ཆབ་མདོ་ངག་ཕུན།
སྔོན་གླེང་།
གུས་པའི་ལག་ཏུ་ཕྱག་དཔེ་སྣ་རིང་གསུམ་རག་སོང་ཞིང་། མགོ་ནས་མཇུག་བར་ཐེངས་གཅིག་བཀླགས་པ་དང་། ཕྱག་དཔེ་དཀོན་རིགས་རེད་འདུག་སྙམ་པ་དང་། མ་ཟད་གཟུངས་སྔགས་ཀློག་འདོན་བྱ་ཚུལ་འདི་ཉིད་གཟུངས་སྔགས་ཀློག་འདོན་ལ་སྦྱང་གོམས་མེད་པའི་གང་ཟག་ལས་དང་པོ་བ་རྣམས་ལ་ཤིན་ཏུ་ནས་མཁོ་བ་ཞིག་ཏུ་མཐོང་ལ། འདི་དག་ཀམ་པུ་ཊ་ནང་འཇུག་འགོད་ཀྱི་དེབ་གཟུགས་ཐོག་པར་འགྲེམས་ཐུབ་ཚེ་ཧ་ཅང་ཕན་ཐོགས་ཆེ་བར་མངོན། མཛད་པ་པོའི་རྣམ་ཐར་ཁག་གཅིག་དུང་དཀར་ཚིག་མཛོད་ལ་གཞི་བཞག་ནས་ཀློག་པ་པོར་ཕན་ཐོགས་འདྲ་ཡོང་ན་བསམ་སྟེ་བསྡུ་བསྒྲིགས་བྱས་ཡོད་པ་དང་། ཀློག་པ་པོ་རྣམས་ཀྱི་ཐེངས་གཅིག་གཟིགས་ཞིབ་ཡོད་པར་མཛོད། གཟུངས་སྔགས་ཀློག་འདོན་བྱུ་ཚུལ་འདི་ཉིད་“བཙུན་པ་ཀུན་བཤད་ཀྱི་མིང་དབྱངས་ཅན་གྲུབ་པའི་རྡོ་རྗེར་འབོད་པས་དངོས་པོ་ཞེས་པ་ཁྱི་ལོ་སྣོན་ཟླ་བ་དཀར་ཕྱོགས་རྫོགས་པ་གསུམ་པ་གསིལ་སྦྱིན་གྱི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་ཚེས་དགེ་བར་”ཞེས་གསལ་འདུག་པས་དེ་ལ་དོགས་སློང་ཞིག་ཀྱང་བྱས་ཡོད་ན་མཁྱེན་ལྡན་རྣམ་པས་གཟིགས་ཞིབ་ཡོང་བ་དང་། ནོར་འཁྲུལ་མཆིས་ཚེ་དེ་དོན་བཟོད་གསོལ་ཞུ་རྒྱུ་ལས་མ་འདས་པས་དེ་དོན་དགོངས་དབྱིངས་ཡོད་པ་དང་བཅས།
གཟུངས་སྔགས་ཀློག་འདོན་བྱ་ཚུལ་དང་དེའི་མཛད་པ་པོའི་རྣམ་ཐར།
དེ་ཡང་སྟོང་ལོ་སར་པ་ཚེས་སྐབས་འདིར་ང་ལ་དཔེ་ཆ་སྣ་རིང་ཞིག་རག་སོང་ཞིང་། ཕྱག་དཔེ་མགོ་ནས་མཇུག་པར་ཐེངས་བཀླགས་པས། དེ་ནི་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་གཟུངས་སྔགས་ཀྱི་ཀློག་འདོན་བྱ་ཚུལ་ཞིག་རེད་འདུག་པས་དཔེ་རྒྱུན་ཤིན་ཏུ་དཀོན་ཞིང་ལས་དང་པོ་བའི་གང་ཟག་ལ་མེད་དུ་མི་རུང་བའི་གཟུངས་སྔགས་ཀློག་འདོན་བྱ་ཚུལ་ཚིག་ཉུང་ལ་དོན་བསྡུས་པའི་ཚུལ་དུ་བཞུགས་པས་རྩ་ཆེན་ཞིག་ཏུ་མངོན་པས། ང་རང་ཧ་ཅང་དགའ་པོ་བྱུང་ལ་དོན་གཉེར་ཅན་རྣམས་ལ་ཕན་ཐོགས་ཧ་ཅང་ཆེ་བ་ཞིག་ཀྱང་མཐོང་། མཛད་པ་པོ་