སྟག་སྨྱོན་གྱིས།
———————
༄༅།། ཕོ་རོག་དཀར་པོ་དུང་འདྲ་བོ་སྤུ་རྩེ་ན་འོད་ཤིག་ཤིག་ཡོད་པ་ཞིག་མཐོང་ན་དེ་ནི་ཧ་ཅང་སྙིང་བརྗེ་བོ་དང་དཀོན་པོ། དམིགས་བསལ་གྱི་ལྟད་མོ་ལྟ་ས་དང་། ཕྲུ་གུ་ཚོས་ལྷག་པར་དུ་དགའ་བོ་བྱེད་སའི་བྱ་རིགས་རྩ་ཆེན་ཞིག་ཏུ་བརྩི་ན་འདོད། སྤྱན་གཟིགས་ཁང་ལ་བཞག་ན་ལྟ་མོ་བ་རྒྱུན་མི་ཆད་པར་ཡོང་ནས་ཡ་མཚར་མཚར་བྱེད་སྲིད། འོན་ཀྱང་ལན་འདེབས་མི་ཤེས་པའི་མགོ་རྙོག་ཡ་མཚན་ཞིག་ཡོད་པ་ནི། བོད་མི་ཚོས་ཕོ་རོག་དཀར་པོ་ཟེར་དུས་མི་ཞིག་གི་བྱ་སྤྱོད་འགྲེལ་བཤད་བརྒྱག་སྟངས་ཤིག་རེད། མི་ཁོ་ཕོ་རོག་དཀར་པོ་འཁྲབ་རྒྱུར་དགའ་བོ་ཡོད་པ་རེད་ཟེར་དུས་མི་དེ་ནི་ཆེས་ཡིད་དུ་འོང་ཞིང་གཅེས་སུ་རུང་བ། ཡང་ན་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་འབུར་དུ་ཐོན་པའི་ཁྱད་འཕགས་ཀྱི་མི་སྣ་ཞིག་མ་ཡིན་པར། དེ་ལས་ལྡོག་དེ་དུས་རྒྱུན་མིའི་སྤྱི་ཚོགས་དང་འཆམ་མཐུན་མེད་པ། གཞན་གྱི་འདོད་མོས་ལ་བསམ་ཤེས་དང་བསྟུན་མཁས་མེད་པ། ག་དུས་ཡིན་ན་གནས་སའི་ཁོར་ཡུག་དང་སྤྱི་ཚོགས་ཀྱི་ཁ་ཕྱོགས་དང་དག་དག་ལྡོག་ཕྱོགས་དང་མི་མཐུན་པ་རྐྱང་ལས་ནས་རང་གི་ཁེ་ཕན་དང་མིང་གྲགས་བཟོ་མཁན་གྱི་མིའི་རིགས་ཐ་ཤལ་ཞིག་ལ་གོ་བ་དེ་རེད། དཔེར་ན་གོན་པ་ལ་དཔེ་བཞག་ན་ཚང་མས་གོན་པ་དཀར་པོ་ལ་དགའ་བོ་བྱེད་ཅིང་དཀར་པོ་གོན་དུས་ཕོ་རོག་དཀར་པོས་ནག་པོ་གོན་ནས་འགྲོ་གི་རེད། མི་ཚང་མས་གོན་པ་ཁ་དོག་ནག་པོ་ལ་དགའ་མོས་བྱེད་ཅིང་ནག་པོ་གོན་ན་ཕོ་རོག་དཀར་པོས་དཀར་པོ་ཉིས་བརྩེགས་གོན་ནས་འགྲོ་གི་རེད། ཕོ་རོག་དཀར་པོའི་བྱེད་སྟངས་དེ་དམིགས་བསལ་གྱི་དོན་སྙིང་དང་མཛེས་སྡུག་ལྡན་པའི་འབུར་ཐོན་གྱི་རྣམ་པ་ཞིག་མ་ཡིན་པར། རིན་ཐང་མེད་ཀྱང་སྐྱུག་བྲོ་བོ་ལམ་ནང་གི་སྐྱག་པ་འདྲ་བོ་རང་བཞིན་གྱིས་མིག་ལ་ཐོགས་ཡོང་བ་ཞིག་རེད། འོན་ཀྱང་མི་འདི་འདྲ་ལ་ཆེད་དུ་ཁྲིམས་འགལ་གྱི་ནག་ཉེས་བགྲང་མི་ཤེས་ཤིང་། བྱ་སྤྱོད་དེ་ཐ་ཤལ་ཞིག་རེད་ཟེར་ནས་ཁྲིམས་ཁང་ནང་རྩོད་པ་བརྒྱབ་པ་ཡིན་ནའང་ང་ལ་ཐོབ་རྒྱུའི་གདེངས་ཚོད་མེད་མོད། འོན་ཀྱང་བྱ་སྤྱོད་དེ་ནི་དང་ལེན་དང་མགོ་སྒུར་ནས་སྣང་མེད་དུ་འཇོག་བདེ་བོ་ཞིག་ཀྱང་མ་རེད། གང་ཡིན་ཟེར་ན་ཁོ་ཚོས་ཆེད་མངགས་སྤྱི་ཚོགས་ཀྱི་གོམས་སྲོལ་དང་དགའ་མོས་འབེན་ལ་བཙུགས་ནས་དེ་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