ཀླུ་སྨྱོན་ཧེ་རུ་ཀ
—མདའ་ཚན་པ་མགོན་པོ་ཚེ་རིང་གི་འདས་མཆོད་དུ།
གྱ་ལྔའི་རྡ་སའི་རྒྱལ་ཡོངས་རྩོམ་རིག །
ཚོགས་ཐོག་དེ་ནས་ཁྱུག་ཙམ་ཐུག་ཅིང་། །
རྗེས་སུ་གཉན་ཆེན་ཐང་ལྷའི་ངོས་སུ། །
ཁྱེད་ཀྱིས་སྙན་རྩོམ་ཡག་པོ་བསྐུར་བྱུང་། །
དེ་རྗེས་ཁ་བརྡའི་དྲ་གྲོང་ཉུལ་དུས། །
མགོན་ཕྱག་མིང་ཅན་སྨྱུག་རྩེ་རྣོ་ཞིང་། །
གཏན་ཚིག་སྙན་ཆ་གཉིས་འཛོམས་པས། །
རྩོམ་དང་རྩོམ་མཆན་གང་མང་བྲིས་སོང་། །
ལོ་གཅིག་སྔོན་ལ་གྲོགས་པོའི་ངག་ལས། །
ཁྱེད་རང་བོད་ནས་ཚུར་འབྱོར་མ་ཐག །
གནམ་ཐང་དེ་ནས་བསྙུང་ཚུལ་བསྟན་ཅིང་། །
རིམ་བཞིན་སྡུག་ཏུ་ཕྱིན་ཚུལ་ཐོས་སོང་། །
ཉིན་འགའི་སྔོན་ལ་ངོ་དེབ་ནང་ནས། །
ཆབ་བྲག་ཕོ་ཉར་སྐད་ཆ་དྲིས་དུས། །
གསོན་པའི་རེ་བ་ཕྲ་ཚུལ་བརྗོད་པས། །
ཨ་ཧོ་དེ་ནི་མ་བཟང་བསམས་སོང་། །
དེ་རིང་ཞོགས་པར་ཁ་བརྡ་ཀློག་དུས། །
ཁྱེད་ཉིད་གཤེགས་པའི་གཏམ་ངན་མཐོང་བས། །
གློ་བུར་འཆི་བདག་རྒད་པོའི་གདོང་ལ། །
ཁུ་ཚུར་དྲག་པོས་ལན་འགའ་གཞུས་ཡིན། །
འདི་ལྟར་མི་རྟག་འཆི་བའི་ཞགས་ནག །
བོད་པ་ཤེས་ལྡན་རེ་རེར་བསྐོན་ནས། །
མི་མཐོང་ཕྱི་མའི་ཡུལ་དུ་འཁྲིད་དུས། །
སྙིང་གི་ཚལ་བ་རེ་རེ་གཤགས་འདྲ། །
གསོན་ཚེ་རྩོམ་མཆན་སྡིག་དམོད་ཆར་འབེབ། །
ཤི་ཚེ་འགྱོད་པ་བླུན་པོའི་ངང་ཚུལ། །
ཤི་གསོན་བྲལ་བའི་བདེ་བ་ཅན་དེར། །
གྲོགས་ཁྱེད་འོད་དཔག་མེད་ཀྱིས་འདྲེན་རོགས། །
ལུག་རྫི་ནོར་རྫི་ཚོང་པ་དགེ་རྒན། །
གྲྭ་པ་བླ་མ་རྐུན་མ་ཇག་པ། །
བོད་པ་སུ་ཡང་སྲོག་ལ་གཅེས་མོད། །
སྙན་ངག་མཁན་གྱི་སྲོག་འདིར་མི་དོ། །
སྙན་ངག་མཁན་གྱི་ཉི་མ་ནུབ་དུས། །
འཇིག་རྟེན་མུན་པའི་རྒྱལ་ཁམས་ཆེན་པོར། །
གསོན་པའི་རེ་བ་ཕྲ་མོ་ཞིག་ནི། །
སྙན་ངག་མཁན་ཚོའི་ཤུལ་བཞག་རྩོམ་ཡིག །
རི་བོ་སྒང་དྲུག་ཐོལ་གྱིས་གཤགས་ཤིང་། །