ཁོང་ནི་གཙང་གཡས་རུའི་བཀྲ་ཤིས་དགེ་འཕེལ་གླིང་གི་ཉེ་འབས་སྔོན་དུས་འཇད་ཅེས་པ་དང་། རྗེས་སུ་བཞད་ཅེས་པའི་ཡུལ་དུ་ཡབ་བཀྲ་ཤིས་དང་(དྷརྨ་བྷ་དྲའི་(༡༧༧༢-༡༨༥༡)གཅུང་ཡུམ་ཚེ་རིང་སྲི་ཆོད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ས་སྦྲུལ་ཕྱི་ལོ་(༡༨༠༩)ལོར་འཁྲུངས། ཁོང་ལ་བྱིས་དུས་མཚན་ལ་འཇམ་དབྱངས་རྡོ་རྗེ་ཞེས་གསོལ། དགུང་ལོ་ལྔ་པར་དྷརྨ་བྷ་དྲའི་དྲུང་ནས་ཀློག་བསླབས། དགུང་ལོ་དྲུག་ཙམ་ལ་སྦྱོར་ཀློག་བློ་འཛིན་སོགས་ལ་ཐོགས་མེད་དུ་གྱུར། དགུང་ལོ་བཅུ་གཉིས་ཐོག་བཀྲ་ཤིས་དགེ་འཕེལ་དགོན་དུ་ཕེབས་ཏེ་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་མདུན་དུ་སྐྲ་གཙུག་ཕུད་ཕུལ། མཚན་ལ་བློ་བཟང་ཆོས་འཕེལ་ཞེས་གསོལ། དགུང་ལོ་བཅུ་གཉིས་བར་དཀའ་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་མནོས།
དེ་ནས་བཟུང་སྟེ་རིམ་གྱིས་རྗེ་མི་ལའི་རྣམ་མགུར་(༡༠༤༠-༡༡༢༣)སོགས་གཞུང་མང་མཐར་ཕྱིན་པར་བྱས། དགུང་ལོ་བཅུ་དགུ་བར་བླ་མ་དྷརྨ་བྷ་དྲའི་ཞབས་ཞུ་མཛད། ཐ་སྙད་རིག་གནས་དང་མདོ་སྔགས་ཀྱི་གཞུང་རྒྱ་ཆེན་པོ་ཐོག་མ་སྦྱོང་མགོ་ཚུགས། དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་། སྒྲ་ཀཱ་ལ་པའི་རྒྱུགས་ཕུལ། བླ་མས་ཐུགས་ཧ་ཅང་དགྱེས་ནས་ལེགས་སོ་དང་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གསོལ་བ་མཛད་པ་དང་། རིམ་གྱི་རྗེ་བླ་མའི་དྲུང་ནས་ལུང་རིག་ལ་སོགས་བུམ་པ་གང་བྱོའི་ཚུལ་དུ་མཛད། དགུང་ལོ་རེ་གཅིག་པ་རབ་བྱུང་བཅོ་ལྔའི་ས་སྦྲུལ་ཕྱི་ལོ་ (༡༨༦༩) ལོར་དབུས་སུ་ཕེབས། དགོན་གནས་དང་། རྟེན་ཁྱད་འཕགས་རྣམས་ལ་ཕྱག་མཆོད་འབུལ་དང་། བླ་ཆེན་དབོན་ཆེན་ལ་དམ་པའི་ཆོས་ཀྱི་བདུད་རྩི་ཕུལ། མཁས་གྲུབ་གཉིས་ལྡན་མཚོན་པའི་སློབ་མ་གྲགས་ཆེན་ངག་དབང་ཚུལ་ཁྲིམས། སྒོ་མང་ལྷ་རམས་དགེ་འདུན་རྒྱ་མཚོ། བླ་མ་ཡེ་ཤེས་ཆོས་འཕེལ། སྨིན་གྲོལ་ནོ་མོན་ཧན། ཆབ་མདོ་འཕགས་པ་ལྷ། ཆུ་བཟང་ཧུ་ཐོག