤྲོད་མཁན་ཞིག་རག་ན་ཐབ་ཚང་ནང་གི་ཚེ་གཡོག་བྱ་རྒྱུ་ཙམ་ལས་དམིགས་ཡུལ་མེད་པའི་བུ་མོ་ཚོའི་ལག་ཏུ་ཤེས་ཡོན་ཅན་ཚོ་ཚུད་ན་བཟང་པོའི་མིག་དཔེ་དང་ཡར་རྒྱས་ཀྱི་གཞོག་འདེགས་མེད་པར་བརྟེན་སྐྱེས་པ་ཤེས་ཡོན་ཅན་རང་ཉིད་ཀྱི་རིན་ཐང་དང་མདུན་ལམ་ཉམས་དམས་སུ་འགྱུར་རྒྱུ་ཉག་གཅིག་ཡིན་སྟབས་ཧ་ཅང་ཉེན་ཁ་ཆེ། འགྲོ་བ་མི་ཡི་མཛེས་སྡུག་གམ་རིན་ཐང་དེ་ནང་གི་བསམ་བློའི་སྟེང་ན་ཡོད་པ་ལས་ཕྱི་ན་མེད་ཅིང་མིའི་རིན་ཐང་དང་མཛེས་སྡུག་དེ་ལ་ཡང་རིགས་མང་དུ་ཡོད་ཀྱང་གཞི་རྩའི་ཆ་ནས་ཕུགས་བསམ་དང་། དམིགས་ཡུལ། རེ་བ་དང་རྨི་ལམ་ཞེས་པ་དེ་ཚོ་ནི་མི་ཞིག་ལ་མེད་དུ་མི་རུང་བའི་རིན་ཐང་ཡིན་སྟབས་བོད་ཀྱི་ཤེས་ཡོན་ཅན་ཚོས་བུད་མེད་ཤེས་ཡོན་ཅན་དང་རེ་བ་ཅན། དམིགས་ཡུལ་ཅན། ཕུགས་བསམ་ཅན་རེ་དང་འགྲོགས་ཕོད་དགོས་པར་འདུག གལ་སྲིད་འདྲ་མཉམ་གྱི་བདེ་སྐྱིད་ལས་ཁྱོ་ག་གལ་ཆེར་ལྟ་མཁན་གྱི་བུད་མེད་ཅིག་གི་ལག་ཏུ་ཚུད་ན་ཁྱིམ་ཚང་དེ་མགོ་བཙུགས་པའི་ཉིན་ནས་ཚེ་གཡོག་དང་བཙན་གཡེམ་གྱི་ཁོར་ཡུག་ཅིག་བསྐྲུན་པ་ལས་ཁྱིམ་ཚང་དེ་ལ་འདྲ་མཉམ་མེད། འདྲ་མཉམ་མེད་ན་རང་དབང་མེད། རང་དབང་མེད་ན་བདེ་སྐྱིད་མེད། དེར་བརྟེན་རང་རེའི་སྤྱི་ཚོགས་སྤྱི་དང་ལྷག་པར་ཡང་ཤེས་ཡོན་ཅན་ཚོས་ཀྱང་འདྲ་མཉམ་དང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་ཞིག་དང་སྤྱི་ཚོགས་ཤིག་དང་མི་རབས་ཤིག་འཚར་ལོངས་ཡོང་ཆེད་དུ་སྐྱེས་པ་མགོར་འཇོག་གི་སྲོལ་རྒྱུན་བསམ་བློ་དང་དེས་བསྐྱེད་པའི་ཉིན་རེའི་ཀུན་སྤྱོད་ལ་བསྒྱུར་བཅོས་གཏོང་དགོས་པ་གལ་ཆེན་རེད།