ཧི་མ་ལ་ཡ་འཕྲེད་ཀྱིས་བརྒལ་བའི། །
སྙན་ངག་མཁན་པོའི་ཞབས་རྗེས་རེ་རེ། །
གསེར་གྱིས་བྲིས་པའི་སྙན་ངག་ཡིན་ནོ། །
ཤུལ་དུ་ལུས་པའི་མཛའ་མོ་སྙིང་རྗེ། །
གློ་བུར་བསྐྱུར་བའི་ཕྲུ་གུ་ཤ་ཚ། །
རྒྱང་ནས་བཞག་པའི་གྲོགས་པོ་སེམས་སྐྱོ། །
སྲིད་པའི་འཁོར་ལོ་འཁོར་སྟངས་འདི་རེད། །
འཆི་བདག་རྒན་པོ་སེམས་ནག་གན་གིས། །
སྡིག་ཅན་མི་ཡིས་ས་སྟེང་གང་དུས། །
སྙན་ངག་དབྱངས་ཅན་པི་ཝང་ཐོགས་པའི། །
མི་བུ་འདི་ཚོ་རིག་ས་མེད་དོ། །
ཀྱེ་མ་ད་ནི་ཁོ་ཐག་ཆད་དོ། །
གྲོགས་པོ་ཁྱེད་ལ་སྐྱེལ་མ་བྱེད་ཆེད། །
འབྲི་མར་སེར་པོའི་མཆོད་མེ་སྦར་ཡོད། །
མིག་ཆུས་བརླན་པའི་སྙན་ངག་བྲིས་ཡོད། །
སྐྱེ་བ་རྗེས་མར་དག་དང་མ་དག །
ཞིང་ཁམས་གང་ནས་ལྷན་ཅིག་འཛོམས་དུས། །
རྡ་སའི་གྲོང་ནས་འཕྲད་པ་ཇི་བཞིན། །
མཛེས་སྡུག་སྙན་ངག་མཉམ་དུ་འབྲི་འོ། །
སྙན་ངག་པས་སྙན་ངག་པར་མཆི་མ་བྱོ་དུས། ཁོང་གི་སྙན་ངག་གི་ཆུ་ཐིགས་འདི་ཡང་འདིར་གཏོར་བར་རིགས་སོ།
སྙན་ངག
སྙན་ངག ངའི་ཡ་ཁོག་ན་ལྷོག་ལྷོག་ལྡིང་བཞིན་པའི་སྙིང་གི་འཕར་སྒྲ་ཡིན།
སྙན་ངག མོའི་རྩ་ལམ་ན་དལ་མེད་རྒྱུགས་བཞིན་པའི་ཟུངས་ཁྲག་ཁོལ་མ་རེད།
སྙན་ངག ཁྱེད་ཀྱི་ཁ་སྣ་ནས་ཐོལ་ཐོལ་གཏོང་བཞིན་པའི་དབུགས་ཀྱི་འབྱིན་རྔུབ་རེད།
སྙན་ངག ང་ཚོའི་ནང་གི་དུངས་བ་གསལ་བྱེད་ཡ་ཐོད་ཀྱི་སྤྱན་མིག་རེད།
སྙན་ངག ཨ་མའི་སེམས་གཅོང་གི་ན་ཚ་གསོ་བྱེད་རིན་ཆེན་རིལ་བུ་རེད།
སྙན་ངག གསར་སྐྱེས་ཀྱི་གཞོན་ནུ་ཚོའི་མི་ཚེའི་གསོན་ཤུགས་རེད།
སྙན་ངག དུས་ཚོད་ཀྱིས་རྒས་རྒྱུ་མེད་པའི་གནའ་བོའི་གླུ་གཞས་རེད།
སྙན་ངག དགྲ་ལ་ཐུག་ན་རྣོན་པོའི་མཚོན་ཆ་ཡིན།
སྙན་ངག གྲོགས་ལ་ཐུག་ན་སྒྱུ་རྩལ་གྱི་ལག་རྟགས་ཡིན།
སྙན་ངག མཛའ་མོར་ཐུག་ན་བཅོས་མེད་ཀྱི་བརྩེ་དུངས་ཡིན།
