ཨེ་མ་ཧོ།
ན་མོ་གུ་རུ་མ་ཧཱ་མུ་དྲ་ཡེ།
བཅུ་དྲུག་དགའ་མའི་ཕྱག་རྒྱ་མཛེས་མས།།
སྒེག་ཉམས་སྟོང་གི་གར་སྟབས་ངོམས་ཚེ།།
རྩ་རླུང་འཕྲུལ་གྱི་འདབ་བརྒྱའི་རྩེ་མོ།།
རྟེན་འབྲེལ་ཟབ་མོའི་མལ་ནས་བཞེངས་ཐལ།།
སྣང་བ་སྒྱུ་མའི་ལྷ་ཁང་ནང་དུ།།
བལྟས་དགོད་ཕྱག་རྒྱ་གློག་བཞིན་འཁྱུག་ནས།།
རོ་རྐྱང་འདུད་རྒྱ་ངང་གིས་གྲོལ་ཏེ།།
དབུ་ལམ་དཀར་པོའི་སྒོ་ཆེན་ཕྱེས་སོང་།།
སྒྱུ་རྩལ་དྲུག་ཅུའི་ནུས་མཐུ་བྱུང་བས།།
དཔེ་བྱད་བརྒྱད་ཅུའི་གེ་སར་ནོར་བུ།།
ཡན་ལག་བརྒྱད་པའི་བདུད་རྩིའི་ཐིགས་པ།།
མཁའ་ཀློང་འགྲོ་བའི་དབྱིངས་སུ་ཐིམས་སོང་།།
བསྐྱེད་རིམ་སྒོམ་པའི་སྟོང་གཟུགས་སྒྱུ་མར།།
རྫོགས་རིམ་ཟབ་མོས་ཉམས་སུ་མྱོང་བས།།
རྩ་རླུང་ཐིག་ལེའི་གསང་ཆེན་དམ་པ།།
རྫོགས་པ་ཆེན་པོའི་གཉུག་སེམས་ཡེ་ཤེས།།
བསྟན་འཛིན་རྒྱ་མཚོའི་མོས་གོམས་ཙམ་པོ།།
གཏེར་ཆེན་རྒྱ་མཚོའི་མཐོང་གོམས་ཅན་པོ།།
རིགས་བདག་བླ་མའི་རྡོ་རྗེ་འཆང་ཆེན།།
ཁོ་བོས་རྙེད་པ་རྨི་ལམ་མིན་ནམ།།
རྨི་ལམ་དབང་ཕྱུག་ཆང་གིས་བཟི་ནས།།
རྨི་ལམ་སྒྱུ་འཕྲུལ་བལྟད་མོ་མཐོང་ཚེ།།
གབ་སྦས་གསང་བའི་གཏེར་སྒོ་འགྱེད་པ།།
སྐལ་བཟང་སྐྱེས་བུའི་སྙིང་ནོར་ལགས་སོ།།
ཞེས་པ་འདི་ཡང་རབ་གནས་མེ་སྤྲེལ་སྣྲོན་ཟླའི་རྒྱལ་བ་གཉིས་པ་ཤྲྰིཿསྨྱོན་ཨེ་མ་ཧོས་མཁའ་འགྲོ་དམ་པ་འཇིགས་མེད་ཆོས་སྒྲོན་གྱི་ངོར་ཀུན་བཟང་ཆོས་གླིང་ནས་བགྱིས་པར་དགེའོ།། །།
རྒྱལ་གླུ་ཕྱོགས་ལས་རྣམ་རྒྱལ།།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།།
ཕྱོགས་དུས་རྒྱལ་ཀུན་སྤྱི་གཟུགས་ཀུན་བཟང་གི་ཁྱབ་བདག།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་ཡི་རྒྱལ་པོ།།
སྣང་སྲིད་ཟིལ་གནོན་གར་དབང་ལྷ་ཚོགས་ཀྱི་ཐུགས་རྗེ།།
སྐྱབས་གཅིག་བླ་མ་ཡིད་བཞིན་ནོར་བུ་ལ་འདུད་དོ།།
ཞི་དྲག་འཇམ་དཔལ་དཔའ་བོའི་ཐུགས་དམ་ཉིད་བསྐུལ་ཚེ།།