འདི་ཡང་སྤུར་རྒྱལ་བོད་ཀྱི་མངའ་རིས་སྨད་མདོ་ཁམས་ཀྱི་རྒྱུད་དུ་སྐྱེས་ཤིང་ལས་ཀྱི་རླུང་གིས་ཕྱི་ཡུལ་དུ་བདས་པ་འཆལ་བོ་སྤོབས་པ་མཐའ་ཡས་སུ་འབོད་པ་དེས་གངས་ལྗོངས་བུད་མེད་ཀྱི་ཉིན་མོར་གྲགས་པའི་མ་ཅིག་དཔལ་ལྷ་མོའི་དུས་ཆེན་དང་སྟབས་བསྒྲིགས་ཏེ་ཤར་མར་བྲིས་པའོ། །
འབྲི་སྟངས་འདི་དངོས་ནས་མི་ཆོག་པ་མི་འདུག ཡིན་ཡང་། སྐད་ཆ་འདི་བཤད་མཁན་རང་ཉིད་ཀྱིས་ཆུང་མ་ལ་ཞབས་ཞུ་ཡག་པོ་བྱོས་ཤོག དེ་ནས་ངེད་ཅག་གི་ཁྱེད་རང་གི་ཕོ་མོ་འདྲ་མཉམ་ཟེར་བས་རྩོམ་ཡིག་འདི་ལ་རིན་ཐང་ཞིག་སྤྲད་ཆོག ཨ་ལ། ཆུང་མ་མེད་མཁན་ཞིག་ཡིན་ན། རང་དང་འདྲ་མཚུངས་ཀྱི་ཤེས་ཡོན་ཡོད་པ་དང་ལུས་ཤུགས་ངལ་རྩོལ་སོགས་གང་ཡིན་ཡང་རང་དང་འདྲ་མཉམ་གྱི་བྱེད་ཐུབ་མཁན་ཞིག་ལེན་རོགས་གནོང་། ད་གཟོད་ཕོ་མོ་འདྲ་མཉམ་ཟེར་བ་ནི་སྐད་ཆ་སྙན་མོ་ཞིག་ལས། ཕོ་ཡིས་བཙན་དབང་གི་མནར་བ་ཞིག་ཡིན་མིན་བལྟས་ཆོག བུད་མེད་དག་ལ་འཇོན་ཐང་ཡོད་ན། གནའ་ནས་ད་ལྟའི་བར་དུ་བོད་སྤྱི་ཚོགས་ཁྱོན་ཡོངས་ནས་བུད་མེད་ལ་ཐོབ་ཐང་མ་སྤྲད་པར་བུད་མེད་ཚེ་གཡོག་བྱས་པ་གང་ཡང་གནའ་ཡང་བཤད་རྒྱུ་མེད་ལ་དེང་ཡང་བཤད་རྒྱུ་མེད། གང་ཡང་མི་འཇོན་པས་རིགས་དེ་ནི་ཕོ་མོ་སུ་ཡིན་ཡང་གཅིག་མཚུངས་ཀྱི་དཀའ་ལས་རྒྱག་མཁན་ཡིན་པ་རེད། དེའི་གནས་ལུགས་ཤེས་སུ་བཅུགས། གོ་སོང་ངམ། དེ་མིན་བུད་མེད་ལ་ཡང་སྐྱེས་པ་ལས་ཀྱང་ལྷག་པའི་ནུས་པ་ཡང་མང་བོ་ཡོད་ཡོད་པ་རེད། དེ་དག་ལ་སྐྱེས་པ་ནམ་ཡང་དོ་ཟླ་མི་ཡོང་། ཡིན་ཡང་། སྐྱེས་བ་དག་གི་ནམ་ཡང་ཕོ་མོ་འདྲ་མཉམ་མི་འདུག་ཟེར་ནས་བུད་མེད་དག་ལ་དམའ་འབེབས་བྱས་པ་མཐོང་རྒྱུ་མེད། གང་ལྟར། ཕོ་མོ་འདྲ་མཉམ་ནི་གནའ་དེང་གང་གི་ཆ་ནས་བལྟས་པ་ཡིན་ན་ཡང་། ཕོ་མོ་སོ་སོ་ལ་རེག་ལས་པ་ལས། གནམ་ནས་མི་ཟེགས་པ་དང་མི་ཞིག་གི་སྤྱིན་པ་གཏོང་རྒྱུ་ཡོད་པ་ཞིག་མ་ཡིན་ནོ།