སྙན་ངག བླ་མར་མཇལ་ན་དད་མོས་ཀྱི་འདོན་དབྱངས་ཡིན།
སྙན་ངག བལྟས་ན་མིག་དབང་འཕྲོག་པའི་མཛེས་མ་ཞིག
སྙན་ངག ཉན་ན་སྙན་དབང་གསོ་བའི་གཞས་མ་ཞིག
སྙན་ངག མྱངས་ན་སྒྱུ་རྩལ་རྫོགས་པའི་གཡེམ་མ་ཞིག
སྙན་ངག བསྣམས་ན་པད་མ་ཅན་བཞིན་ཞིམ་པ་ཞིག
སྙན་ངག རེག་ན་འདོད་པ་ཉམས་སུ་མྱོངས་འདྲ་ཞིག
སྙན་ངག བུ་མོ་གཅེར་རུ་ལྟ་བུའི་མཛེས་པ་ཞིག
སྙན་ངག གཅེར་རུའི་ནུ་མ་ལྟ་བུའི་འབུར་བྲིས་ཤིག
སྙན་ངག འབུར་བྲིས་འབུར་འབུར་འགུལ་རྒྱུ་ཡོད་པ་ཞིག
༢ སྙན་ངག་མེད་ན།
སྙན་ངག་མེད་ན་རྣམ་འགྱུར་མེད་པའི་ངོ་གདོང་འདྲ།།
སྙན་ངག་མེད་ན་སྲོག་གིས་མ་བཟུང་བེམ་རོ་འདྲ།།
སྙན་ངག་མེད་ན་སྐྱེ་དངོས་མེད་པའི་བྱེ་ཐང་འདྲ།།
སྙན་ངག་མེད་ན་བྱེ་ཐང་ནང་གི་རྔ་མོང་འདྲ།།
སྙན་ངག་མེད་ན་བྲོ་བ་མེད་པའི་ཟ་མ་འདྲ།།
སྙན་ངག་མེད་ན་དབྱངས་རྟ་མེད་པའི་འཚོ་བ་འདྲ།།
སྙན་ངག་མེད་ན་དགའ་རོགས་མེད་པའི་མི་ཧྲེང་འདྲ།།
སྙན་ངག་མེད་ན་གོ་རྒས་བུ་མོ་གོ་མེད་འདྲ།།
སྙན་ངག་མེད་ན་སེའུ་བཅུ་བའི་ངག་དང་འདྲ།།
སྙན་ངག་མེད་ན་མི་རྒན་འཆོལ་བའི་འཆོལ་གཏམ་འདྲ།།
སྙན་ངག་མེད་ན་སྒྱུ་རྩལ་མེད་པ་ཡིན།།
སྒྱུ་རྩལ་་མེད་ན་གང་ཡང་མེད་པ་ཡིན།།
སྙན་ངག་མེད་ན་ཡིད་སེམས་སྟོང་པ་ཡིན།།
ཡིད་སེམས་སྟོང་ན་འཇིག་རྟེན་སྟོང་པ་ཡིན།
སྙན་ངག་མཁན་གྱི་མཚན་སྙན་བཟུང་བ་འགར།
སྙན་ངག་ལྷ་མོའི་རིན་ཐང་མ་ཤེས་མང།
སྙན་ངག་ལྷ་མོར་དུངས་ཚུལ་ཐུན་མིན་འདིས།
སྙན་ངག་བྱིན་རླབས་ཞུགས་མིན་ཐེ་ཚོམ་ཅི།
ཨོཾ་མཎི་པདྨེ་ཧཱུཾ། དམ་པ་ཁོང་ལ་མྱ་ངན་ཞུ།
ཀླུ་སྨྱོན་པས་སྙན་ངག་པ་ཞིག་གི་ངོས་ནས་འདི་ལྟར་རང་བཞིན་ལྷུག་བརྗོད་ཀྱིས་འདས་མཆོད་སྒྲུབ་རོགས་གནང་བར་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ་དང་འབྲེལ། རྒྱུས་ཡོད་དང་འབྲེལ་ཡོད་གཞན་དག་གིས་ཀྱང་ཆ་ཤས་རེ་ཁ་སྐོང་རྒྱུ་ཐུགས་འགས་འཚལ།
