ཚེ་རིང་སྐྱིད།
རྒྱ་གར་རྒྱལ་ས་ལྡི་ལིའི་ནུབ་ཕྱོགས་ཀྱི་མཐའ་རུ།།
ཆུ་བོ་ཡ་མ་ར་ནའི་འགྲམ་རྒྱུད་དུ་ཆགས་པའི།།
རིགས་མཐུན་སྤུན་ཟླས་གྲུབ་པའི་རི་གྲོང་དེའི་གཞུང་གི།
ང་ཡི་སྙིང་ཐུབ་དེ་ཚོ་ཡང་ཡང་དེ་དྲན་བྱུང༌།།
དུ་སྨུག་རླངས་སྤྲིན་འཐིབས་པའི་ཁང་ཆུང་དེའི་ནང་ནས།།
བུ་མོར་གཞན་ཡུལ་འགྲིམས་པར་གསོལ་སྟོན་དེ་བཤམས་དུས།།
ས་མཐའི་འཁྱམས་པོ་ང་ཚོའི་ལས་དབང་འདི་བསམ་ན།།
མིག་ཆུའི་ཕྲེང་ཐག་སྐྱེལ་མའི་གླུ་ཚིག་ཁྲོད་ཐིམ་སོང༌།།
གྱེས་ཁའི་གླུ་ཚིག་རེ་རེ་རྣ་ལམ་དུ་གྲགས་ན།།
མནན་ཡང་བཟོད་ཐབས་མེད་པའི་ན་ཟུག་ཅིག་འཕར་ཡོང༌།།
ནམ་མཇལ་ངེས་པ་མེད་པའི་འགྲོ་ལམ་འདི་སྒོམ་ན།།
བཤད་ཀྱང་རྫོགས་མཐའ་མེད་པའི་འཆར་ཡན་གྱིས་ཁེངས་སོང༌།།
ལྡི་ལི་གསར་བའི་རྒྱལ་སྤྱིའི་གནམ་ཐང་གི་མདུན་དུ།།
གྱེས་ཁའི་གདུང་བས་མནར་བའི་མི་ཚོགས་ཤིག་འཕྱུར་ལ།།
ཚེ་སྲོག་དམར་བོའི་གཤེད་མ་དུས་ཚོད་ཀྱི་ཐག་སྒྲས།།
ང་དང་བྱམས་པའི་ལག་ཟུང་དབང་མེད་དུ་དབྱེ་སོང༌།།
ང་དང་བྱམས་པ་བྲལ་བའི་སྐྱོ་སྣང་འདི་ཁུར་ཏེ།།
ཞེན་ཆགས་དམར་བོའི་བར་ནས་ཕྱི་མིག་ཅིག་ཤོར་སོང༌།།
ཆ་མེད་ཡུལ་དུ་འགྲོ་བའི་གོམ་ཁ་དེའི་བར་ནས།།
བྱམས་པར་འཁྲེང་སེམས་ཆེ་བའི་མཆི་མ་ཞིག་ལྷུང་སོང༌།།
འཁྲེང་ཞེན་ཕྱི་མིག་བྱམས་པའི་ངོ་གདོང་ནས་ལུས་སོང༌།།
སྐྱོ་བའི་མཆི་མ་བྱམས་པའི་བྲང་གཞི་ལ་ཟགས་སོང༌།།
དམ་བཅའ་རྡོ་ལ་བརྐོས་འདྲའི་དམིགས་འདུན་གྱི་ཆེད་དུ།།
བཟོད་མེད་གྱེས་གདུང་སེམས་ཀྱི་ལན་ཆགས་ལ་གྱུར་སོང༌།།
རྒྱུས་མེད་གྲོང་ཁྱེར་ཞིག་གི་གྲུ་ཟུར་ནས་ལངས་ཏེ།།
འབྲེལ་མེད་མི་ཚོགས་སྟུག་པོའི་རྔམས་ཁ་ལ་ལྟ་དུས།།
རིགས་མཐུན་ང་འདྲ་མེད་པའི་སྡུག་ཡུས་ཀྱི་མིག་ཆུ།།
ཡིད་མཐུན་བྱམས་པ་དྲན་པའི་བར་གསེང་ནས་ལྷུང་སོང༌།།
འདུ་འཛི་བྲེལ་བས་འདུར་བའི་སྲང་ལམ་གྱི་གཞུང་ན།།
ཚོར་བ་རྗེན་པར་མངོན་པའི་གཞོན་ནུའི་ཚོགས་མཐོང་དུས།།
མིག་ལ་མ་འཚམས་སེམས་སུ་འཚེར་སྣང་རེ་སྐྱེས་ཀྱང༌།།
བྱམས་པ་དྲན་ཚུལ་བསམ་ན་ཆེ་ཁག་རེ་འདོད་བྱུང༌།།
སྣ་ཚོགས་གློག་བཞུས་བརྒྱན་པའི་བྲོ་ཁང་གི་ནང་དུ།།
ཕན་ཚུན་དམ་དུ་འཁྱུད་པའི་སྙིང་གྲོགས་ཚོགས་མཐོང་དུས།།
ཧ་ཅང་ཐལ་ཆ་ཆེ་བའི་སྣང་བ་ཞིག་སླེབས་ཀྱང༌།།
མ་ཐུག་ཆུང་ལོ་བསམ་ན་བདེན་སྣང་རེ་སྐྱེས་སོང༌།།
ཟང་ཟིང་འུར་གྱིས་ཁེངས་པའི་ཆང་ཁང་གི་ནང་དུ།།