ཡུན་རིང་དུ་ཁ་བརྡ་ཚང་གི་ནང་དུ་མཐོང་རྒྱུ་མེད་པས་བོད། ཤ་ཁྲག་རུས་གསུམ་ཁྱེད་ཀྱིས་དེ་རིང་ཕོ་མོ་འདྲ་མཉམ་གླེང་བས་རྩོམ་ཡིག་འདི་ལ་ལྟ་ཚུལ་མ་འདྲ་བ་ཞིག་འདོན་འདུག ཁྱེད་རང་ཕོ་མོ་འདྲ་མཉམ་ལ་མི་དགའ་བ་ཞིག་མིན་ཚོད་འདུག ཁྱེད་རང་གི་སྐད་ཆ་བཤད་ཕྱོགས་ལ་བལྟས་པ་ཡིན་ན། འོ་ན་ཕོ་མོ་འདྲ་མཉམ་ཟེར་ནས་གླེང་ན་འགྲིག་གི་མེད་པ་རེད་དམ། ཕོ་མོ་འདྲ་མཉམ་ཡོང་ཐུབ་མེད་སོང་བ་རེད།
ཨ། ཕོ་ཁྱོ་ག། ཁྱེད་རང་གི་འོག་ན་མཇེ་ཡོད་ལེ་རེད། སྟུ་ཡོད་ལེ་རེད། སྐྱེས་དམན་དང་ནག་མོས་བཤད་རྒྱུའི་སྐད་ཆ་བཤད་མ་ཡོང་ད།
ཁྱིམ་ཆུང་མ་རང་གི་མན་ཞིག། རྟ་འདོ་བ་རང་གི་ཡན་ཞིག
སྤོབས་པ་ཡིན་ན་འདིས་ནམ་ཡིན་་ན་ཏང་བཤད་བསྐྱར་བཤད་ཀྱིན་འདུག། དེ་རིང་ཡང་ནམ་རྒྱུན་གུང་ཁྲན་གྱིས་བཤད་པའི་ཚེ་གཡོག་ཟེར་བ་དང་མའོ་ཙེ་ཏུང་གི་བུད་མེད་ནི་གནམ་གྱི་ཕྱེད་ཀ་ཡིན་ཟེར་བ་ལ་བཟོ་བཅོས་ཅུང་ཙམ་བྱས་ནས་ཕོ་མོ་འདྲ་གཉམ་ཡིན་ན་ཅིག་དགོས་ཟེར། འབའ་འབུ་སྲོག་ཆགས་ཚང་མ་ཕོ་མོ་ཡོད་པས། དེ་ཚང་མ་ལ་འདྲ་མཉམ་ཡོང་དགོས་ན་དེ་ནི་ཧ་ཅང་དཀའ་མོ་ཡིན་རྒྱུ་རེད། ཁོས་བཤད་པ་ནི་བོད་ཀྱི་སྐྱེས་དང་བུསྙམ།ད་མེད་ལ་འདྲ་མཉམ་དགོས་ཟེར་གྱིན་ཡོད་པ་འདྲ། བོད་ཀྱི་་བུད་མེད་ཀྱི་ཐོབ་ཐང་རྒྱ་གར་གྱིས་བུད་མེད་གསོན་སྲེགས་བྱེད་པ་དང་རྒྱ་ནག་གིས་བུད་མེད་ཀྱི་རྐང་རུལ་བཟོ་བ་བལྟས་ན་ངོ་གནོངས་མི་དགོས་ཀི བོད་ཀྱི་སྟོད་སྨད་བར་གསུམ་ཡང་མི་འདྲ་ཀི ལྷ་སའི་མོ་མགོ་མཐོ་ཟེར་བའི་བཤད་སྲོལ་ཡོད་པར་མ་ཟད། དེ་སྔོན་གྱི་སྐུ་དྲགས་ཚོ་ལས་ལྷ་ལྕམ་ཚོ་ལ་དབང་ཆེ་བ་ཡང་གོ་རྒྱུ་འདུག་ག