་ཐུ། བློ་བཟང་འཇིགས་མེད་སོགས་བླ་ཆེན་མཁས་པ་ཤིན་ཏུ་མང་། དགུང་ལོ་བདུན་ཅུ་དོན་དགུ་པ་རང་བྱུང་བཅོ་ལྔའི་མེ་ཕག་ཕྱི་ལོ་(༡༨༨༧)ལོར་སྐུ་གཤེགས། ཁོང་གིས་གཟུངས་སྔགས་ཀློག་འདོན་བྱུ་ཚུལ་འདི་ཉིད་“དངོས་པོ་ཞེས་པ་ཁྱི་ལོ་སྣོན་ཟླ་བ་དཀར་ཕྱོགས་རྫོགས་པ་གསུམ་པ་གསིལ་སྦྱིན་གྱི་དཀྱིལ་འཁོར་ཉ་ཡོངས་སུ་གང་བའི་ཚེས་དགེ་བར་”ཞེས་གསལ་འདུག་ཅིང་། དེ་འདྲ་ཡིན་ན་ཁོང་དགུང་ལོ་དྲུག་ལས་ཕེབས་མེད་ཅིང་། རྣམ་ཐར་ནང་ལ་དགུང་ལོ་དྲུག་ལ་ཕེབས་དུས་གཟུངས་སྔགས་སྦྱོར་ཀློག་བློ་འཛིན་སོགས་ལ་ཐོགས་མེད་དུ་གྱུར་གསལ་བ་ལས་གཟུངས་སྔགས་མཛད་སོགས་གང་ཡང་མི་གསལ། གཟུངས་སྔགས་ཀློག་འདོན་བྱ་ཚུལ་གྱི་མཇུག་བྱང་ལ་“ཐམས་ཅད་མཁྱེན་པའི་དྷརྨ་བྷ་དྲའི་དཔལ་བཟང་པོའི་དབོན་རིགས་སུ་གྱུར་ཅིང་གསུང་གི་བདུད་རྩི་ལ་ལོངས་སུ་སྤྱད་པའི་མཐུ་ལས་དབྱངས་ཅན་བྱཱཀ་ར་ནའི་ལེའུ་སུམ་ཅུ་སོ་གཉིས་ཡོངས་སུ་རྫོགས་པ་དང་། ཀ་ལཱ་པའི་ཡང་ལེའུ་ཕལ་ཆེ་བ་ལ་བག་ཆགས་ཕྲན་བུ་བཙུན་པ་ཀུན་བཤད་མིང་དབྱངས་ཅན་གྲུབ་པའི་རྡོ་རྗེར་འབོད་པས་”ཞེས་གསལ་བར་གཞིག་ཚེ་ཁོང་གི་བླ་མ་དྷརྨ་བྷ་དྲའི་དྲུང་ནས་གཞུང་བྱཱཀ་ར་ན་དང་། ཀ་ལཱ་པའི་གཞུང་བཅས་གསན་བཞེས་ཚར་དུས་གཟུངས་སྔགས་ཀློག་འདོན་བྱ་ཚུལ་འདི་ཉིད་མཛད་པ་ཞིག་ཡིན་ན་སྙམ། དེ་ཡིན་ཚེ་ཁོང་དགུང་ལོ་སོ་བཞི་ཡས་མས་ལ་གཟུངས་སྔགས་ཀློག་འདོན་བྱ་ཚུལ་འདི་ཉིད་མཛད་པ་ཡིན་ན་སྙམ། ཡང་ཁོང་གི་མཛད་རྣམ་ལས། “དགུང་ལོ་སོ་བཞི་པར་བླ་མའི་མདུན་དུ་སྙན་ངག་དང་། སྒྲ་ཀཱ་ལ་པའི་རྒྱུགས་ཕུལ། བླ་མས་ཐུགས་ཧ་ཅང་དགྱེས་ནས་ལེགས་སོ་དང་ཀུན་བཤད་ཀྱི་མིང་ལ་དབྱངས་ཅན་གྲུབ་པའི་རྡོ་རྗེ་ཞེས་གསོལ་བ་མཛད།” ཅེས་གསལ།
