གནས་ཚུལ་མཁོ་གཏོང་བ། ཀ་ཉག་ཚེ་རིང་།
༡༽ ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༠ ཉིན་གྱི་སྔ་དྲོ་རྔ་པ་ཀིིིརྟི་དགོན་གྱི་གྲྭ་ཨ་གྲགས། རང་ལོ་༢༠ ཙམ་ཡིན་པ་ཁོང་གིས་ ”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་” ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར། དེ་མ་ཐག་ཉེན་རྟོག་པས་རུབ་རྡུང་བྱེད་བཞིན་འཛིན་བཟུང་བཙན་ཁྲིད་བྱས་ཡོད་ཀྱང་། དེར་མཐུད་ནས་ཉེ་འཁོར་གྱི་བོད་མི་མང་པོས་སྐད་འབོད་སྣ་ཚོགས་བྱས་སྐབས་ཉེན་རྟོག་པས་མི་མང་ནང་གང་བྱུང་གཅར་རྡུང་གཏོང་བཞིན་མང་པོ་འཛིན་བཟུང་བྱས་ཡོད་ནའང་། ད་བར་མི་དེ་དག་གི་མིང་དང་ས་གནས་སོགས་ཞིབ་ཕྲ་ཤེས་རྟོགས་མ་ཐུབ།
གྲྭ་ཨ་གྲགས་ལགས་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་སོ་རུ་མ་སྡེ་བའི་ཕ་འཛམ་པ་དང་། མ་རིག་ཁོ་གཉིས་ལ་བུ་བུ་མོ་དགུ་ཡོད་པའི་ནང་གི་ཆུང་ཤོས་ཡིན་ལ། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག་ཅིང་། ཕྱི་ལོ་༢༠༡༢ ལོར་ཁོང་གི་ཚ་བུ་གྲྭ་བློ་བཟང་ཚུལ་ཁྲིམས་ལ་ཡང་རང་ལུས་མེར་སྲེག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཏེ་ལོ་༡༡ གི་བཙོན་འཇུག་ཁྲིམས་ཐག་བཅད་ནས་དེང་སྐབས་བཙོན་ཁང་དུ་ཡོད་མུས་ཡིན་འདུག་པ་བཅས་དང་།
༢༽ ཡང་གོང་གསལ་ཕྱི་ཚེས་༡༠ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༦ པ་ཙམ་ལ་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་། རང་ལོ་༢༢ ཡིན་པ་ཁོང་གིས་སྔར་བཞིན་”བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་”ཅེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཞི་བའི་གོམ་བགྲོད་བྱས་འདུག་པར་དེ་མ་ཐག་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པས་རྗེས་ཀྱི་གནས་ཚུལ་ཤེས་རྟོགས་མ་ཐུབ།
གྲྭ་བློ་བཟང་ལགས་ནི་རྔ་པ་རྫོང་ཕྱུགས་ལས་འགབ་མའི་ཕ་སྒ་ཚེ་དང་མ་གནས་སྐྱིད་གཉིས་ལ་བུ་བུ་མོ་ལྔ་ལྷག་ཡོད་པའི་ནང་གི་བཞི་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་དེང་སྐབས་བློ་རིག་འཛིན་གྲྭ་ཡིན་འདུག
གཞན་ཡང་གནས་ཚུལ་ཡོང་ཁུངས་ནས་བརྗོད་པར་མི་སྐྱ་སྐོར་ཞིག་གིས་ཀྱང་ཁ་སང་བོད་ནང་གི་ཉིན་གུང་ཙམ་ལ་རྔ་པ་རྫོང་མཁར་གྱི་ཁྲོམ་གཞུང་དུ་ངོ་རྒོལ་སྐད་འབོད་བྱེད་བཞིན་ཞི་བའི་གོམ་བགྲོད་བྱས་ཡོད་པའི་གནས་ཚུལ་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་བྱུང་བ་དང་།
