སྲས།
རི་ཆུས་ལག་རྡང་སྦྲེལ་བའི་བྱང་གི་མཐའ།།
ཁ་བའི་བྱེའུ་ཚོགས་འཕུར་བའི་རྒྱལ་ཁམས་ན།།
ཡིག་དྲུག་མགུར་ལ་འཐེན་པའི་ཚོ་ཁག་དེ།།
འབྲོག་ཕྲུག་རྨས་མ་ཞིག་གི་སྲོག་དབུགས་ཡིན།།
སྨན་ཏོག་རྩི་ཤིང་སྐྲ་ལོ་ཤམ་པའི་གོས།།
དར་ལྕོག་རལ་བ་ཉིལ་བའི་རི་གཤམ་ན།།
དུས་བཞིར་བརྐྱངས་པའི་མཐིང་སྦྲ་སྨུག་པོ་དེ།།
བུ་ཆུང་ཞོ་དགའ་ཞིག་གི་འོ་ཕོར་ཡིན།།
ཆུ་ཕྲན་ལྦུ་བ་མཁའ་ལ་གཏོར་བའི་རླབས།།
གནག་ཆུང་བེའུས་བཅད་པའི་སུག་རྗེས་ན།།
ལྷེམ་ལྷེམ་འདར་བའི་མེ་ཏོག་སེར་ཆེན་དེ།།
རྫི་བོ་སློག་གྱོན་ཞིག་གི་མཛའ་གཞས་ཡིན།།
ལྗང་གཞོན་འགྲམ་པ་བརླན་པའི་བསིལ་བའི་ཆུ།།
འཇའ་ཚོན་རྐང་པར་འཁྱུད་པའི་གཡུ་ཐང་ན།།
ག་སར་སྤོར་བའི་སྦྲ་གུར་སློབ་ཆུང་དེ།།
གངས་ཕྲུག་འཛུམ་ཡག་ཅིག་གི་རྩེད་ར་ཡིན།།
ནུབ་ཁའི་ཉི་མས་བཞག་པའི་སྐྱོ་བའི་འཕྲིན།།
གསེར་གྱི་མིག་ཆུས་བྱུགས་པའི་རྒྱ་ཕིབས་འོག།
ཆོས་སྤྱོད་དབྱངས་རྟ་སྣུམ་པའི་དགོན་རྙིང་དེ།།
བན་དེ་དབུས་བཞུད་ཅིག་གི་ཚེ་འབར་ཡིན།།
ཞོགས་གསར་དུ་ཞགས་རི་ལ་ཆས་པའི་མགྲོན།།
འོ་སྤྲིའི་ངད་ཁར་འགྲོགས་པའི་འབྲོག་ཐང་ན།།
ཐར་ཐོར་གྲམ་པའི་རི་སྡེ་ཁྲ་མོ་དེ།།
འཁྱམས་པོ་ཡུལ་མེད་ཅིག་གི་སྨྲེང་གླུ་ཡིན།།