སྙན་དངགས་པ་ཞིག་ཕྱིན་སོང་ན།
སེམས་པ་དེ་འདྲ་སྐྱོ་དོན་མེད།
གྲྭ་བ་དགེ་བཤེས་ལོག་སོང་ན།
ང་ཡི་སེམས་པ་ཤིན་ཏུ་སྐྱོ།
སོ་ཇ་སློབ་གྲྭར་ངོ་ཐུག་བྱུང་བའི་།
རྡ་སའི་དཔེ་མཛོད་ཁྱིམ་མཚེས་གྲོགས་པོ།
སྙིང་ཉེའི་གྲོགས་ཀྱི་སྤུན་ཟླ་རྒན་པ།
དེ་རེང་མི་ཡུལ་བྲལ་བ་གོ་དུས།
ས་མཐའ་འདི་ནས་མར་མེའི་ལམ་གྲོ།
མ་ཎི་ཡིག་དྲུག་དང་བཅས་བསྐུར་ཡོད།
མདའ་ཚན་པ་ཞེས་གོ་མྱོང་ཙམ་ལས། །
མི་ཆུང་ཁོ་བོར་ཆ་རྒྱུས་མེད་ཀྱང་། །
དེ་རིང་ཞོགས་ཀ་ཁ་བརྡར་ཉུལ་དུས། །
གཏམ་ངན་རྩོམ་ཞིག་མིག་ལ་ལྷུང་བྱུང་། །
གཏུམ་དྲག་ཆེ་བའི་གཤིན་རྗེའི་ཕོ་ཉའི། །
རྩུབ་མོའི་ཐག་ནག་སྐེ་ལ་ལྷུང་ན། །
དབང་ཡོད་དབང་མེད་སུ་དང་གང་གིས། །
བསྒྱུར་དུ་མེད་པ་འཇིག་རྟེན་ཆོས་ཉིད། །
མདའ་ཚན་པ་ཡི་སོར་མོའི་གཞུར་ལས། །
ཁ་ལ་འཕྱོ་བའི་མདའ་མོའི་རྗེས་ཤུལ། །
གསོན་དུས་བྲིས་པའི་རྩོམ་ཡིག་ཡིན་ན། །
འབྲེལ་ཡོད་ཚོགས་ཀྱིས་ཕྱོགས་བསྡུར་གནང་རོགས། །
གསོན་པའི་དུས་ན་ཆ་མེད་རྒྱུས་མེད། །
འདས་པའི་ཚེ་ན་གྲོགས་པོ་ཡིན་མདོག །
དེང་གི་མི་ཡི་གཤིས་ཀ་འདི་ལ། །
མི་མངོན་དབྱིངས་ནས་སྐྱོ་བ་མ་གནང་། །
ཕྱི་མའི་འཕྲང་ལམ་ཁེར་རྒྱུ་བྱེད་དུས། །
རྗེ་བཙུན་སྒྲོལ་མས་སྡོངས་གྲོགས་མཛོད་ཅིག །
རྒྱུས་མེད་ཞིང་ཁམས་གང་དུ་སྐྱེས་ཀྱང་། །
ནད་མེད་ཚེ་ཐག་རིང་བའི་སྨོན་ལམ། །
སྙན་ངག་པ་ཞིག་ཡིན་ཚོད་འདུག་ཅིང་། །
ལོ་རྒྱུས་ལ་ཡང་དོ་སྣང་ཡོད་ཚོད། །
རང་གི་རིགས་ལ་དུངས་པ་ཆེ་སྐད། །
མི་བུ་རང་ཚུགས་ཅན་ཞིག་ཡིན་ཚོད། །
ཚིག་བཅད་རྗེས་མ་བོ་འདི་གཙང་སྤྱོད་ནང་དུ་གཡུག་རོགས་་ཁ་དྲོ་་་བཀྲིས།
རྒན་མདའ་ཚན་པ་སྐུ་ཚེ་མ་ཟིན་པར་མྱ་ངན་གུས་བཏུས་དང་འབྲེལ་དལ་བརྟེན་རིམ་བརྒྱུད་ཀྱི་བླ་མེད་རྗོགས་བྱང་མྱུར་དུ་འཐོབ་པའི་བསྔོ་སྨོན་འདེབས།
གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།
འདེགས་པའི་སྲིད་ཞུར་གཏོགས་པའི་སྐྱེ་བོ་ཀུན།
ལྷག་བསམ་རྣམ་དག་དཔུང་པ་རབ་བརྟན་ཅིང་།
སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུངས་ཤོག།
ཨ་ཧོ་ཁ་བརྡ་ཚང་གི་དྲ་རྒྱ་ཉུལ་སྐབས།།
ཧ་ཅང་སེམས་པ་སྐྱོ་པའི་གཏམ་འདི་ཐོས་བྱུང་།།
ཨ་ཁུ་ཀླུ་སྨྱོན་ཆབ་བྲག་ཕོ་ཉ་གཉི་ཀས།།
ཧ་ལམ་མཚུངས་པའི་སྙན་ངག་ལྷུག་པོར་བྲིས་འདུག།
ཨ་རིག་ཡུལ་ནས་སྐྱེས་པའི་བླུན་པོ་ངས་ཀྱང་།།
ཧ་བོ་ཟེར་བ་ཕ་ཡུལ་གཅིག་པས་སྟབས་ཡིན།།
ས་ཆེན་དབང་དུ་བསྡུས་པའི་བོད་ཀྱི་ལྷ་ཚོགས།།
ཤ་ཁྲག་ཧུབ་ཀྱིས་མིད་པའི་གཤིན་རྗེ་རྒྱལ་པོ།།
ལས་འབྲས་གཙུགས་ཏུ་བཀུར་བའི་ཉམས་ཆུང་མི་ཡི།།
རང་སྲོག་གློ་བར་འཕྲོག་པའི་ཚུལ་འདིས་ཅི་ཉེས།།
ཡར་མར་ཡུལ་ཕྱོགས་ཀུན་གྱི་ཕུ་ནུ་དཀྲུགས་ཤིང་།།
འ་ཅག་བོད་ཀྱི་དོན་ཆེན་དགྲ་ལ་བཙོང་བའི།།
ཟ་འདྲེ་རྒྱ་དམར་་གཤེད་མའི་རང་གཟུགས་ཅན་ཚོ།།
ཞགས་གཅིག་ན་རྒྱུ་མེད་པའི་ཚུལ་འདི་མཚར་རོ།།
ཝ་མོའི་གཡོ་ཐབས་འཕྲུལ་ལ་མི་ཚེ་གཟད་ཅིང་།།
ཛ་ཡི་བསྟན་དོན་ཡང་དག་ལྡོག་སྒྲུབ་མཁན་ཚོར །།
ཚར་གཅོད་ལས་ཀྱི་དམ་ཚིག་ཐོད་དུ་བཅིངས་བའི།།
ཙཱམུཊི་སོགས་ད་ལྟ་གང་ན་ཡོད་དམ།།
མ་དང་མཁའ་འགྲོའི་ཚོགས་ལ་ནུས་མཐུ་ཡོད་ན།།
བར་དོའི་མུ་ནག་ཁམས་སུ་ཁ་སང་སླེབས་ཤིང་།།
ཕར་ཕྱོགས་གཤིན་རྗེའི་ཡུལ་ལ་རྒྱུས་མངའ་མེད་པའི།།
པ་པོར་ཞེན་ཆགས་ཅན་དེར་མགོན་སྐྱབས་མཛོད་ཅིག།
ནད་བདག་བཙན་པོས་འཕྲུལ་ཞག་སྐེ་ལ་བསྐོན་ཀྱང་།།
ད་ལྟའི་བར་དུ་མི་ཚེ་སྙུ་གུར་བསྟིམས་ཏེ།།
ཐ་མའི་ཁ་ཆེམས་ཁ་སང་འཇོག་པའི་སྐབས་ལ།།
ཏ་ཐ་གཱཏིའི་སྒོམ་སྒྲུབ་གནང་སྐད་འདུག་གོ།།
ཉམས་ཆུང་ཕ་ལོས་གསོས་པའི་བུ་ཕྲུག་གཉིས་དང་།།