ལྷག་པར་ཁོང་ལ་བླ་མ་དགེ་སློང་ཡེ་ཤེས་དངོས་གྲུབ་ལགས་ནས་གཟུངས་སྔགས་ཀློག་ཅིང་འདོན་པ་དང་། བཟླས་བརྗོད་པ་སོགས་མང་ཡང་སྔགས་ཀྱི་ཀློག་ཚུལ་ལ་སྦྱངས་པ་གཏན་ནས་མེད་པས་ཀློག་རྒྱུན་ངན་པ་ཁོ་ནས་བྱུང་རྒྱལ་དུ་བྱེད་པ་མ་གཏོགས། སྔགས་ཚུལ་བཞིན་འདོན་པ་ཉི་མ་སྐར་མ་ལྟར་དཀོན་པར་བརྟེན། ཀློག་འདོན་དང་བཟླས་བརྗོད་ཇི་ཙམ་བྱས་ཀྱང་དོན་གྱི་འབྲས་བུ་ཇི་བཞིན་འབྱུང་དཀའ་བས། གཟུངས་སྔགས་ཀློག་འདོན་གྱི་གཞུང་ཞིག་མཛད་ཐུབ་ན་རང་གཞན་མང་པོར་ཕན་ཐོགས་ཤིན་ཏུ་ཆེ་བ་ཡོང་བ་འདུག་པས་ཁྱེད་ཀྱིས་ངེས་པར་གྱིས་ཤིག་ཅེས་ནན་ཆེན་པོས་ཡང་དང་ཡང་དུ་བསྐུལ་བ་བརྟེན་ནས་མཛད་པ་ཞིག་རེད་འདུག་པས། ལྷག་པར་གོང་དུ་ཞུས་ཟིན་ལྟར་གཟུངས་སྔགས་སྦྱངས་པ་མེད་མཁན་རྣམས་ཀྱི་གཟུངས་སྔགས་ཀློག་འདོན་བྱ་ཚུལ་འདི་ཉིད་ལ་ཐེངས་གཅིག་གཟིགས་ཚེ་གཅིག་ཤེས་ཀུན་གྲོལ་འགྱུར་བ་ནི་འགྲེལ་བརྗོད་མ་དགོས། དེ་སྔོན་བགྲེས་སོང་འགས་ངག་ནས་གཟུངས་སྔགས་དག་པོ་ཀློག་འདོན་མ་ཤེས་ཀྱང་བཟླས་བརྗོད་བྱས་པ་ཙམ་གྱིས་ཕན་ཡོན་ཡོད་རབས་གོ་ཐོས་མྱོང་ཡང་དེ་འདྲ་ཞིག་ཡིན་ས་མ་རེད་སྙམ་པ་བྱུང་། གོང་གི་གསུང་སྡོམ་དེ་ལས་ངེས་ཤེས་གཏན་པོ་ཞིག་རྙེད། ཡང་མཛད་དགོས་པའི་ཀུན་སློང་ནི་“བསྐུལ་བ་པོའི་གསུང་ངོ་མ་བཟློག་པ་དང་། རེ་གཉིས་ཀྱི་ཐུགས་ལ་བབས་ཏེ་ཉམས་སུ་བསྟར་ན་ཕན་ཐོགས་ཕྲན་བུ་འབྱུང་བ་ཡང་སྲིད་སྙམ་པའི་ལྷག་བསམ་གྱིས་ཀྱང་།” ཞེས་དང་། དེ་འདྲའི་དགོངས་པ་རླབས་ཆེན་ཞིག་བཞེས་ནས་མཛད་འདུག་ཅིང་ཀུན་གྱིས་དོན་གཉེར་གནང་ན་ཕན་ཐོགས་ཧ་ཅང་ཆེན་པོ་ཡོང་ངེས་སྙམ། དཔེ་མཚོན་ཙམ་ཞིག་བཀོད་ན། སྨན་བླའི་གཟུངས་རྒྱས་པ། ཨོཾ༑ (ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་གུ་རུ། ན་མོའོ་རྦ་ག་ཝ་ཏེའེ་རྦེ་ཨི་ཁ་ཛ་ཡེའེ་འགུ་རུ།) (བཻ་ཌཱུ་དྱ་པྲ་བྷ་རཱ་ཛཱ་ཡ༑ འབེ་ཨི་འདྲུ་འུར་ཡ་པར་རྦ་རའ་ཛའ་ཡ།) (ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༑ ཏ་ཐའ་གའ་ཏའ་ཡ་ཨར་ཧ་ཏེའེ་སམ་ཡག་སམ་འབུད་རྡའ་ཡ།) (ཏ་དྱ་ཐཱ༑ ཏད་ཡ་ཐཱ།) ཨོཾ༑ (བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ༑ རྦེ་ཨི་ཁ་ཛ་ཡེའེ་རྦེ་ཨི་ཁ་ཛ་ཡེའེ།) (མཧཱ་བྷཻ་ཥ་ཛྱེ༑ མ་ཧའ་རྦེ་ཤི་ཁ་ཛ་ཡེའི།) (བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ༑ རྦེ་ཨི་ཁ་ཛ་ཡེའེ་རའ་ཛའ་ས་མུད་འག་ཏེའེ།) སྭཱཧཱ༑ ཞེས་པ་ལྟར། སྣ་རིང་ལ་ཤོག་གྲངས་བོད་ཨང་ཉེར་བཞི་འདུག་པ་དང་།