བདུད་སྲིན་གདོན་གཟུགས་ངན་པའི་ཀླ་ཀློ་ཡི་སྤྱོད་པ།།
གཞི་མེད་རྩ་ནས་བརླགས་པའི་གྲུབ་རྟགས་འདི་མཇལ་ཚེ།།
དཀར་ཕྱོགས་དགྲ་ལྷ་དགྱེས་པའི་རྒྱལ་དབྱངས་རང་འགུགས་སོ།།
རྒྱལ་ཀུན་ཕྲིན་ལས་བྱེད་པོ་སེང་ཆེན་གྱི་ཐུགས་རྗེ།།
ནག་ཕྱོགས་སྡུག་འདྲེའི་ཁ་གནོན་འདན་སྲས་ཀྱི་བཀའ་དྲིན།།
སྡེ་བཞིའི་དགེ་འདུན་འདུས་པའི་ཐུགས་སྨོན་ལ་བརྟེན་ནས།།
གདོན་གཟུགས་དམ་སྲིའི་གཡོ་འཕྲུལ་རྨང་མེད་དུ་བརླགས་སོང་།།
ཆོས་ཀྱི་དགའ་ཚལ་དམར་སེར་གུར་གུམ་གྱི་འོད་སྣང་།།
ནོར་འཛིན་ཡངས་པོའི་ཁྱོན་ཀུན་དགེ་ལེགས་ཀྱིས་ཁྱབ་པ།།
ངན་ཕྱོགས་གཤིན་འདྲེའི་སྙིང་ནད་དུག་ཚོགས་ལ་འདོད་ཀྱང་།།
ཆོས་སྨན་ཕན་བདེའི་ཕྲིན་ལས་ཕྱོགས་ཀུན་ལས་རྒྱལ་སོང་།།
ཆོས་ཀྱི་རྒྱལ་པོའི་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་སྐབས།།
ཆོས་མིན་ཚོགས་ཀྱང་ཆོས་བཞིན་སྤྱོད་པ་ཕྱོགས་ནས།།
ཆོས་ཀྱི་གྲོང་ཁྱེར་རྒྱལ་བའི་རྒྱལ་རྔ་ཡི་སྒྲ་སྙན།།
ཆོས་མཆེད་སྐལ་བཟང་དགྱེས་པའི་མཆོད་སྤྲིན་དུ་གྱུར་ཏོ།།
རྩ་བརྒྱུད་བླ་མའི་བྱིན་རླབས་སྤྲིན་ཆེན་གྱི་སྦྲང་ཆར།།
ཡི་དམ་ལྷ་ཚོགས་དངོས་གྲུབ་བདུད་རྩི་ཡི་སྨིན་གྲོལ།།
མཁའ་འགྲོ་རྒྱ་མཚོའི་ཕྱག་རྒྱའི་མཐུ་སྟོབས་ལ་བརྟེན་ནས།།
ཆོས་སྐྱོང་ཕྱོགས་ལས་རྣམ་པར་རྒྱལ་བ་ཉིད་རྒྱལ་ལོ།།
ཞེས་པ་འང་རབ་གནས་མེ་སྤྲེལ་སྨྲོན་ཟླའི་རྒྱལ་བ་དང་པོར་རྨི་ལམ་བཟང་པོའི་དགའ་སྣང་དང་འཕྲིན་བཟང་གི་རྐྱེན་ལས་གང་ཤར་དུ་རྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་ནས་ཨེ་མ་ཧོས་རྒྱལ་དབྱངས་གླུ་རུ་བླངས་པར་དགེའོ།། །།
ཨེ་མ་ཧོ་ངོ་ཚར་ཆེ་།།
སྦྱིན་རླབས་ཆེ་།
བཀྲིན་ཆེ་།
ཐུགས་རྗེ་ཆེ་།
ན་མོ་གུ་རུ་མ་ཧྰ་མུ་དྲ་ཡེ།། ཞེས་པ་དེ། ན་མོ་གུ་རུ་མ་ཧྰ་མུ་དྲཱ་ཡ།།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།། ཞེས་པ་དེ། ན་མོ་གུ་རུ་བུདྡྷ་ཛྙྰ་ནཱ་ཡ།།