་རེད། ཀུན་སློང་དང་འཆལ་སྤྱོད་དེ་འདྲ་ལ་དགའ་བསུ་དང་བཟོད་སྒོམ་མི་བྱེད་པ་འཛམ་གླིང་སྤྱིའི་རང་བཞིན་ཞིག་ཡིན་པ་ལས་བོད་མིའི་སེམས་པ་དོགས་དྲགས་པ་རེད་ཟེར་ན་བདེན་པ་མ་རེད། དེ་བཞིན་མི་འདི་འདྲ་མཚོན་བྱེད་ཀྱི་དཔེ་ཕོ་རོག་དཀར་པོ་ཟེར་བ་དེ་ཡང་མཐར་ཐུག་ཡག་ཉེས་གང་ཡིན་ཁ་ཚོད་གཅོད་དཀའ་བའི་མགོ་རྙོག་ཞིག་ཡིན་ནའང་། དེ་ནི་བརྒྱ་ཆ་ ༩༩% དང་མི་མཐུན་པ་ཁེར་ཆད་ཁ་གཏད་ཀྱི་རྣམ་པ་ཞིག་ཡིན་པ་ཁས་མི་ལེན་རང་ལེན་རེད།
གང་ལྟར་དེང་སང་བོད་པའི་ན་གཞོན་ཚོའི་ནང་དུའང་ཕོ་རོག་དཀར་པོ་འཁྲབ་མཁན་མང་དུ་འགྲོ་གི་ཡོད་ཚོད་འདུག ཐབས་ལམ་འདི་ལ་བརྟེན་ནས་རང་ཉིད་ལ་མིང་གྲགས་དང་དོ་སྣང་འགུག་མཁན་ཡང་ཉུང་ཉུང་མ་རེད་ལ། དེ་ལ་ལྡོག་ཕྱོགས་ཀྱི་སྤྱི་ཚོགས་གི་གནོན་ཤུགས་ཀྱི་ལྗིད་ཁོག་དེའང་ཡང་དུ་བཏང་མེད་སྟབས། རྒྱུན་ལྡན་གྱི་སྤྱི་ཚོགས་དང་ཕོ་རོག་དཀར་པོའི་བར་གྱི་བཤད་ཡམས་ཆེན་པོ་དེ་རྒྱུན་མ་ཆད་པར་འབྱུང་གི་ཡོད་པ་རེད། འོ་ན་ཁོ་ཚོའི་བྱ་སྤྱོད་གང་འདྲ་རེད་ཟེར་ན། ཁོ་ཚོས་གཏོར་རྒོལ་བྱེད་སའི་འབེན་གཙོ་བོ་རྒྱུན་ལྡན་སྤྱི་ཚོགས་ཀྱི་གོམས་སྲོལ་དེ་ཡིན་སྟབས། མི་ཚང་མས་རེད་ལབ་ན་ཕོ་རོག་དཀར་པོས་མ་རེད་ཟེར། མི་ཚང་མས་ཁས་ལེན་པ་ཕོ་རོག་དཀར་པོས་ཁས་མི་ལེན། མི་ཚང་མ་ཡར་ལ་འགྲོ་དུས་ཕོ་རོག་དཀར་པོ་མ་ལ་འགྲོ། ཚང་མས་དད་པ་བྱེད་སར་ཕོ་རོག་དཀར་པོས་ལོག་ལྟ་བྱེད། མི་ཚང་མས་མགོ་གཏུགས་སར་ཕོ་རོག་དཀར་པོས་རྡོག་བརྫིས་གཏོང་བ་སོགས། ཡང་སྙིང་མི་ཚོས་རྟ་སྒ་བཤད་དུས་ཕོ་རོག་དཀར་པོའི་རིགས་ཀྱིས་གླང་སྒ་བཤད་པ་ཁོ་ཚོའི་དམིགས་བསལ་གྱི་ཁྱད་ཆོས་ཡོད་ན་མེད་ན་དེ་རེད།
དཔེར་ན་མཚན་མ་དང་རྐུབ་སོགས་ལུས་པོའི་གསང་གནས་རྣམས་གང་བྱུང་ཁྲོམ་ལ་བསྟན་ནས་ངོམ་སོ་མི་བྱེད་པ་འཛམ་གླིང་སྤྱི་སྲོལ་ཞིག་ཡིན་མོད། ཕོ་རོག་དཀར་པོའི་རིགས་ཀྱིས་དག་དག་དེའི་ལྡོག་ཕྱོགས་ཏེ་མཚན་མ་བསྟན་ནས་ངོམ་སོ་བྱེད་པ་སོགས། གང་ལྟར་རྒྱུན་ལྡན་སྤྱི་ཚོགས་དང་མི་གནད་མ་ཚོས་དགའ་བསུ་དང་བསྟོད་བསྔགས་བྱེད་མི་སྲིད་པའི་བྱ་སྤྱོད་སྐྱུག་བྲོ་བོ་རྐྱང་རྐྱང་སྤེལ་བ་མ་ཟད། ད་དུང་ཁོ་ཚོས་བྱེད་སྤྱོད་དེ་དེང་རབས་དང་གུ་ཡངས། གསར་བ་དང་ཡར་ཐོན་གྱི་དཔལ་ཡོན་ཞིག་ཡིན་རབས་བཤད་ནས་སྤོབས་པ་དང་ང་རྒྱལ་བྱེད་ཅིང་། རྒྱུན་ལྡན་གྱི་སྤྱི་ཚོགས་དང