ཡང་ང་ཚོ་ལ་རྒྱལ་ཁབ་གཞན་ལ་མེད་པའི་ལུགས་སྲོལ་ཞིག་ཡོད་པ་ནི་བུད་མེད་གཅིག་གིས་སྐྱེས་པ་མང་པོ་ཁྱོ་ག་ལ་ཉར་སྲོལ་ཡོད་དེ། ལུགས་སྲོལ་དེས་རྒྱ་ནག་གཙོ་བོའི་རྒྱལ་ཁབ་མང་པོའི་་ནང་སྐྱེས་པ་གཅིག་གིས་བུད་མེད་བརྒྱ་ཕྲག་མང་པོ་ལ་དབང་བསྒྱུར་བྱེད་པ་དེ་ལ་རྒོལ་ལན་སྤྲད་པ་མ་རེད་དམ། ཨ་མདོའི་ལུང་ཆུང་ཞིག་གི་སྲོལ་གྱིས་བོད་སྤྱི་ལ་འབྲེལ་བཤད་བྱེད་མི་ཐུབ་
ཐོག་མར་ང་བུད་མེད་ཅིག་ཡིན་པའི་ཆ་ནས་ཁྱེད་ཀྱིས་རྩོམ་ཡིག་འདི་སྤེལ་བར་ཐུགས་རྗེ་ཆེ་གནང་། ཡིན་ན་ཡང་གོང་གི་ཉིད་ཀྱི་གནད་དོན་གླེང་བ་དེ་ཚོ་ངས་བཙན་བྱོལ་བོད་མིའི་མི་རབས་གསར་བའི་ཁྲོད་ཀྱི་གནད་དོན་མ་རེད་བསམ་གི་ཡོད། དེ་་བོད་ནང་དང་བོད་མིའི་མི་རབས་སྔོན་མ་དེ་དག་གི་བསམ་བློ་རེད་འདོད། བཙན་བྱོལ་ནང་གི་བུད་མེད་མང་པོ་ཞིག་ལ་བོད་ནང་གི་བུད་མེད་ཀྱི་གནས་སྟངས་དང་གནས་བབ་གླེང་ན་དེ་ལྷ་སྒྲུང་ལྟ་བུ་ལ་ངོས་འཛིན་གི་འདུག དེའི་རྒྱུ་མཚན་ཁོ་ཚོས་གཉའ་གནོན་དང་བག་ཆགས་དེ་མྱང་མེད་པ་དང་ཡང་ན་དེ་ཡིས་མི་ནི་ལག་ཆ་དང་འཕྲུལ་ཆས་ལྟ་བུ་ལ་འགྱུར་གི་ཡོད་པ་ཧ་གོ་གི་མ་རེད།
བཙན་བྱོལ་ནང་དུ་བོད་རིགས་བུ་མོ་ཚང་མ་ལ་འདྲ་མཉམ་གྱི་ཤེས་ཡོན་རག་གི་ཡོད་པ་རེད། སློབ་གྲ་ནས་སྤྱིའི་ཆ་ནས་བུད་མེད་ཚོ་སྡུག་རུས་ཚ་བོ་དང་སློབ་སྦྱོང་ལ་ཧུར་ཐག་གནང་གི་རེད། ཡིན་ན་ཡང་སྤྱི་ཚོགས་སྒང་ལ་ཡོང་དུས་རྒྱ་ཆེ་ས་ཡི་བསམ་བློ་དང་ཕུགས་བསམ་མི་འདུག མི་རིགས་དང་རྒྱལ་ཁབ་ཀྱི་འགན་ཁུར གི་མི་འདུག གལ་ཏེ་དེའི་སྐོར་བཤད་ན་གད་མོ་རྒོད་ཀྱི་འདུག བུད་མེད་ལ་དེ་མི་མཛའ་ཟེར་གི་འདུག ངའི་གྲོགས་མོ་མང་པོས་ཁྱེད་ཀྱིས་རང་འགོ་ཐོན་ནི་བྱེད་དང་ བཟའ་ཚང་ཡག་པོ་ཞིག་བཙལ ཁྱིམ་གཞི་ཞིག་བཟུང་དང་ཕན་པ་ཡོད་པ་དེ་རེད། མི་རིགས་དང་རྒྱལ་ཁབ་སྐྱོང་ན་འུ་ཚོས་ཡོང་གི་མ་རེད་ཟེར་གི ངའི་གྲོགས་མོ་ཚོའི་རྨི་ལམ་ཕྱི་རྒྱལ་ལ་འགྲོ་རྒྱུ་དང་སྒོར་མོ་གསོག་རྒྱུ་དེ་རེད། སྒོར་མོ་ཡོད་ན་མིག་བྱ་ར་ཞིག་ཡིན་ན་འགྲིག་འདུག་ཟེར ཁོ་ཚོའི་སློབ་སྦྱོང་དང་དམིགས་ཡུལ་དེ་ཕྱི་རྒྱལ་ལ་འགྲོ་རྒྱུ་ལས་གལ་ཆེན་པོ་མ་རེད་འདུག བུད་མེད་འདི་ཚོ་བཀག་རྒྱ་མེད་ས་ནས་འཚར་བ་རེད བུད་མེད་འདི་ཚོ་རང་དབང་གི་སྒོ་ནས་འཚོ་ཡོད བུད་མེད་འདི་ཚོ་སྔོན་ཐོན་ལ་བརྩི་འམ རང་གིས་རང་ཉིད་འགན་ཁུར་ཐུབ་སོང་ན་བུད་མེད་ཚོས་འདྲ་མཉམ་གྱི་ཐོབ་ཐང་བླངས་པ་ཨེ་རེད ངས་ངོ་མ་ཤེས་གི་མི་འདུག
དེ་རིང་དྲ་ཐོག་ནས་བང་ཆེན་དང་མཇལ་ཐུབ་པར་དགའ་བ་ཚད་མེད་སྐྱེས། འདི་ལྟར་རིམ་པས་དེང་རབས་ཀྱི་ལས་རིམ་མང་པོའི་ཁྲོད་དུ་བོད་ཡིག་དང་བོད་སྐད་ལ་ས་མིག་ཅིག་ལེན་ཐུབ་ན། བོད་ཀྱི་སྐད་ཡིག་གི་སྤྱོད་རྒྱ་ཉི་མ་ནས་ཟླ་བར་ཇེ་འཕེལ་དུ་འགྲོ་ངེས་པར་མ་ཟད། བོད་གཞིས་བྱེས་ཀྱི་ནུས་པ་གཅིག་ཏུ་སྤུངས་ཐུབ་པ་དང་། ལས་འགུལ་གཅིག་ཏུ་འབབ་ཐུབ་པ། ལག་གདང་གཅིག་ཏུ་སྦྲེལ་ནས་མདུན་ནས་མདུན་དུ་བགྲོད་ཐུབ་པའི་གོ་སྐབས་ཤིག་འཆར་ངེས། གྲོགས་པོ་ཚོ། ང་ཚོས་བོད་སྐད་བཤད་ནས་མདུན་དུ་འགྲོ། ང་ཚོས་བོད་ཡིག་བྲིས་ནས་མདུན་དུ་འགྲོ། བོད་མི་རིགས་སླར་ཡང་འཛམ་གླིང་གི་ཡང་སྒང་དུ་འགྲོ་ཡ།
ཨ་མདོ་བུ་མོ་ལགས། ཁྱེད་རང་གི་མི་ཤེས་པ་མང་བོ་ཞིག་ད་དུང་ལུས་བསྡད་ཡོད་པ་རེད། ཤུ་རེ་བྱོས་དང་། ནམ་ཞིག་དེ་དག་གི་དོགས་པ་རང་བཞིན་གྱིས་རང་སྟེང་ནས་སེལ་འགྲོ་ངེས་ཡིན།