དེ་མིན་བདུན་ཕྲག་འདིའི་ནང་ལ་བསྟུད་མར་ངོ་རྒོལ་སྐད་འབོད་གནང་མཁན་བཞི་བྱུང་ཡོད་པ་ཚང་མ་འཛིན་བཟུང་བཙན་ཁྲིད་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་དང་གནས་སྟངས་ཅི་ཡིན་སོགས་ཟུར་ཙམ་ཤེས་རྟོགས་མེད་པར་གྱུར་ཡོད་པ་དང་། ཁ་སང་བོད་ནང་གི་ཉིན་གུང་ཙམ་ནས་མི་སྒེར་གྱིས་བེད་སྤྱོད་བྱེད་བཞིན་པའི་དྲ་ལམ་ཡོངས་རྫོགས་བཅད་ཅིང་། ཁྲོམ་གཞུང་དང་ལམ་གྱི་བཞི་མདོ་ཁག་ལ་ཉེན་རྟོག་པའི་སྤྱི་སྤྱོད་རླངས་འཁོར་དང་རླངས་འཁོར་ཆུང་བ་མང་རུ་བཏང་ནས་ཉེན་རྟོག་པ་ཁ་སྣོན་བྱས་ཡོད་པ་སོགས་དམ་བསྒྲགས་བྱེད་ཤུགས་ཇེ་ཆེར་བཏང་ཡོད་འདུག་པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་༢༠༡༥ ཟླ་༩ ཚེས་༡༡ ལ།
བོད་ཀྱི་དགྲ་གཏེ་རྒྱ་ནག་གི་གདུག་རྩུབ་ཅན་གྱི་བཙན་གནོན་དང་། འཇིགས་སྐུལ་འོག་གི་མེ་མདའི་སོ་ཁ་ལ་ལྟོས་མེད་ངང་བོད་རང་དབང་གི་ཆེད་དུ་རང་སྲོག་འབེན་བཙུགས་ཀྱིས་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་ལངས་དང་ལང་བཞིན་པར་སྙིང་ཁོང་ནས་གདུང་སེམས་མཉམ་བསྐྱེད་ཞུ།
བོད་དོན་ཐོག་དམིགས་བསལ་གྱིས་འགན་འཁྲི་བླ་ལྷག་ཅིག་ཡོད་པའི་སྲིད་སྐྱོང་གིས་གཙོས་པའི་གནད་ཡོད་ལས་སྣེ་ཚོས་ནི། རང་ཉིད་ཀྱི་འོས་ཤོག་གི་ཆེད་དུ་ཕྱོགས་སྐྱོད་ཀྱིས་ཁ་ཞེ་མི་མཚུངས་པའི་སྟོང་གཏམ་རེ་སྒྲོག་པར་བྲེལ་བཞིན་པ་ནི་ཇི་འདྲའི་སྙིང་ལ་གཟན་པའི་ལས་དོན་ཞིག་མིན་ཨང་།
རྒྱ་དམར་ཚང་གིས་བོད་ལ་སྡུག་གི་ལོ་ཟླ་ནག་པོ་འདི་མོའི་འོག་ཏུ་ཞི་མཐུན་དང་འདྲ་མཉམ་ཞིག་ཡོང་བཟོ་འདུག་གམ། བོད་པ་ཚང་གི་རང་ཚུབ་མ་ཤོར་བ་རང་རྐང་ཐོག་ནས་ལང་རྒྱུ་འཆར་གཞི་སྐོར་དགོས་རན་འདུག།
ཁོང་རྣམ་པའི་སྙིང་སྟོབས་དང་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ བོད་ལུང་བ་ཆ་ཚང་ཨ་མདོ་རྔ་བ་འདྲ་ཡིན་ན་བོད་ལ་རང་དབང་བདེ་སྐྱིད་ཀྱི་ཉི་མ་ཤར་བ་དང་༧གོང་ས་མཆོག་བོད་ལ་བདེན་འབྲེ ལ་ཞུ་ཐུབ་པ་ཐེ་ཚོམ་མི་འདུག
སྤྱིར་ཨམ་མདོ་བ་འདི་བོད་ནང་དུ་ཆོལ་ཁ་གཞན་དང་མི་འདྲ་བ་མགོ་འཚོས་མོ། མི་རིགས་དང་རིགས་གནས་ལ་ཧ་ཅང་ཤ་ཚ་བའི་ངོ་བསོ་བསྟོད་རྒྱུ་ཞིག་རེད། ངོ་མ་ཡིན། སྐུ་གཤེགས་དཔ་དམ་པ་འཇུ་ཆེན་གྱིས་ཁོང་བོད་ནང་ལྟ་བསྐོར་འགྲོ་སྐབས་གཟིགས་ཚུལ་ལ་མཐོ་ལས་བྱེད་ནང་འང་ཨམ་མདོ་ཚོ་འདྲ་ས་མི་འདུག ཁམས་པ་དེ་འདྲ་མི་འདུག་ཅེས་གསུངས་འདུག ལྷག་པར་དེང་སྐབས་རྔ་བ་ནི་དངོས་གནས་ཧ་སང་དགོས་པ་ཞིག་འདུག གོང་དུ་གསུངས་པ་ལྟར་ལུང་པ་ཚང་མ་འདི་འདྲ་ཡིན་ན་རྒྱ་མིས་ཅི་བྱས་འདི་བྱས་ཡོད་ས་མ་རེད།