་མི་རྣམས་གུ་དོགས་དང་རྗེས་ལུས་བག་ཁུམ་ཡིན་ལུགས་ཀྱི་སྐྱོན་བརྗོད་འཛེམ་མེད་བྱེད་མོད། དོན་དངོས་སུ་བྱ་སྤྱོད་དེ་རིགས་ནི་ཤར་ནུབ་ཀྱི་མི་རིགས་དང་སྔོན་ཐོན་དང་རྗེས་ལུས་ཀྱི་སྤྱི་ཚོགས་གང་འདྲ་ཡིན་ནའང་འཆལ་སྤྱོད་འདི་རིགས་ལ་དགའ་བསུ་དང་ཞེད་སྣང་མེད་པར་འཕྱ་དམོད་བྱེད་པ་འཛམ་གླིང་གི་སྤྱི་སྲོལ་ཞིག་ཆགས་ཡོད།
མཐར་ཨོཾ་ཨ་ལ་བསྡུས། ཨ་ཧྲྰི་ལ་བསྡུས་ན་ང་ཚོས་ཤེས་དགོས་པ་ཕོ་རོག་དཀར་པོའི་མི་དེ་རྩ་ཆེན་པོ་དང་ཡ་མཚན་མིག་དཔེ་ལྟ་འོས་ས་ཞིག་མ་ཡིན་པར། རྒྱུན་ལྡན་སྤྱི་ཚོགས་ཀྱི་གོམས་སྲོལ་ལ་ཕོག་ཐུག་ཆེ་ལ་དགེ་ཕན་ཡེ་ནས་མེད་པའི་ཐ་ཤལ་གྱི་སྤྱོད་པ་ཞིག་ཡིན་པ་ཤེས་ནས། དེ་ལ་མི་སློབ་ཞིང་འཛེམ་ཟོན་ནན་པོ་བྱེད་དགོས་པ་དེ་ཡིན་ནོ། དེ་མིན་ཕོ་རོག་དཀར་པོའི་ཕྱོགས་ནས་བསྡད་དེ་སྤྱི་ཚོགས་ཡོངས་རྫོགས་ལ་ཁ་གཏད་དང་འགྲན་རྒོལ་བྱེད་མི་འོས་པ་ཟད། འཆལ་པོ་ཉུང་ཤས་ཤིག་གི་རྒྱབ་རྩར་ལངས་ནས་མི་སྣ་དྲག་ཞན་བར་གསུམ་གྱིས་གྲུབ་པའི་སྤྱི་ཚོགས་ཡོངས་རྫོགས་ནོར་འདུག་ཟེར་རྒྱུ་དེ་བས་ཀྱང་ལས་སླ་བོ་མ་རེད།
ཕོ་རོག་དཀར་པོའི་གཏམ་རྒྱུད་ལ་སྙན་པོ་ཞིག་ཡོད་པ་ནི། ཕོ་རོག་དཀར་པོའི་ཁྱད་ཆོས་གླེང་ཡོད་པ་དེ་རེད།
རིག་གཞུང་གཅིག་གི་ནང་དུ་འཚར་བས་བསམ་སྤྱོད་གཅིག་ཅན་གྱི་མི་རིགས་འདི་ལྟ་སྤྱོད་གཅིག་ཁོ་ན་ཡིན་པའི་དམར་གཞུང་གཅིག་གི་དབང་འོག་ཏུ་ཚུད་པས་བསམ་བློ་སྣ་མང་དང་སྤྱོད་པ་སྣེ་མང་བློ་ཡིད་དུ་ཤོང་དཀའ་བ་དེ་སྤྱིར་བཏང་གི་གནས་ཚུལ་ཞིག་ཡིན་པས་ཡ་མཚན་དགོས་པ་གང་ཡང་མི་འདུག
ཡིན་ན་ཡང་། སྐབས་འདི་འདྲར་ང་ཚོས་ཤེས་དགོས་པ་ཞིག་ནི་ད་ལྟའི་དམངས་གཙོ་དང་ཚན་རིག་གི་ལྟ་གྲུབ་གསར་བའི་རིགས་མང་པོ་ཞིག་འཇིག་རྟེན་འདིར་དང་པོ་ཁྱེར་ཡོང་མཁན་ཚང་མ་ཕོ་རོག་དཀར་པོ་རྐྱང་རྐྱང་ཡིན་པ་དེ་རེད།
ང་ཚོས་ནང་པ་སངས་རྒྱས་ཀྱི་ཆོས་ཟེར་ནས་རྩ་ཆེ་ཆེར་བརྩི་བའི་རྒྱལ་མཚན་རྩེ་ཡི་ནོར་བུ་འདི་ཡང་བོད་ནང་ལ་རྩ་བ་འཛུགས་མཁན་ནི་ཕོ་རོག་དཀར་པོ་སྐོར་ཞིག་ཡིན་པ་དང་། བོད་ཀྱི་དེང་རབས་རྩོམ་རིག་པ་དགེ་ཆོས་སྨྱོན་པ་དང་དོན་གྲུབ་རྒྱལ་སོགས་ཀྱང་ཕོ་རོག་དཀར་པོ་ཡིན་པ་རེད། བོད་ནང་གི་ཐེངས་དང་པོར་དབྱིན་ཡིག་སྦྱོང་མཁན་ཚོ་དང་ཐེངས་དང་པོར་རྐང་རྩེད་སྤོ་ལོ་རྩེད་མཁན་དེ་ཚོ་ཡང་ཕོ་རོག་དཀར་པོ་ཡིན་པ་རེད། ཐ་ན་ཐེངས་དང་པོར་མི་རིགས་གཞན་ཞིག་གི་ཆས་སྤྲས་མཁན་དེ་ཡང་ཕོ་རོག་དཀར་པོ་རེད། ཕོ་རོག་དཀར་པོ་འདི་ཚོས་སྲོལ་རྒྱུན་ལ་རྒོལ་བ་ཉུང་ན་ཡང་སྲོལ་རྒྱུན་ལ་ཕོག་པ་མང་།