སྔགས་ཀྱི་ཡི་གེའི་ཀློག་ཚུལ་དང་དེའི་མཛད་པ་པོའི་རྣམ་ཐར།
སྔགས་ཀྱི་ཡི་གེའི་ཀློག་ཚུལ་དངོས་བསྟན་པ་ཞེས་པའི་བོད་ཨང་ཤོག་གྲངས་གཉིས་དང་སྣ་རིང་ཞིག་ལག་གསོན་བྱུང་བས། དེ་ཡང་དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པ་རེད་འདུག་ན་ཧ་ཅང་རྩ་ཆེན་ཞིག་ཏུ་མངོན། དཔེར་ན། ན་མོ་མཉྫུ་གྷོ་ཥཱ་ཡ། སྔགས་ཀྱི་ཡི་གེའི་ངོ་བོ་དབྱངས་གསལ་ཏེ། །དང་པོ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་དང་། །རྀ་རཱྀ་ལྀ་ལཱྀ་ཨེ་ཨཱཻ་ཨོ་ཨཽ་དང་། །ཨཾ་ཨཱ༔རྣམས་ཀྱི་ཀློག་ཚུལ་འདི་ལྟ་སྟེ། །ཞེས་པ་ལྟར་རེད།
ལེགས་སྦྱར་སྨྲ་བའི་སྒྲོན་མེ་དང་དེའི་མཛད་པ་པོའི་རྣམ་ཐར།
འདི་ནི་དྷ་རྨ་བྷ་དྲས་མཛད་ཅིང་། དངུལ་ཆུ་དྷརྨ་བྷ་དྲའམ་བླ་མ་ཆོས་བཟང་མཆོག་ནི་གཙང་གཡས་རུའི་ཆ་རོང་སྟོད་ཕྱུག་མོའི་ཡུལ་དུ་ཡབ་བཀྲ་ཤིས་དཔལ་འབྱོར་དང་ཡུམ་འགྲོ་དཔལ་སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་འབྲུག་ལོ་ཕྱི་ལོ་ ༡༧༧༢ ལོར་སྐུ་འཁྲུངས། དགུང་ལོ་བཅུ་གཉིས་པར་སྐུ་ཞང་རྒན་པོ་ལྷ་བུ་ཞེས་པ་ལས་ཡི་གེ་འབྲི་ཀློག་སྦྱོང་བར་དབུ་ཚུགས། ཁོང་གི་ཁྱིམ་ནི་ཧ་ཅང་སྐྱོ་པོ་ཡིན་པས། ར་ལུག་གི་རྗེས་སུ་རྫི་བོར་བྱེད་ཞོར་རྡོ་ལེབ་འཇམ་དང་ས་གཞི་ངོས་སྙོམས་པོའི་སྟེང་ལ་ཡི་གེ་འབྲི་སྦྱོང་གིས་མཛུབ་རྩེ་ཐེངས་མང་བརྡོལ་ཀྱང་ད་དུང་ཨུ་ཚུགས་ཀྱིས་བརྩོན་པ་ལྷོད་མེད་དུ་མཛད་པས། ཡུན་མི་རིང་བར་དབུ་ཆེན་དང་དབུ་མེད་འབྲི་ཀློག་ལ་ཐོགས་པ་མེད་པར་གྱུར། དགུང་ལོ་བཅུ་པ་རབ་བྱུང་བཅུ་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ (༡༧༥༡ )ལོར་བཀྲ་ཤིས་དགེ་འཕེལ་གླིང་དུ་ཕེབས་ནས་སློབ་དཔོན་བློ་བཟང་རྒྱལ་མཚན་གྱི་སྐུ་དྲུང་དུ་དབུ་སྐྲའི་གཙུག་ཕུད་འབུལ་བཞེས་ཀྱིས་གྲྭ་བཙུན་མཛད། ཁོང་གི་མཚན་ལ་བློ་བཟང་ཚེ་རིང་ཞེས་གསོལ། ལོ་དེར་མཁས་ཆེན་ངག་དབང་རྗེའི་དྲུང་དུ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་བཞེས།
