བསྟན་འཛིན་འོད་ཟེར།
ཁ་བའི་འདབས་མ་བརྩེགས་པའི་རི་ཞོལ་དུ།།
མེས་པོའི་རྡོ་མཁར་སྨུག་པོའི་ཞིག་རལ་ཡོད།།
གཙང་བོ་དལ་གྱིས་འབབ་པའི་ཁུག་སོ་རུ།།
བཙན་པོ་དམག་ལ་སོང་བའི་སྨིག་རྗེས་ཡོད།།
རྫ་བྲག་སྤང་གསུམ་འཐབ་པའི་བཙན་རྫོང་ན།།
དཔའ་བོ་གཡུལ་ལ་ཤི་བའི་དུར་ས་ཡོད།།
སྡེ་ལུང་ཁད་ཀྱིས་ཆགས་པའི་འདབས་རོལ་དུ།།
མ་སྲུ་སྐྱོ་སེམས་ཁོལ་བའི་མཆི་མ་ཡོད།།
སྐྱེ་སར་བྱང་རླུང་འཐབ་པའི་རི་རྒྱུད་ན།།
བྲག་རྩི་དམར་པོས་གཡོགས་པའི་དཔའ་མཁར་ཡོད།།
མི་མེད་བྱང་སྟོང་ལུང་བའི་ཕུ་མདའ་རུ།།
བྱང་མོས་ངུ་ཟུག་བྱེད་པའི་འཇིགས་རྔམ་ཡོད།།
མུན་ནག་སྦམ་ཁ་མཐུག་པའི་གཅོང་རོང་ན།།
འབྱུང་བྱས་ཐན་སྐད་སྒྲོག་པའི་ཀུ་ཅོ་ཡོད།།
འཛམ་གླིང་ས་སྒང་མཐོན་པོའི་བྱང་སྣེ་རུ།།
འཇག་མའི་ཤུགས་གླུ་ལེན་པའི་ཤུགས་སྒྲ་ཡོད།།
སྨན་སྤོས་དྲི་ཞིམ་ཡལ་བའི་མཐོ་སྒང་ན།།
དྲི་ངན་དུག་ནག་ཚེར་མའི་མདུང་རྩེ་ཡོད།།
བདེན་པའི་རྡོ་རིང་འགྱེལ་བའི་རྒྱ་སྒོ་རུ།།
ཟོལ་རྫུན་ཐེ་རིང་གདོན་གྱི་ཐལ་ཕུང་ཡོད།།
ཕ་རྒན་སྡེ་མཐར་བསྐྲད་པའི་ཁྱིམ་གཞིས་སུ།།
བུ་ཆུང་སེམས་པ་རྨྲེང་བའི་མིག་ཆུ་ཡོད།།
བཙན་པོའི་གདུང་རྒྱུད་སྟོང་བའི་མཁར་ཤུལ་དུ།།
སྡར་མའི་བང་སོ་བརྩིགས་པའི་བྲེལ་འཚུབ་ཡོད།།
སྐྱབས་མགོན་ཁྲི་དང་བྲལ་བའི་དགོན་སྡེ་རུ།།
ཆོས་མེད་ཁྲིམས་ཁ་ཚ་བའི་དམག་དཔུང་ཡོད།།
བྱམས་ལྡན་དཔོན་དང་བྲལ་བའི་རུ་སྡེ་རུ།།
བཟོད་མེད་མནར་གཅོད་སྟོང་གི་འཁུན་སྒྲ་ཡོད།།
ལོ་ཟླའི་གྲངས་ཀ་འདས་པའི་རྗེས་ཤུལ་དུ།།
མིག་ཆུ་ཁྲག་ལ་བསྲེས་པའི་དྲན་གདུང་ཡོད།།
སྙིང་ཆུང་འཕར་རྩ་གཡོ་བའི་སེམས་ཁམས་སུ།།
ལོ་རྒྱུས་སྨག་ལ་བརྡུང་བའི་འཁྱགས་རུམ་ཡོད།།