ད་ལྟ་ང་ཚོས་ཕོ་རོག་དཀར་པོ་ཉུང་ཤས་ཤིག་གིས་དཀའ་ལས་མང་པོ་བརྒྱབས་ནས་ཁྱེར་ཡོང་བའི་དེང་རབས་ཀྱི་རིག་པའི་དཔལ་ཡོན་དང་ཚན་རིག་འཕྲུལ་ཐབས་ཀྱི་དཔལ་ལ་ཇི་དགར་ལོངས་སུ་སྤྱོད་བཞིན་པར་ཕོ་རོག་དཀར་པོ་ལ་སྐྱོན་བརྗོད་ན་ལས་རྒྱུ་འབྲས་དང་མི་མཐུན་པ་ཞིག་རེད།
ང་ཚོའི་བསམ་སྤྱོད་སྣ་གཅིག་ཅན་གྱི་ཁོར་ཡུག་ཁེར་རྐྱ་འདིའི་ནང་ཕོ་རོག་དཀར་པོ་མང་ཞིག་མཁོ། ཕོ་རོག་དཀར་པོ་དག གཤོག་རླབས་སྒྱུར་ཅིག གཤོག་རླབས་བསྒྱུར་ཏེ་སྟག་སྨྱོན་གྱི་མགོ་ནས་འཕུར་ཅིག གཤོག་རླབས་བསྒྱུར་ཏེ་པོ་ཏ་ལའི་རྩེ་ནས་འཕུར་ཅིག མགོན་པོ་ཕྱག་གཉིས་པས་ཕྱག་གཉིས་ཀྱིས་གཡབ་གཡོབ་བྱས་ནས་ཁྱེད་ཚོར་བསུ་བ་ཡོད་ལ། མགོན་པོ་ཕྱག་གཉིས་ཀྱིས་ཕྱག་གཉིས་ཐལ་མོ་སྦྱར་ནས་སྲོལ་རྒྱུན་ལ་གུས་བརྩི་ཡང་ཡོད། མགོན་པོ་ཕྱག་གཉིས་པའི་ཕྱག་གཉིས་པོ་དེ་རྒྱུ་མཚན་ཤེས་ནས་སྐྱོན་བརྗོད་བྱེད་མཁན་ཚོའི་ཕྱག་རོགས་ཡིན། མགོན་པོ་ཕྱག་གཉིས་པའི་ཕྱག་གཉིས་གནས་ཚུལ་མ་ཤེས་པར་སྐྱོན་བརྗོད་བྱེད་མཁན་དང་། ཕྱོགས་སུ་ལྷུང་ནས་སྐྱོན་བརྗོད་བྱེད་མཁན། བསམ་སྤྱོད་གང་ཞིག་སེམས་ནང་ལ་མ་ཤོང་བར་སྐྱོན་བརྗོད་བྱེད་མཁན་ཚོའི་འགྲམ་པར་འབྲབ་བྱེད་ཀྱི་ཕྱག་ལྩག་ཡིན།
ཕོ་རོག་དཀར་པོ་ལབ་ན་མ་ལབ་ན། གཙོ་བོ་སྤྱི་ཚོགས་གུ་ཡངས་པོ་ཡོད་མེད་དང་མི་མང་གི་བསམ་བློ་གཏོང་སྟངས་གུ་ཡངས་པོ་ཡོད་མེད་ལ་རེག་ལས་ཀྱི་ཡོད་པ་འདྲ།
མི་སྒེར་བ་ཚོའི་བསམ་བློ་གུ་ཡངས་པོ་ཡོད་ན། སྤྱི་ཚོགས་ཀྱི་བསམ་བློའི་ངོས་ཀྱང་ག་ལེར་གུ་ཡངས་པོ་ཆགས་ཡོང་གི་རེད། གུ་ཡངས་པོ་ཆགས་མིན་དེ་ཡང་སྨྲ་བརྗོད་རང་དབང་འདི་ལ་བརྩི་་བཀུར་དང་འདི་བེད་སྤྱོད་གཏོང་སྟངས་ཤིག་ལ་འབྲེལ་བ་ཡོད་བསམ།
རྡ་ལམ་ས་ལར་སྔོན་མ་ཕོ་རོག་དཀར་པོ་རེད་ཟེར་མཁན་དེ་ཚོ་དེང་སང་མི་མང་གི་མིག་ན་ཕོ་རོག་དཀར་པོ་མིན། སྔོན་མ་ཕོ་རོག་དཀར་པོ་མིན་མཁན་དེ་འདྲ་དེང་སང་མི་མང་གི་མིག་ནང་ལ་ཕོ་རོག་དཀར་པོ་ཆགས་ཡོང་གི་ཡོད།
གང་ལྟར། སྤྱི་ཚོགས་གུ་ཡངས་པོ་དགོས་རྒྱུ་འདི་ཧ་ཅང་གལ་ཆེན་པོ་རེད་འདུག་ག་
མདོར་ན། ཕོ་རོག་དཀར་པོ་ཆགས་མིན་དེ། དུས་ཚོད་དང་གནས་སྟངས་། སྤྱི་ཚོགས་གསུམ་ལ་རེག་ལས་འདུག་ག