སྐབས་དེར་སྐུ་ཆས་ཤིན་ཏུ་ཞན་མོད་ཚོགས་པ་ནས་འགྱེད་ཆུང་རེ་རྙེད་ནའང་ཕྱག་དཔེ་བླུ་བ་སོགས་མཛད་ནས་རང་གི་འཚོ་བ་སྐྱོ་བོ་ཁོ་ནར་བསྟེན་པ་མཛད། དགུང་ལོ་བཅོ་བརྒྱད་ལ་ཕེབས་སྐབས་གཅེན་པོ་དུས་ལས་འདས་པ་དང་། དགུང་ལོ་བཅུ་དགུ་པའི་ཐོག་མ་ཡུམ་དང་སྲུ་མོ་གཉིས་ཀྱང་སྔར་རྗེས་འདས་གྲོངས་སུ་གྱུར། ཐུགས་ཤིན་ཏུ་སྐྱོ་སྟེ་དངུལ་ཆུ་རི་ཁྲོད་དུ་ཕེབས་ནས་སྒོམ་སྒྲུབ་ཉམས་ལེན་ཁོ་ནར་མཛད། ལོ་དེར་སློབ་དཔོན་ཡེ་ཤེས་དཔལ་གྲུབ་ཀྱི་དྲུང་ནས་དགེ་སློང་གི་སྡོམ་པ་མནོས། དགུང་ལོ་ཉེར་གཅིག་པར་བློ་བཟང་སྐལ་བཟང་ཆོས་རྒྱལ་སློབ་དཔོན་དུ་བསྟེན་ནས་བཀའ་ཆོས་མང་དུ་གསན། དགུང་ལོ་ཉེར་གཉིས་ཕེབས་སྐབས་བཀྲ་ལྷུན་དགོན་པར་ཕེབས་ནས་ལོ་ངོ་བཅུ་ཙམ་རིང་ལ་ཐེངས་མང་ཕེབས་ནས་སློབ་དཔོན་མཁས་ཆེན་མང་པོ་ལས་ཟབ་ལམ་ཆོས་དུ་མ་གསན། མཁས་པའི་མཚན་སྙན་ཀུན་ཏུ་ཁྱབ་པར་གྱུར། གཞུང་ལུགས་ཀྱང་མང་པོ་མཛད། སྐུ་ཚེ་ཧྲིལ་པོ་བསྟན་འགྲོའི་དོན་འབའ་ཞིག་མཛད་ནས་མཐར་དགུང་ལོ་བརྒྱད་ཅུ་ལ་ཕེབས་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག་ཕྱི་ལོ་ (༡༩༥༡)ལོར་དངུལ་ཆུ་རི་ཁྲོད་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ། ༑ སྭསྟེ་པྲ་ཛཱ་བྷྱ༔ སྟོབས་བཅུ་པ་དང་འཇམ་དབྱངས་དབྱངས་ཅན་མ། །མ་ཧཱ་ལོ་ཙཱ་ཆོས་སྐྱོང་བཟང་པོ་སོགས། །སྨྲ་མཆོག་ཡོངས་ལ་བཏུད་ནས་སཾ་སྐྲྀ་ཏ། །སྨྲ་བའི་མུན་སེལ་སྒྲོན་མེ་འདིར་སྦྱིན་བྱ། །ཞེས་དང་།
རིན་པོ་ཆེ་བརྟག་ཐབས་དང་དེའི་མཛད་པ་པོའི་རྣམ་ཐར།