ཁ་ལྕེ་མཉམ་དུ་སྦྱོར་བའི་ཕོ་མོ་ཚོ་མཐོང་དུས།།
མི་ཚོགས་ཕྱི་ནང་མེད་པའི་འཁྲུལ་སྣང་རེ་སྐྱེས་ཀྱང༌།།
བྱམས་པ་དུང་ཚུལ་བསམ་ན་ལོས་ཡོན་རེ་བསམ་བྱུང༌།།
གུ་དོག་མཁྲེགས་འཛིན་རྒོད་པའི་སྤྱི་ཚོགས་དེའི་ཁྲོད་ནས།།
རླུང་ནག་འཚུབ་མ་ལྟ་བུའི་མི་ཁ་དེའི་གཞུང་ནས།།
རེ་ཞིག་རྒྱང་ལ་བཞུད་པ་འོས་མཚམས་སུ་འདོད་ཀྱང༌།།
བྱམས་པ་དྲན་ཚུལ་རྒོད་དུས་དོན་མེད་དུ་བསམ་བྱུང༌།།
ཆུང་ནས་རྨིས་པའི་རྨི་ལམ་སྙིང་རྗེ་དེའི་ཕྱིར་ཏུ།།
ཡུན་རིང་སེམས་སུ་ཉར་བའི་དམིགས་ཡུལ་དེའི་ཆེད་དུ།།
ཆ་མེད་རྒྱལ་ཁམས་འགྲིམས་པ་དོན་ཡོད་དུ་འདོད་ཀྱང༌།།
ཡིད་མཐུན་བྱམས་པ་དྲན་དུས་སུན་སྣང་གིས་ཁེངས་འགྲོ།
མིག་ཟུང་དབྱེ་མཚམས་བར་ན་ཡལ་མེད་དུ་གྱུར་བ།།
དུང་བའི་འཛུམ་གྱིས་ཁེངས་པའི་བྱམས་པ་ཡི་ཞལ་རས།།
གོམས་པའི་འདེགས་འཇོག་མཚམས་ན་བར་མེད་དུ་གྲགས་པ།།
སྐད་ངག་མགྲིན་དབྱངས་སྙན་པའི་བྱམས་པ་ཡི་གླུ་སྐད།།
མི་འགྱུར་མཛའ་སེམས་མཚོན་པའི་བདག་སྙིང་གི་དྲན་རྟེན།།
ཟུངས་ཁྲག་དམར་བོའི་སྲུབས་སུ་ཡལ་མེད་དུ་བྲིས་པའི།།
དམ་ཚིག་ཡིག་འབྲུ་སྔོན་པའི་མིག་ལམ་དུ་རྒྱུད་དུས།།
གཏམ་རྒྱུད་སྙིང་རྗེ་དེ་ཡི་མགོ་མཇུག་དེ་དྲན་བྱུང༌།།
མུན་ནག་ཁྲོམ་ར་འགྲིམ་པའི་ལས་དབང་འདིའི་ཟུར་དུ།།
བུ་མོའི་སྐྱོ་སྣང་ཟབ་མོ་ན་བུན་བཞིན་ཐིམ་སོང༌།།
ས་མཐར་ཁེར་རྐྱང་འཁྱམས་པའི་གོ་རིམ་འདིའི་གཞུང་ན།།
བརྩེ་བའི་ལན་ཆགས་ལྩི་མོ་རུམ་ཁ་རུ་ལུས་སོང༌།།
མ་དྲན་སྡོད་ཐབས་མེད་པའི་ངང་ཚུལ་འདི་བསམ་ན།།
དྲན་ཡང་མཇལ་རྒྱུ་མེད་པའི་སྐྱོ་སེམས་དེ་ཆེ་སོང༌།།
གདུང་བའི་མཆི་མ་འགོག་མེད་ངོ་གདོང་ལ་ལྷུང་དུས།།
སྙིང་སྡུག་བྱམས་པའི་ཞལ་རས་མིག་ཆུའི་ཁྲོད་ཐིམ་སོང༌།།
ཤེས་རིག་གླིང་དུ་འགྲིམས་རྒྱུའི་ཁྱེད་ཉིད་ཀྱི་ཆོད་སེམས།།
མི་རིང་མྱུར་ཏུ་འགྲུབ་པའི་རེ་སྨོན་གྱིས་ཁེངས་སོང༌།།
ནམ་ཞིག་རྨི་ལམ་ཁྲོད་ཀྱི་གྲོང་ཁྱེར་དེའི་གཞུང་ནས།།
ང་དང་བྱམས་པས་མཛེས་པའི་གཏམ་རྒྱུད་ཅིག་འབྲི་ཆོག།
སྤྱི་ལོ་༢༠༠༥ལོའི་༥བའི་ནང་ཡུ་རོབ་ཀྱི་གྲོང་ཁྱེར་ཞིག་ནས་བྲིས།
ཉིད་ཀྱི་རྩོམ་ཡིག་འདི་སྔོན་མ་གང་ཞིག་ནས་བཀླགས་མྱོང་། དེ་རིང་ཡང་ཐེངས་ཤིག་བལྟས་ནས་བུད་སོང་ང་།
ངོ་མ། དུང་སེམས་མཚོན་རྩོམ་ཡིག་ཞིག་རེད་ཡ། ཀློག་བཞིན་སེམས་སྐྱོ་ལ་ཁྱེད་ཀྱི་བྱམས་པ་དེ་ནི་བསོད་ནམས་ཅན་ཞིག་རེད་ཨང་སྙམ། བདེ་མོ།