དཔེར་ན། བོད་རང་བཙན་གཙང་མ་ཡིན་ཟེར་མཁན་ཚོའི་མིག་ལ་བོད་རང་བཙན་གཙང་མ་མ་རེད་ཟེར་མཁན་དེ་ཕོ་རོག་དཀར་པོ་ཆགས་ཀྱི་ཡོད་པ་རེད།
ངེད་ཀྱི་རྨོངས་འཆར་ལྟར་ན། ཕོ་རོག་དཀར་པ་ཡིན་འདྲ། ནག་པོ་ཡིན་ན་འདྲ། ཕོ་རོག་ཡིན་པའི་ངོ་བོ་དེ་མ་བརླགས་ན་འགྲིག
ཕོ་རོག་དཀར་པོ་ཟེར་བ་འདི་ངོ་མ་ཅི་འདྲའི་ཐ་སྙད་སྙིང་རྗེ་པོ་ཞིག་རེད་ཨང་། དེ་བཞིན་དུ་འཆལ་པོ་ཟེར་བའི་ཐ་སྙད་འདི་ཡང་སྙིང་རྗེ་བོ་དང་ཡིད་ངོར་འབབ་པ་ཞིག་རེད།
ལམ་ལུགས་སྲོལ་བྱེ་བྲག་པ་ཞིག་དང་ཁྲིམས་སྒྲིག་གཞི་ཡན་གར་བ་ཞིག་དང་མཐུན་མིན་གྱིས་དཔྱད་ན་ཐ་སྙད་འདི་ནི་ཀུན་དང་མི་མཐུན་པའི་ལོག་པ་ཞིག་རེད། དེ་ཙམ་ལ་བརྟེན་ནས་ ་་ཕོ་རོག་དཀར་པོ་་ དང་ ་་འཆལ་པོ་་ ལ་ ་་མིའི་རིགས་ཐ་ཤལ་བ་་ དང་ ་་བྱ་སྤྱོད་སྐྱུག་བྲོ་བོ་་ ཞེས་བཤད་ན་ཐལ་དྲགས་པ་དང་ངོས་ལེན་བྱེད་མི་ཐུབ་པ་ཞིག་རེད།
དོན་དངོས་སུ་ ་་འཆལ་པོ་་ ཟེར་བའི་ཐ་སྙད་འདིར་ངོས་གཞན་ཞིག་ནས་བལྟས་ན་འདི་ལ་རང་དབང་གི་གོ་དོན་ཡོད་པ་མ་ཟད་འཆར་ཡན་གྱི་གོ་དོན་ཡང་ཡོད་པ་རེད། པོ་ཏ་ལ་རུ་བཞུགས་དུས།། རིག་འཛིན་ཚངས་དབྱངས་རྒྱ་མཚོ།། ལྷ་ས་ཞོལ་དུ་སྡོད་དུས།། འཆལ་པོ་དང་བཟང་དབང་པོ།། ཞེས་པའི་འཆལ་པོའི་ཚིག་འདི་ཀེ་དོན་གྲུབ་ཀྱིས་ libertine ཞེས་བསྒྱུར་འདུག་པ་དོན་དང་མཐུན།
ཕོ་རོག་དཀར་པོ་ཚོ་ཡིན་ན་ཡང་འདྲ་འཆལ་པོ་ཚོ་ཡིན་ན་ཡང་འདྲ། ཁོ་ཚོའི་བསམ་སྤྱོད་མིའི་སྤྱི་ཚོགས་དང་མི་མཐུན་པ་ཙམ་ལས་མིའི་སྤྱི་ཚོགས་ལ་གནོད་པ་སྐྱེལ་མཁན་དེ་འདྲ་མིན་པ་རེད། ད་བར་གྱི་གསར་གཏོད་པ་དང་བསམ་བློ་བ་སོགས་མང་པོ་ཞིག་ཕོ་རོག་དཀར་པོ་དང་འཆལ་པོའི་རིགས་སུ་ཐེ་བ་ངས་ཡང་སྐྱར་བཤད་དགོས་པ་མི་འདུག
ཐ་མལ་མིན་པ་ཞིག་ལ་ཐ་མལ་བ་ཞེས་ཁ་ལ་གང་ཐེབས་ཀྱིས་ངན་སྨྲས་བྱེད་པ་དེ་ངོ་མ་ཐ་མལ་བ་རེད།
དྲ་གྲོགས་ཚོ། རྒྱ་རི་རིན་པོ་ཆེ་ཕོ་རོག་དཀར་པོ་རེད་དམ་མ་རེད།
དྲ་དཔོན་ལགས། ངའི་མིང་བོད་ཡིག་ནང་ལ་རིག་འབྱུང་དོན་གྲུབ་བཀྲ་ཤིས་རེད། རིག་ལྗོངས་དོན་གྲུབ་བཀྲ་ཤིས་མ་རེད།
དེ་དོན་མཁྱེན་པ་གནང་རོགས།
རིག་འབྱུང་ཡིན་ན་ཡིན། རིག་ལྗོངས་ཡིན་ན་ཡིན། ཁྱེད་རང་ལ་འབོད་བྱེད་ཀྱི་མིང་ཞིག་དགོས་པ་ལས་དོན་དེ་ཁྱེད་རང་ལ་ཐོབ་ཀྱི་མ་རེད། དེའི་སྟབས་ཀྱི་མིང་འབོད་སྟངས་ཤིག་ལ་ཡག་ཉེས་ཞེ་དྲགས་ཁྱད་པར་ཡོད་ནི་མ་རེད། དེ་ལས་དོན་ཡོད་པས་སྐད་ཆ་རེ་བཤད་རྒྱུ་ལས། རྒྱལ་བ་རིན་པོ་ཆེ་ཕོ་རོག་དཀར་པོ་རེད་དམ་ཟེར་ནས་དྲི་བ་བརྫིག་པོ་ཞིག་བཀོད་ཡོད་འདོག་མ་སྟོན། ཡར་བཤད་ས་ནས་མར་བཤད་མ་བྱེད། དེ་ལས་ཁྱེད་རང་གི་རྗེས་ཕྱོགས་དཔེ་འཇོག་བྱེད་ས་ཤེས་ཀི་བཅུགས་ན་ཡག་ས་རེད།