རིན་པོ་ཆེ་བརྟག་ཐབས་མདོར་བསྡུར་ཉུང་གསལ་ཞེས་པའི་སྣ་རིང་ལ་བོད་ཨང་ཤོག་གྲངས་གསུམ་ཅན་ཞིག་ཀྱང་རག་སོང་། དེ་ནི་༸རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསུང་ཞིག་དགེ་སློང་ངག་དབང་བློ་བཟང་གིས་རྗེས་ཐོར་བྲིས་པ་ཞིག་རེད་འདུག་ཅིང་། རྒྱལ་བ་བསྐལ་བཟང་རྒྱ་མཚོ་ནི་ལྷོ་ཁ་འཕྱོངས་རྒྱས་འཕྱིང་དབར་སྟག་རྩེར་ཡབ་བདུད་འདུལ་རབ་བརྟན་དང་ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་པའི་མེ་སྦྲུལ་ཕྱི་ལོ་(༡༦༡༧)ལོར་སྐུ་འཁྲུངས། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་དང་དགའ་ལྡན་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གཉིས་ཀྱི་རྭ་སྒྲེང་གི་ཇོ་བོ་འཇམ་དཔལ་རྡོ་རྗེ་དང་ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ཟན་རིལ་བརྟག་པ་མཛད་པ་དང་། ཆོས་སྐྱོང་ཁག་གི་བཀའ་ལུང་རྣམས་གཅིག་མཐུན་བྱུང་བ་ལྟར་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོའི་ཡང་སྲིད་དུ་ངོས་འཛིན་ཞུས་ཀྱང་སྐབས་དེར་གཙང་པ་རྒྱལ་པོའི་སྟོབས་ཤུགས་ལ་བརྟེན་ནས་འབྲས་སྤུངས་ཕོ་བྲང་དུ་གདན་ཞུ་མ་ཐུབ་པར་ལོ་ཤས་ལུས། དགུང་ལོ་དགུ་པར་པཎ་ཆེན་རིན་པོ་ཆེས་སོགས་ཀྱི་མདུན་ནས་དགེ་ཚུལ་གྱི་བསླབ་སྡོམ་བཞེས། ཁྲི་ཆེན་དཀོན་མཆོག་ཆོས་འཕེལ་གྱི་དྲུང་ནས་གཞུང་ཆེན་བཀའ་པོད་ལྔ་ཡི་སློབ་ཁྲིད་ཆ་ཚང་གསན་པ་དང་། སྨོན་འགྲོ་འཇམ་དབྱངས་དབང་རྒྱལ་རྡོ་རྗེའི་དྲུང་ནས་སྒྲ་རིག་པ་དང་སྙན་ངག །ཁྱབ་བདག་དབང་ཕྱུག་རབ་བརྟན་གྱི་དྲུང་ནས་ས་སྐྱའི་ཆོས་སྐོར། འཁོན་སྟོན་དཔལ་འབྱོར་ལྷུན་གྲུབ་ཀྱི་དྲུང་ནས་གསང་སྔགས་རྙིང་མའི་ཆོས་སྐོར་སོགས་གསན་ཏེ་གྲུབ་མཐའ་རིས་མེད་དང་། རིག་གནས་སྐོར་ཡོངས་སུ་རྫོགས་པ་གསན་བསམ་སོགས་མཛད། དགུང་ལོ་ཉེར་དགུ་པ་ཤིང་བྱའི་ཕྱི་ལོ་(༡༦༤༥)ལོར་ཕོ་བྲང་པོ་ཏཱ་ལའི་ཕོ་བྲང་རྙིང་པའི་ཤུལ་སྔོན་ཡོད་ཀྱི་ཤར་ངོས་སུ་རྒྱ་བསྐྱེད་གནང་བ་མཛད་པ་སོགས་ཀྱི་རྒྱ་སོག་བོད་གསུམ་གྱི་ས་གནས་ཡོངས་ལ་མཚན་སྙན་གྱིས་ཡོངས་སུ་ཁྱབ་པ་དང་བསྟན་སྲིད་དོན་དུ་མཛད་པ་བསམ་གྱིས་མི་ཁྱབ་པ་མཛད་ཅིང་། མཐར་རབ་བྱུང་བཅུ་གཅིག་པའི་ཆུ་ཁྱི་ཕྱི་ལོ་ (༡༦༨༢) ལོར་སྐུ་གཤེགས།