ཇ་ཆང་རྩེད་འཇོས་འཚར་བའི་ཚེ་གཅིག་ཆུང་མ།།
ཆགས་ཞེན་གཞན་ལས་ལྷག་པའི་ནང་མི་སྤུན་ཟླར།།
ཅང་མེད་རྒན་པོ་ངས་ཀྱང་མྱ་ངན་ཞུ་འོ།།
ང་གཉིས་མི་ཚེར་མཇལ་འཕྲད་གཏམ་གླེང་མེད་ཅིང་།།
ག་ཤེད་ཅིག་ན་ཡོད་རབས་ཐོས་པའི་མ་ཚད།།
ཁ་བ་གངས་རིའི་ལར་ཞེན་ཆེ་བའི་སྟེང་ལ།།
ཀ་མད་སུམ་ཅུར་དུང་བ་ཟབ་ཚུལ་གོ་མྱོང་།།
ཀ་རྩོམ་ལུགས་ལྡོག་ཡིན་པའི་ཟོལ་གྱི་གླུ་འདི།།
ཁ་སང་ཁ་བ་ཅན་དང་གཏན་དུ་གྱེས་པའི།།
གངས་དཀར་ཆབ་བྲག་མགོན་པོ་ཕྱག་གཉིས་ཕ་ལ།།
ང་ཡིས་མར་མེ་རྐང་མཆོད་གཅིག་གི་ཚབ་ཡིན།།
འདི་ནི་ངོ་མི་ཤེས་ཀྱང་ཁོ་བོའི་ཕ་ཡུལ་གཅིག་པ་མགོན་པོ་ཚེ་རིང་འདས་རྗེས་ཀྱི་མཆོད་འབུལ་ཚབ་ཆབ་བྲག་ཕོ་ཉར་ལད་ཟློས་བྱས་ནས་ཤར་མར་བྲིས།
གསོན་དུས་མ་ཕན་གཤེ་ཡང་མི་སྐྱོན།
ཤི་དུས་རང་སེམས་རྣལ་ལ་ཕབ་སྟེ།
འཁང་དང་འགྱོད་པའི་སེམས་པ་རྣམ་དག
སྟོན་ཚུལ་འདི་ལ་བདག་ཡིད་རངས་སོ།
ཐ་ན་སྐྱོ་སྣང་ཤས་ཙམ་དག་དང།
ཁ་ཡི་མ་ཎི་ཚར་གཅིག་དག་ཀྱང།
ཕྱི་མའི་ལམ་རྒྱགས་ཆེ་ཆུང་ཅི་སྟེ།
བོད་ཀྱི་དྲི་ཞིག་བྲོ་བ་མིན་ནམ།
གོང་གི་ཕྲན་གྱི་མཆན་རྩོམ་དེར་གཏགས་ནོར་གང་མང་ཤོར་འདུག་པས་དགོངས་དག་ཞུ།
བོད་ཀྱི་སྙན་རྩོམ་པ་ཚེ་རིང་མགོན་པོ་སྐུ་གཤེགས་པར་མྱ་ངན་ཞུ་བ་དང་ཆབ་གཅིག། ཁོང་གི་སྐྱེ་བ་ནས་སྐྱེ་བ་ཐམས་ཅད་དུ་དལ་བའི་རྟེན་ཡང་དག་ཞིག་རྙེད་ནས་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་པའི་གང་ཟག་ཞིག་ཏུ་སྐྱེ་བར་ཤོག་ཅིག །
བཅོས། མདའ་ཚན་པ་མགོན་པོ་ཚེ་རིང་ལ་རྗེས་དྲན་དུ་ཕུལ་བ། ཀ་མད་སུམ་ཅུ་བོད་ཀྱི་ཡུལ་ནས་སྦྱང་། །ཁ་དང་སེམས་པ་བོད་སོག་གཉིས་ལ་དཀར། །ག་ལེར་རྒྱ་གར་ཡུལ་ནས་སློབ་མ་བསྐྱངས། །ང་ཅག་མེས་པོའི་་རིག་གཞུང་སྲོག་བཞིན་སྲུང་། །ཅ་ཅོ་མི་མངའ་གྲོགསཔོ་ཀུན་དང་མཐུན། །ཆ་ལུགས་སྤྲོས་མེད་ཅི་་ཞིག་གྱོན་ཀྱང་ཆོག །ཇ་ཆང་ཤ་གསུམ་གསོལ་སྟོན་འདྲེན་ལ་དགྱེས། །ཉ་གང་ཟླ་བའི་མདངས་འཕྲོག་ལྷག་བསམ་ཆེ། །ཏཱ་ལེའི་བླ་མའི་གཞུང་ལ་ཞབས་ཞུ་བྱས། །ཐ་དད་མི་རིགས་ཁྲོད་ནས་རང་ཚུགས་བཟུང་། །ད་ལྟའི་སྨྱུགས་འཛིན་ཁྲོད་ན་ཁྱད་ཆོས་ཆེ། །ན་ཚར་ཞུམ་པ་མེད་པར་རྩོམ་ཡིག་སྤེལ། །པ་བའི་རྩོད་པ་ལ་དྭགས་རྒན་ལ་བྱས། །ཕ་རོལ་རྒྱ་ལ་གནོད་པའི་དཔྱད་གཏམ་སྤྲིངས། །བ་འབྲིའི་རྫི་བོ་འབྲོག་པའི་རང་གཤིས་ཅན། །མ་ཡུམ་མཚོ་སྔོན་སོག་རྫོང་རྒྱན་གཅིག་ཡིན། །ཙཱ་རིའི་མ་ཚད་གངས་རི་འཕྲེད་ཀྱིས་བཅད། །ཛ་དྲག་འཐབ་རྩོད་ཁྲོད་ནས་བླུན་པོས་བརྡུང་། །ཝ་སྤྱང་སྤྲེལ་ལད་ཅན་ལ་བདེན་པ་བདར། །ཞ་ལོང་དམན་པའི་རིགས་ལ་བུ་ལྟར་བརྩེ། །ཟ་མའི་གསོལ་སྟོན་གསར་འབྱོར་རྣམས་ལ་འབྱེད། །འ་འུར་མགོ་འཕང་མི་མཐོ་དམན་ས་འཛིན། །ཡ་མཚན་ཕྱི་ཐག་རིང་བའི་གྲོགས་ཤིག་ཡིན། །ར་ལྟར་གྱོང་པའི་འབྲོག་གཤིས་མི་འདོར་ཞིང་། །ལ་ལྟར་བརྗིད་པའི་རིག་གཞུང་མི་བརྗེད་པས། །ཤ་ཚའི་གྲོས་འདེབས་བོད་རིགས་རྣམས་ལ་སྤྲིངས། །ས་སྒང་འདི་ནས་གྱེས་པས་སེམས་པ་སྐྱོ། །ཧ་ལམ་བདག་གི་མཐོང་ཐོས་འདི་བྲིས་པར། །ཨ་མདོ་འགའ་རེས་མ་རེད་ཟེར་ཡང་སྲིད། །ཧ་ཅང་ཞིབ་པའི་རྒྱུས་ཡོད་མ་ཡིན་ཡང ། །ཨ་གསར་མ་ཡིན་གྲོགས་ཀྱི་དྲན་གདུང་་ཡིན། །ཞེས་པའང་སའི་གོ་ལའི་ཕྱོགས་གཅིག་མདའ་ཚན་པའི་ཕ་ཡུལ་དང་ཅུང་ཟད་ཉེ་བའི་རྒྱ་མཐའ་ཞིག་ནས་དྲི་མེད་པས་བྲིས། །
ལོ་ངོ་དུ་མ་ཕྱིན་པའི།།
དེ་རིང་དྲ་ཚིག་ངོས་ནས།།
ཁོང་ཉིད་གཤེགས་པ་ཐོས་སྐབས།།
སེམས་པ་ཧ་ཅང་སྐྱོང་བྱུང་།།
རྦིར་སློབ་སྡོད་པའི་སྐབས་ལ།།
སློབ་ཁྲིད་བྱེད་མྱོང་ཡོད་ཅིང་།།
དཀའ་སྡུག་ག་རེ་བྱུང་ཡང་།།
བསུན་སྣང་སྤུ་ཙམ་མེད་པའི།།
སེམས་ཤུགས་ཡོད་ཚད་ཐོག་ནས།།
སློབ་ཁྲིད་གནང་བ་དྲན་སོང་།།