ཕོ་རོག་དཀར་པོ་ཙམ་མིན་པར་རིགས་རུས་དང་ཕོ་མོ། འབྱོར་ཕྱུག་བཅས་ཀྱི་ཁྱད་པར་མེད་པར་མི་སུ་འདྲ་ཞིག་ཡིན་རུང་། དེ་ལ་སྤྱི་ཚོགས་ཐོག་གི་མི་འདྲ་མིན་སྣ་ཚོགས་ཀྱིས་སྐད་ཆ་སྣ་ཚོགས་ཏེ། མཁས་པ་ཚོས་ “བདེན་བཤད” དང་ཡིག་རྨོངས་པ་ཚོས་ “རྨོངས་བཤད” སེར་པོ་ཚོས་ “སེར་བཤད” དང་དམར་པོ་ཚོས་ “དམར་བཤད” བརྒྱག་གི་རེད། ཕོ་རོག་དཀར་པོར་བསྟོད་འདོད་པ་ཚོས་བསྟོད་པ་ཐོངས། སྨད་འདོད་པ་ཚོས་སྨད་པ་ཐོངས། དེ་གཉིས་ཀྱི་བར་འདུག་ཚོས་ཕོ་རོག་དཀར་པོའི་སྐྱོན་ཡོན་གཉིས་ཀ་བཤད། སུས་སུ་ལའང་ཁ་ཚུམས་ཟེར་དབང་ཨེ་ཡོད་བསམ། སྤྱིར་བཏང་ཕོ་རོག་དཀར་པོ་ཚོར་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་པ་ལོ་རྒྱུས་སུ་གསལ། ཡིན་ནའང་ཕོ་རོག་དཀར་པོ་ཚོས་ཀྱང་ཁོང་ཚོར་མི་དགའ་མཁན་ཚོའི་སེམས་ཚོར་དང་སྐད་ཆ་ལ་གོ་ཤེས་མེད་པར། མཐའ་གཅིག་ཏུ་ཁྱད་གསོད་བྱེད་པ་དེ། སྲིད་དབང་སྒེར་སྤྱོད་པ་ཚོའི་བསམ་སྤྱོད་དང་ཁྱད་པར་ཆེ་བ་ཞིག་མཐོང་མ་སོང་། དེ་བས་བསྟོད་སྨད་གཉིས་ཀྱི་བར་ནས་སུ་ལའང་ཁ་དབང་ཆེ་ཆུང་གི་ཁྱད་པར་ཤོར་དགོས་དོན་མི་འདུག་བསམ།
ངེད་ཀྱིས་རྒྱ་རི་རིན་པོ་ཆེ་ལབ་ཡོད་མ་གཏོགས་རྒྱལ་བ་རིན་པོ་ཆེ་ལབ་མེད། ངེད་ཀྱི་མཆན་བུ་དེ་བསྐྱར་དུ་གཅིག་༸ཐྲྤཀློག་རོགས་གནང་། དེ་ངའི་རེ་བ་ཡིན།
གཞན་། ཁྱེད་ཀྱིས་ག་རེ་ལབ་ན་ལབ། ང་བསམ་བློ་གུ་ཡངས་པོ་ཡོད་མཁན་ཞིག་ཡིན། རིག་པས་རྗེས་འདེད་མཁན་ཞིག་ཡིན།
གཞན་ལ་དོན་མེད་དུ་དགག་བྱ་བྱེད་མཁན་ཞིག་མིན། ཡ་ད་དེ་ཙམ་བྱོས།
“མཁས་པས་གནམ་བསྟན་གྱང་། གླེན་པས་མཛུབ་རྩེར་ལྟ”ཟེར་བའི་དཔེ་ལྟར། ངས་འདིར་མི་རེ་གཉིས་ཀྱིས་རང་གི་ལས་དོན་ལ་མི་དམངས་ཀྱི་རྒྱབ་སྐྱོར་མེད་པའི་རྒྱུ་མཚན་རང་ཉིད་ལ་ཐུག་པ་ཁས་མི་ལེན་པར། ད་དུང་བོད་མིའི་སྤྱི་ཚོགས་གུ་དོག་དྲགས་པ་དང་བསམ་བློ་རྗེས་ལུས་རེད་ཟེར་ནས་སྐྱོན་བརྗོད་བྱེད་ཀྱིན་པ་བདེན་པ་མ་རེད་ཟེར་གྱི་ཡོད། ལས་ཀ་གང་འདྲ་ཞིག་ལས་ནའང་མི་དེ་ལ་ལས་ཀ་དེ་སྒྲུབ་ཐུབ་པའི་ཆ་རྐྱེན་ཚང་ཡོད་མེད་ལ་ལྟ་དགོས་པ་གལ་ཆེན་པོ་རེད། དེ་ནི་ལས་དོན་དེ་ཕུགས་བརྟན་དང