ཨོ་རེད། ངས་དྲན་པ་བརྗེད་འདུག་ཨ་མདོ་བུ་མོ་ལགས། མིས་གང་བཤད་ལས་རང་གི་གང་བྱེད་ཐུབ་མིན་དེ་ལ་འབད་བརྩོན་བྱོས་དང་། དེ་ནི་ཐོབ་ཐང་ཡིན་ལ་འདྲ་མཉམ་ཡང་ཡིན། དེ་ལས་རྒྱ་ཆེ་ས་ཞིག་འཚོལ་འདོད་ན་མུ་མཐུད་དུ་ཨུ་ཚུགས་དང་བརྩོན་འགྲུས་བྱོས་དང་། མཐའ་མེད་པ་ནི་རྩོད་གཞི་ཡིན་ནོ།
ཨ་མདོའི་བུ་མོ་ལགས། ངའི་རྩོམ་འདི་ལ་ཐུགས་རྗེ་ཆེ་ཞུ་རིན་ཞིག་མི་འདུག མི་ཁོམ་པས་སྟེང་ནས་མནན་ཅིང་འོག་ནས་བཀྱག་ཡོང་སྐབས་ཤིག་ལ་འབྲི་ཁུལ་བྱས་སྟབས་ལྷག་ཆད་མང་པོ་ཤོར་འདུག
ངས་རྩོམ་འདིས་གཙོ་བོ་བཙན་བྱོལ་ནང་གཙོས་པའི་སྐྱེས་ཕོ་མོ་ཤེས་ཡོན་སློབ་སྦྱོང་གི་ཟོལ་འདྲ་བ་གང་འཚམས་རག་ཡོད་མཁན་ཚོ་ལ་དམིགས་ནས་བཤད་པ་ཡིན། རང་རེའི་སྤྱི་ཚོགས་འདིའི་ནང་དུ་བུ་མོ་ཉམ་ཆུང་དང་རང་གི་ཁ་ལ་ཉོན་མཁན་ནམ་མཁའི་སྐར་ཚོགས་ལྟ་བུ་རེད། མི་རག་པའི་དཀའ་ངལ་མི་འདུག དཀའ་ངལ་ཡོད་པ་ངོ་མ་དེ་བུ་མོ་ཕུགས་བསམ་ཅན་དང་། རེ་བ་ཅན། དམིགས་ཡུལ་ཅན་གྱི་མཛངས་མ་རྙེད་ཁག་པོ་རེད། ཉིན་མོའི་སྐར་མ་ལྟ་བུ་རེད་འདུག རང་རེའི་སྤྱི་ཚོགས་སུ་བུད་མེད་འདི་ལྟ་བུ་དཀོན་པའི་རྐྱེན་གྱིས་སྐྱེས་པ་ཤེས་ཡོན་ཅན་ཚོ་ལ་ཡང་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་འདུག
མདོར་ན་ཁྱོ་ག་ལས་འདྲ་མཉམ་གལ་ཆེར་ལྟ་ཐུབ་མཁན་གྱི་བུད་མེད་འཚར་ལོངས་འབྱུང་ཐུབ་ཐབས་ལ་ང་ཚོས་འབད་དགོས་པར་འདུག བུད་མེད་ཅིག་གིས་ཁྱོ་ག་མི་རག་ཟེར་བ་དེ་དཀའ་ངལ་ཞིག་མ་རེད། ཁྱོ་ག་དང་ལྷན་དུ་འདྲ་མཉམ་གྱིས་མི་ཚེ་སྐྱེལ་ཐུབ་པ་དེ་བཟའ་ཚང་བསྒྲིགས་པའི་མི་ཚེའི་ནང་གི་གལ་ཆེ་ཤོས་དེ་རེད། འདྲ་མཉམ་གྱི་ཐོབ་ཐང་ལ་བརྩི་སྲུང་མ་བྱེད་མཁན་གྱི་ཁྱོ་ག་ཞིག་གི་ལག་ཏུ་ཚུད་ན་ཚེ་གཡོག་ཆགས་པ་རེད།