(༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དགུང་གྲངས་གྱ་ལྔ་ཕེབས་པའི་འཁྲུངས་སྐར་ལ་ཕུལ་བ།)
༡ མཚན་དཔེ་ཟླ་བའི་དཀྱིལ་འཁོར་རབ་རྫོགས་སྐུ།།
ཚངས་དབྱངས་དྲུག་ཅུའི་བསིལ་ཟེར་འཕྲོ་བའི་གསུང་།།
ཇི་སྙེད་མཁྱེན་པའི་ཟབ་བརླིང་རྒྱ་མཚོའི་ཐུགས།།
འཇིག་རྟེན་མགོན་པོའི་སྐུ་གསུང་ཐུགས་ལ་འདུད།།
༢ གནའ་དེང་མཁས་པའི་མཁྱེན་རྟོགས་གཅིག་སྤུངས་པ།།
ལྔ་བརྒྱའི་དུས་འདིར་བློ་བཟང་བསྟན་འཛིན་དཔལ།།
ཆོས་སྲིད་མཛད་འཕྲིན་ཉི་ཟླའི་གཟི་འོད་ཀྱིས།།
གངས་ལྗོངས་བསྟན་སྲིད་རྒྱལ་བའི་རྒྱལ་མཚན་བསྒྲེངས།།
༣ ས་སྟེང་རིགས་སྨྲའི་ཚོགས་རྣམས་དབང་བསྒྱུར་ཞིང་།།
དྲེགས་ལྡན་རྒོལ་བའི་དྲགས་པ་འཇོམས་མཛད་པའི།།
ལུང་རིགས་ཚད་མའི་གསུང་གི་གད་རྒྱངས་ཅན།།
གངས་ཅན་མཁས་པའི་གདོང་ལྔ་ཁྱེད་ལས་སུ།།
༤ མཐའ་བྲལ་རྒྱལ་བའི་ཐུགས་ཀྱི་མཁའ་དབྱིངས་ལས།།
གཉིས་སྨན་དབུ་ལམ་འོད་ཟེར་སྟོང་གི་བཅུད།།
དཔྱོད་ལྡན་གཞོན་ནུའི་ཀུ་མུད་བཞད་པའི་སར།།
སྩོལ་བའི་རྒྱུ་སྐར་བདག་པོ་ཁྱོད་ལས་སུ།།
༥ རྨོངས་འཐོམ་དུག་གིས་བསྐམས་པའི་ཁོར་ཡུག་ཏུ།།
ལུང་རིགས་གློག་ཞགས་འཁྱུག་པའི་སྐ་རགས་ཀྱིས།།
ལུགས་གཉིས་དོན་ལྡན་ཁྲིམས་ཀྱི་ཆུ་འཛིན་ལས།།
ལེགས་བཤད་ཆར་ཆུ་འབེབས་པ་ཁྱེད་ལས་སུ།།
༦ ཟབ་གསལ་བདེན་དོན་གསུང་གི་རྣོ་དབལ་དེ།།
ཐོགས་མེད་ལྗགས་རྩེར་འཁྱིལ་བའི་རླུང་ཤུགས་ཀྱིས།།
མ་རྟོགས་ལོག་སྨྲའི་ངག་སྒོ་སྡོམ་བྱེད་པའི།།
རྣམ་དཔྱོད་རིག་པའི་དཔའ་བོ་ཁྱེད་ལས་སུ།།
༧ རྒྱ་དང་འདྲེ་ཡིས་སེམས་རྒྱུད་བརླམས་པ་ཚོས།།
སྡུག་སྐད་བྲག་ཆར་བརྒྱབ་པའི་སྡིག་ལྟུང་ཀུན།།
བརྩེ་ཆེན་ཐུགས་སུ་འཛིན་པའི་སྙིང་རྗེ་ཅན།།
ཕྱག་ན་པདྨོའི་ཐུགས་སྲས་ཁྱེད་ལས་སུ།།
༨ རྒྱལ་བའི་ཐུགས་ཀྱི་དམ་བཅའི་ཅོད་པན་བཞི།།
སྡེབ་ལེགས་དབུ་ལ་གསོལ་བའི་མཛད་པ་ལས།།
བདག་ལྟའི་རྨོངས་བློའི་ཚོགས་ཀྱི་སྲོག་འཕྲོག་པའི།།
མཁས་མཆོག་རྐང་གཉིས་དབང་པོ་ཁྱེད་ལས་སུ།།
༩ བསྟན་སྲིད་དམར་ཕྱོགས་གཟའ་ཡི་ཁར་ཚུད་སྐབས།།
གྲུ་འཛིན་བདག་པོ་མི་ཡི་རྣམ་རོལ་བས།།
ཅི་གསུང་སྒོ་གསུམ་རྣལ་མའི་ཤར་བསྐྱོད་ཀྱིས།།
བསྟན་འགྲོའི་བདེ་ཐབས་བརྩོན་པ་ཁྱེད་ལས་སུ།།
༡༠ ༸བསྟན་འཛིན་རྒྱ་མཚོའི་ཆོས་སྲིད་གསུང་རབ་ཀྱི།།
དགོངས་དོན་ལེགས་པར་བཀྲལ་བའི་ཉིང་བཅུད་སྟོང་།།
སྤེལ་བའི་༸སྐྱབས་རྗེ་མཁས་དབང་ཟམ་གདོང་མཆོག །
མི་ཤིགས་རྡོ་རྗེ་སྐུ་ཡིས་དཔལ་ཐོབ་ཤོག །
གཡུ་སྒང་དགེ་འདུན་གྱིས།
༢༠༢༤ ཟླ་ ༡༡ ཚེས་ ༤ ཉིན།