་ལམ་ལྷོངས་ཡོང་མ་ཡོང་གི་རྨིང་རྡོ་རེད། དེའི་ཕྱིར་བོད་མིའི་སྤྱི་ཚོགས་ཀྱི་དགའ་མོས་དང་རྒྱབ་སྐྱོར་མེད་ཐབས་མེད་པའི་ལས་ཀ་ཞིག་བྱེད་ན། ངེས་པར་དུ་བོད་མིའི་སྤྱི་ཚོགས་ཀྱི་ཆེ་འཇོག་འོས་པའི་ཆ་རྐྱེན་ཚང་མི་ཞིག་གིས་ལས་དགོས་པ་གལ་ཆེན་པོ་མ་རེད་དམ། མི་སྒེར་སོ་སོ་འཆལ་པོ་འཆལ་མོ་གང་འདྲ་ཞིག་བྱེད་རྒྱུ་རང་དབང་རེད་ལ། བོད་པའི་སྤྱི་ཚོགས་ཀྱིས་དེ་ལ་དགའ་མོས་དང་རྒྱབ་སྐྱོར་བྱེད་མི་བྱེད་ཀྱང་བོད་མའི་སྤྱི་ཚོགས་རང་དབང་ཡིན་པ་ལས། རང་གི་འཆལ་སྤྱོད་སྣ་ཚོགས་དང་མི་གཞན་གྱི་མིག་ལ་མི་མཛེས་པ་མང་པོ་བྱས་རྐྱེན་སྤྱི་ཚོགས་ཐོག་དགའ་བསུ་དང་རྒྱབ་སྐྱོར་མེད་བཞིན་དུ་ད་དུང་ཁྱེད་ཚོས་ང་ལ་རྒྱབ་སྐྱོར་བྱེད་ཀྱི་མི་འདུག་པས་ལྐུག་པ་རེད་ཟེར་ནས་བཙན་གཏམ་བཤད་ན་སྣང་བ་འགྲོ་གི་མ་རེད་ལ་ལན་མེད་པར་ཁ་རོགས་འདུག་གི་མ་རེད། ཡང་མི་ལ་ལས་འཆལ་བོ་བྱེད་པ་དེ་མི་སྒེར་གྱི་གནད་དོན་ཞིག་རེད་ཟེར། འོ་ན་འཆལ་པོ་ལ་རྒྱབ་སྐྱོར་བྱེད་རྒྱུར་མི་དགའ་བ་བོད་མིའི་སྤྱི་ཚོགས་སྒེར་གྱི་གནད་དོན་ཞིག་ཏུ་བརྩི་ཆོག་པས། ཅི་ཕྱིར་མི་སྒེར་ཞིག་གིས་སྤྱི་ཚོགས་སྒེར་ཞིག་ལ་གུ་དོག་དྲགས་པ་དང་བསམ་བློ་དམའ་དྲགས་པ་ཞེས་སྐྱོན་བརྗོད་པ་རེད་དམ།་ “མ་ཤེས་ན་སྐྱོན་མེད། འོན་ཀྱང་ཤེས་ཀྱི་མེད་པ་མ་ཤེས་ན་ཚབས་ཆེ” འདིར་བསམ་བློ་ནན་ཙམ་ཐོངས།
མདོ་དོན་འཆལ་སྤྱོད་ལ་དགའ་མཁན་ཚོས་ཅི་འདོད་འཁྲབ་ཆོག་གི་རེད། འོན་ཀྱང་ངའི་སྤྱོད་པར་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་བྱེད་ཀྱི་མི་འདུག་པས་ཁྱེད་ཚོ་བསམ་བློ་གུ་དོག་དང་རྗེས་ལུས་རེད་ཟེར་ན་ཧམ་པ་རེད། ཧ་ལམ་བཙན་ཤེད་ཀྱིས་རང་ཉིད་ལ་རྒྱབ་སྐྱོར་བྱེད་དུ་འཇུག་རྩིས་མ་རེད་དམ། མཐའ་དོན་འཆལ་བོ་ཚོས་འཆལ་པོ་བྱེད་མི་ཆོག་ལབ་ཀྱི་མེད་པར་འཆོལ་པོ་ཚོས་སྤྱི་ཚོགས་ལ་མ་ཉེས་ཁ་གཡོག་བྱེད་བཞིན་པ་དྲང་བདེན་མ་རེད་ཟེར་བཞིན་པ་ཕྱག་གཉིས་ཀྱིས་ཡག་པོ་ཉན་རོགས། སྔ་རྒོལ་དང་ཕྱི་རྒོལ་མ་གོ་ས་མ་བརྗེ།
སྤྱི་ཚོགས་ལ་མ་ཉེས་ཁ་གཡོག་བྱས་ཡོད་ན་དེ་ངོ་མ་དྲང་བདེན་མ་རེད། ཐ་མལ་བའི་ལས་ཀ་བྱས་ཡོད་ན་དེ་ཡག་པོ་མ་རེད་ཅེས་ངས་ཉི་མ་དང་པོ་ནས་ལབ་ཚར་ཡོད། ཡིན་ན་ཡང་། ངས་ཁྱེད་རང་ལ་ཁོས་ཐ་མལ་བའི་ལས་ཀ་ག་རེ་བྱས་པ་རེད་ཅེས་དྲི་བ་དྲིས་པར་ཁྱོད་ཀྱིས་ཁུངས་སྐྱེལ་གང་ཡང་བྱས་མ་སོང་ང། རྒྱུ་མཚན་བཤད་རྒྱུ་མེད་པར་བོད་དོན་འཐབ་རྩོད་པ་ཞིག་ལ་ཁ་རུ་གང་ཡོང་ཡོང་གིས་ངན་བཤད་བྱེད་མཁན་དག་ནི་ངན་པ་ཀུན་གྱི་མཐར་ཐུག་པ་རེད། འདིར་སྐད་ཆ་བཤད་འདོད་ཡོད་ན་ཁྱེད་རང་གི་ལག་གི་སྨྱུག་གུ་ཐེབས་ཆག་དེའི་རྩེ་མོ་དྲང་པོ་བཟོ་རོགས་གནང་།