མཐོ་ལ་ངོ་བསྟོད་མི་གནང་།།
དམའ་ལ་མཐོང་ཆུང་མི་བྱེད།།
བོད་ཀྱི་སྐད་ཡིག་མི་ཉམས།།
དགོས་ཚུལ་བསླབ་བྱ་གནང་བ།།
མ་བརྗེད་སེམས་པའི་ངོས།།
གསོན་པོ་ལྷང་ངེར་ཤར་འདུག།
བཀའ་དྲིན་ཅན་གྱི་དགེ་ལགས།།
དེ་རིང་གཤེགས་པ་ཐོས་དུས།།
སེམས་པ་སྟོང་པ་གྱུར་ཐེས།།
བླ་མ་དཀོན་མཆོག་གསུམ་གྱི།།
ཐུགས་རྗེ་སྤྱན་གྱིས་གཟིགས་ནས།།
མི་ལུས་བཟང་པའི་ཐོབ་པའི།།
གསོལ་བ་སྨོན་ལམ་འདེབས་སོ།།
རྗེས་དྲན་འབུལ་བ་ཙམ་ལས།།
བྱ་རྒྱུ་གང་ཡང་མི་འདུག།
བཀའ་དྲིན་ཅན་གྱི་རྒན་ལགས།།
སླར་ཡང་མི་ལུས་བཟང་པོ།།
སྤྱན་རས་གཟིགས་ཀྱི་སྐྱབས་འོག།།
ལེན་པའི་གསོལ་བ་སྨོན་ལམ།།
ཁོག་པའི་སྙིང་ནས་འདེབས་སོ།།
མདང་དགོང་ཁ་བརྡ་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་ང་ཚོའི་བཙན་བྱོལ་ཁྲོད་ཀྱི་སྙན་ངག་པ་གཞན་ཞིག་ལ་ཡང་ཕོ་ནད་བྱུང་འདུག ཁོང་ལ་ཡང་ཚེ་ཐག་རིང་པོ་ཡོད་མེད་རྟོགས་དཀའ་གི དེ་ནི་ས་མཐའི་ས་ཆུ་མ་འཕྲོད་པའི་སྟབས་ཤིག་ཡིན་པ་འདྲ།
ཤ་བོ་ཚེ་རིང་བློ་བཟང་ཡེ་ཤེས་དང་། །
མགོན་པོ་ཚེ་རིང་དགེ་འདུན་བསྟན་པ་བཞི། །
བདག་གིས་ངོ་ཤེས་རྩོམ་གྲོགས་དམ་པ་ཡིན། །
ད་ནི་ཁོང་ཅག་ཕྱི་མར་ཆས་འདིས་སྐྱོ། །
མ་སྐྱོ་ཀླུ་སྨྱོན་མ་སྐྱོ་རོགས།
ལྟ་བ་རི་ལྟར་ཅོག་བཞག་གིས།
སྣང་གྲགས་ཆུ་ཟླར་ཤེས་པར་གྱིས།
གྲོགས་དག་བཞུད་པ་དེ་བཞིན་ནོ།
ནམ་རྒྱུན་ཡིད་ལ་མི་དྲན་ལྷོད་དང་དལ་གྱིས་རྣམ་གཡེངས་རྐུན་པོའི་གྲོང་ཁྱེར་རྟག་ཏུ་ཉུལ།།
འཆི་བདག་ཁ་རུ་རྒྱུག་པའི་མགྱོགས་ཚད་འཕྲུལ་གྱི་བཟོས་པའི་འཕུར་མདའ་ལས་ཀྱང་རབ་ཏུ་མགྱོགས།།
ཀུན་གྱི་ཡིད་ལ་བག་ཡོད་དགོས་པའི་དྲན་སྣང་བསྐྱུར་མོ་ཁྱོད་ཀྱི་ཕེབས་པའི་ཤུལ་ནས་བརྙེད།།
འཆི་བ་དྲན་དང་དགེ་རྩ་ཇི་ཡོད་ཁྱོད་ཀྱི་དོན་དུ་ཐར་ལམ་ཟིན་པའི་ལམ་གྲོགས་སྨོན།།