དེ་ཡང་རིན་པོ་ཆེ་བརྟག་ཐབས་མདོར་བསྡུར་ཉུང་གསལ་ཞེས་པ་ནང་ལས། གཡུ་སྦྱང་གྲུ་དཀར་གྲུ་དམར་བར་གཡུ་དང་། །མཆིན་ཁ་ལ་སོགས་གཡུ་ལ་གཏོགས་ཙམ་ལྔ། །སུལ་མེད་དྲེག་མེད་གྲུ་དཀར་གྲུ་དམར་གཉིས། །ཟིལ་གནོན་གཡུ་སྤྱང་ནོར་བུ་སྦུག་ཅེས་གྲགས། །ཅེས་པ་ལ་སོགས་ནི་རྒྱལ་བ་བསྐལ་བཟང་རྒྱ་མཚོས་གསུང་ཞིང་དགེ་སློང་ངག་དབང་བློ་བཟང་གིས་རྗེས་ཐོར་བྲིས་པ་ཞིག་རེད་འདུག་པ་བཅས། གོང་གི་མཛད་རྣམ་དེ་དག་ནི་དུང་དཀར་ཚིག་མཛོད་ལ་གཞི་རྩར་བཞག་ནས་བསྡུ་བསྒྲིགས་བྱས་པས་དེ་དོན་དགོངས་འཇག་འཚལ།
ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡ ཉིན་མོར་རྫོགས་པར་བྱས་སོ།
ཨོཾ༑ ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་གུ་རུ། བཻ་ཌཱུ་དྱ་པྲ་བྷ་རཱ་ཛཱ་ཡ༑ ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ༑ ཏ་དྱ་ཐཱ༑
ཨོཾ༑ བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ༑ མཧཱ་བྷཻ་ཥ་ཛྱེ༑ བྷཻ་ཥ་ཛྱེ་རཱ་ཛཱ་ས་མུདྒ་ཏེ༑ སྭཱཧཱ༑
་
ཨོཾ༑ ན་མོའོ་རྦ་ག་ཝ་ཏེའེ་རྦེ་ཨི་ཁ་ཛ་ཡེའེ་འགུ་རུ། འབེ་ཨི་འདྲུ་འུར་ཡ་པར་རྦ་རའ་ཛའ་ཡ། ཏ་ཐའ་གའ་ཏའ་ཡ་ཨར་ཧ་ཏེའེ་སམ་ཡག་སམ་འབུད་རྡའ་ཡ། ཏད་ཡ་ཐཱ།
ཨོཾ༑ རྦེ་ཨི་ཁ་ཛ་ཡེའེ་རྦེ་ཨི་ཁ་ཛ་ཡེའེ། མ་ཧའ་རྦེ་ཤི་ཁ་ཛ་ཡེའི། རྦེ་ཨི་ཁ་ཛ་ཡེའེ་རའ་ཛའ་ས་མུད་འག་ཏེའེ། སྭཱཧཱ༑
བསྐལ་བཟང་རྒྱ་མཚོ་དང་བློ་བཟང་རྒྱ་མཚོ་གཉིས་ནོར་བ་འདྲ་འདུག
ཀློག་སྟངས་ད་རུང་འགྲིག་མི་འདུག
དེ་ཙམ་ཞིག་ཡིན་ས་རེད།
ཐེངས་ཞེས་པ་ལ་ཐང་ཞེས་འབྲི་ན། སྐྱོན་གང་འདུག་གམ།
ལེགས་སྦྱར་གྱི་སྐད་མཁྱེན་པའི་རྒྱ་གར་བ་སོགས་ཀྱིས་གཟུངས་སྔགས་འདི་སངས་རྒྱས་སྨན་བླའི་རེད་བཞག་ཅེས་ཤེས་པར་གཤམ་དུ་དབྱིན་ཡིག་ནང་གསལ་བ་ལྟར་བཟླས་དགོས། om namo bhagavate beshajya guru vaidurya prabha rajaya tathagataya arhate samyaksam buddhaya tadyatha om beshajya beshajya maha beshajya beshajya rajaya samudgate savage
ནོར་བཅོས་ savage ཞེས་པ་ savaha བཟླས་དགོས།