ངས་བལྟས་ན་གཞན་ལ་མམ་ཉེས་ཁ་གཡོག་ཁྱེད་རང་གིས་བྱེད་ཀྱི་འདུག
ཕྱག་གཉིས་ངས་ཁྱེད་ཀྱི་མཆན་དེ་ཀློག་ཚར། དེ་རིང་ཁྲག་ཤེད་མཐོ་དྲགས་ནས་བདེ་བོ་མི་འདུག་པས་སང་ཉིན་གནང་ཉིན་ལྷོད་ལ་བབ་ནས་གླེང་ཆོག ངས་གསལ་བཤད་ཅིག་བྱེད་རྒྱུ་ལྷག་ཡོད་འདུག དེ་མིན་དམིགས་བསལ་གྱི་འགལ་བ་མེད་ཚོད་འདུག ངས་ཁ་སང་དུས་བབ་ཀྱི་ངའི་ཟིན་བྲིས་ནང་བྲིས་ནང་བཀོད་པར་རྒྱུ་མཚན་ཆེ་སེ་ཡོད་ཀྱང་། ཁྱེད་ཕར་ལ་འགྲོ་ཐུབ་ཀྱི་མི་འདུག་ཟེར་བས་ངས་ཁ་བརྡ་ནང་སྤེལ་དགོས་བྱུང་རེད།
ཁྱོད་ཀྱི་མིང་ལ་ཡང་སྟག་སྨྱོན་བཏགས་འདུག་ག ཁྲག་ཤེད་ཏན་ཏན་མཐོན་པོ་ཡོད་པ་རེད། དེ་སེམས་ཅན་གྱི་ཤ་ཁྲག་ལ་ལོངས་སུ་སྤྱོད་རྒྱུ་མང་དྲགས་པའི་རྣམ་སྨིན་འཁོར་གྱི་ཡོད་པ་རེད། ཤ་དང་མངར་རིགས་ཉུང་དུ་ཐོངས། སྔོ་ཚོད་ཀྱི་རིགས་ཟ་རྒྱུ་མང་དུ་ཐོངས། ཆང་ཉུང་དུ་ཐོངས་ཟེར་ནས་བཤད་ན་འདོད་ཀྱང་མིད་པའི་མཚམས་ནས་མར་ཡོང་དཀའ་བས་སླར་ཆང་ཁམ་གང་དང་མཉམ་དུ་མིད་པ་ཡིན།
སེམས་རྣལ་དུ་ཕོབས། བསམ་བློ་གཅིག་ཏུ་གཏོད། དབུགས་ཀྱི་འབྱིན་རྔུབ་ལྷོད་ཅིང་རན་པར་གྱིས་ལ་གཟིམས་འཇགས་གནང་།
ཞལ་གཅིག་ཕྱག་གཉིས་ཅན་ཁྱེད་རང་ཡང་དམར་ཟས་ཟོས་ནས་མནར་སོན་པ་ཞིག་ཡིན་རྒྱུ་རེད། ཁྱེད་རང་གི་ག་དུས་ནས་སྔོ་ལྡུམ་པུ་ཟ་རྒྱུ་ཤེས་སོང་། ད་དུང་ལྡུམ་པུ་ཟོས་ན་སྟོབས་ཤུགས་ཆེ་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་དེ་ནི་དངོས་ནས་ཡ་མཚར་རེད།
ཕྱག་གཉིས་ཁྱེད་ལ་ལན་དགོས་ན་གོང་གི་མ་རྩོམ་ནང་ཕོ་རོག་དཀར་པོའི་གཞས་འཁྲབ་སྟངས་ཡོད་ན་མེད་ན་ཁ་གསལ་བྲིས་ཡོད་པས་དེ་ནས་ལན་ལེན་རོགས། དུས་བབ་ནང་ལ་ཤོག་ཟེར་ན་འགྲོ་ཐུབ་ཀྱི་མི་འདུག་ཟེར། ངོ་ནས་ཡིན་ན་དེ་རུ་གསལ་བོ་ཡོད་བསམ་སོང་། ཁྱེད་ལ་དགོས་པའི་ལན་ཆ་ཚང་བཏབ་ཚར་བ་འདྲ། གང་ལྟར་ཡིད་མ་ཚིམ་ན་ཡང་བསྐྱར་དུ་ཞིབ་ཙམ་འབྲི་ཆོག ཡང་བསྐྱར་འབྲི་མ་དགོས་པར་འཐུས་པ་ཡིན་ན་དགེ་བ་རེད། དེ་རིང་ཉོབ་ནས་འབྲི་འདོད་མི་འདུག་པས་རྗེས་མ་ཞིག་ལ་བཟི་མེད་དུས་འབྲི་ཆོག ད་རིང་ཁ་བརྡ་མང་པོ་མེད།
just for test!!!