་
བླ་མ་ཕྱག་རྒྱ་ཆེན་པོ་ལ་ཕྱག་འཚལ་ལོ། ཞེས་དང་། བླ་མ་སངས་རྒྱས་ཡེ་ཤེས་ལ་ཕྱག་འཚལ་ལོ། ཞེས་པ་ཕྱག་རྒྱ་དང་ཡེ་ཤེས་དག་གི་ལེགས་སྦྱར་སྐད་དོད། མུ་དྲ། ཛྙཱ་ན་ཡིན་འདུག སྒྲ་གཉིས་ཀ་མ་ནིང་རྟགས་ཅན་དང་། ན་མ་ས྄་ ལ་རྣམ་དབྱེ་བཞི་པའི་གཅིག་ཚིག་ཐོབ། དེ་ཡང་ཡི་གེ་སྡེ་པ་དག་གི་ཡི་གེ་གསུམ་པ་དང་བཞི་པ་དག་དང་། དྲོ་བའི་ཡི་གེ་དག་དང་། མཐར་གནས་ཡི་གེ་དག་གི་སྔོན་དུ། ན་མ་ས྄་ ཀྱི་ས་ཡིག་མེད་པར་སོང་། མ་ལ་སྲོག་ལྟ་བུར་ཡོད་ཨ་ཡིག་ཨོ་རུ་གྱུར་ཏེ། ན་མོ་ཞེས་གྲུབ། སྡེ་པ་དག་གི་ཡི་གེ་དང་པོ་དང་། གཉིས་པ་དག་རྗེས་སུ། ན་མ་ས྄་ ཀྱི་ས་ཡིག་རང་ཅག་ཏུ་གནས། དཔེར་ན། ན་མ་སྟེ། ཞེས་པ་ལྟ་བུ་སྟེ། ཚིག་འདི་ཐོས་མྱོང་མེད་པའི་བོད་མི་ཞིག་རྒྱ་གར་ན་མེད་སྙམ་པ་ལགས་སོ།
ནོར་འཁྲུལ་ཡོད་པ་རྣམས་ལ་ཞུས་དག་མཛོད། ༡༩༥༨ ལོར་བོད་གྲྭ་སར་ལོག་ནས་དཔེ་ཆ་ལྟ་རྩིས་ཡིན་ཀྱང་། ལོག་མ་ཐུབ་པར་ཝཱ་རཱ་ཎ་སཱིར་ལེགས་སྦྱར་སྐད་སྦྱོང་བར་སླེབས། ལོ་མང་སྦྱངས་ཀྱང་། རིག་པ་བརྟུལ་པས་ནང་གཅན་ཆུད་པ་ཞིག་མ་ཤེས་པ་ཡིན་ནོ།
རྒན་ལ་དྭགས་པ་ལགས། ཡོངས་སུ་ནང་དཔྱན་ཞེས་འབྲི་བཞིན་འདུག་ཡོད། ཁྱེད་ཀྱིས་ནང་གཅན་ཞེས་བྲིས་འདུག་པ་ཅི་ལགས།
༡༽ ནང་གཅན་མ་རེད། ༢༽ ནང་དཔྱན་མ་རེད། ནང་བྱན་རེད།
ནང་གཅན་ཞེས་པ་རྣམ་དཔྱོད་ཀྱིས་དབེན་པར་མཐོང་། ཡེ་ཤེས་ལེགས་ཀྱིས་ནང་དཔྱན་ཡང་ཇར་མན་པ་་ཞས་ཀེ་བོད་ཨིན་ཚིག་མཛོད་ན་མི་འདུག གཞན་དག་ན་ཡོད་མེད་མི་ཤེས། ཁྱུང་སེ་ལེགས་ཀྱིས་ནང་བྱན། ཞེས་པ་རྣམ་དཔྱོད་ཅན་གྱི་གཏམ་མོ། ལ་དྭགས་སུ། བྱན། ཞེས་པ་བཟའ་བཏུང་སྐོལ་བ་ལ་བྱན་ཟེར། བོད་སྐད་དུ། མ་བྱན། ཞེས་པ་ཡང་ཚིག་འདི་རང་ཡིན་པར་སེམས་སོ།
བྱན། ཞེས་པ་ལེགས་སྦྱར་གྱི། བྱཉྗ་ན། ཞེས་པ་ལས་བྱུང་བ་མ་ཡིན་སྙམ་པ་ཞིག་བྱུང་མྱོང་། གཡོ་སྐོལ་བྱས་པའི་ཚོད་མ་ཨོགས་ལ་བྱཉྗ་ན། ཟེར་བ་ཞིག་དྲན་ནོ།