ཤར་ཕྱོགས་འོད་སྣང་།
དྲང་སྲོང་བདེན་པར་སྨྲ་བ་རྣམས་ལ་ཕྱག་འཚལ་ལོ།།
ཡང་དག་ལེགས་པའི་ལམ་དུ་འདྲེན་པར་དཀའ་ཡང་།།
ལེགས་མིན་གཡོ་སྒྱུའི་བྱུས་ཀྱིས་ལོག་པའི་ལམ་ན།།
རྣམ་ཀུན་འཁྲིད་པར་སླ་བའི་ལུས་ཅན་ཡོད་དགུ།།
དེ་རིང་དྲང་པོའི་གཏམ་ལ་རྣ་བ་བློགས་ཤིག།།
སང་ཉིན་ཕྱི་ཟླ་བཞི་པའི་ཚེས་པ་གཅིག་སྟེ།།
རྫུན་གྱི་འཁོར་ལོ་སྐོར་བའི་ཉིན་མོ་ཡིན་པས།།
ཕྱི་གླིང་སྲོལ་ངན་ས་ཁྱབ་རྡོ་ཁྱབ་དུས་ན།།
དྲང་གཏམ་གླེང་རྒྱུ་མེད་ཀྱང་འཁྱོག་བཤད་མ་གྱིས།།
ཕན་ཚུན་གཅིག་གིས་གཅིག་ལ་ཡིད་ཆེས་ལྡན་པའི།།
གྲོགས་བཟང་སྐྱེ་བོའི་ཚོགས་ལ་མགོ་སྐོར་མ་གཏོང་།།
མ་བརྟགས་ཉམས་དགའི་ཀློང་ནས་སྔོ་ལོ་འཕྱར་ཏེ།།
དོན་མེད་ལུག་རྫི་སྤེན་པའི་རྣམ་ཐར་མ་སྐྱོང་།།
རྣམ་ཀུན་དྲང་པོར་སྨྲ་བའི་དྲང་སྲོང་ངག་ལ།།
བསླུ་མེད་གཅིག་ཏུ་བདེན་པའི་ངེས་ཤེས་མེད་ཀྱང་།།
རྟག་ཏུ་རྫུན་ལ་གོམས་པའི་གཡོ་ཅན་དག་གིས།།
མཛུབ་མོ་གར་བསྟན་ཕྱོགས་སུ་ཤར་བསྐྱོད་མ་གྱིས།།
ཡབ་མེས་དམ་པའི་སྲོལ་བཟང་རྒྱབ་ཏུ་བསྐྱུར་ནས།།
དོན་མེད་ཕྱི་གླིང་ཡུལ་གྱི་ལུགས་ངན་དེ་ལ།།
རང་རིགས་ཆེ་ཆུང་ཀུན་ཀྱིས་བསམ་ཤེས་མེད་པར།།
རྩེད་འགྲོས་ཡིན་སྣང་ངང་ནས་ནམ་ཡང་མ་འཇུག།།
དྲང་གཏམ་གཤད་རྒྱུ་མེད་ཀྱང་རྫུན་ཚིག་མ་གླེང་།།
གཞན་ལ་ཕན་རྒྱུ་མེད་ཀྱང་གནོད་པ་མ་སྐྱེལ།།
རང་ཁ་རང་གིས་བཙུམས་ནས་བསམ་གཞིག་གྱིས་ལ།།
ཡོད་ཚད་ཐུར་ལ་བརྒྱུགས་ཀྱང་རང་ཉིད་མ་རྒྱུག།།
ཁྲེལ་དང་ངོ་ཚའི་ཕྱོགས་ལ་འཛེམ་ཟོན་མེད་ཅིང་།།
དྲིན་ཅན་ཕ་མ་ཡན་ལའང་བསླུ་བྲིད་བྱེད་པར།།
ཤེས་བཞིན་རྫུན་ཚིག་གླེང་བའི་སྲོལ་ངན་འདི་ཀོ།
རྩད་ནས་སྣུབ་ཐབས་མེད་ཀྱང་བརྩི་སྲུང་མ་གྱིས།།
མདོར་ན་བཟང་དགུའི་ལས་ལ་ཐབས་ཤེས་དབུལ་ཡང་།།
ངན་དགུའི་བྱུས་ངན་གཤོམ་ལ་རྣམ་དཔྱོད་རྒོད་པས།།
མ་ལུས་ཐུར་དུ་འདྲེན་ལ་བྲེལ་འཚུབ་ལངས་པའི།།
ལོག་འདྲེན་སྡེ་རིས་ཚོགས་ལ་བག་ཟོན་གྱིས་ཤིག།།
ཕྱི་ལོ་ ༢༠༡༣ ཟླ་བ་ ༣ ཚེས་ ༣༡ ཉིན།
ཨ་ཁ་ཁྱེད་ལ་ལོ་སྔོན་མར་མགོ་འཁོར་ཆེན་པོ་ཞིག་ཐེབས་ཡོད་པ་འདྲ། ངས་གོ་ཐོས་ལ་སྔོན་ལོའི་ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན། བུ་མོ་མཛེས་མ་ནམ་རྒྱུན་ཁྱེད་ཀྱི་ཡིད་ཤོར་ས་ཞིག་གིས་ཁྱེད་ལ་ས་གནས་འདིར་མགྲོན་ཁང་འདིར་ཕེབས་རོགས་ཞུས་པར། ཁྱེད་ཏག་ཏག་ཕོ་བཟོ་ཞིག་སྟོན་བཞིན་དེར་ཕེབས་ཏེ་དུས་ཡུན་རིང་པོ་ཉིན་གུང་ཆུ་ཚོད་བཅུ་གཉིས་བར་སྒུགས་ཀྱང་བུ་མོ་དེ་མ་སླེབ་པར་བརྟེན་ད་གིའི་ཁ་པར་ཨང་གྲངས་སྟེང་ཕྱིར་ཁ་པར་རྒྱབ་དུས་བུ་མོ་དེ་ཡིས་་་་april fool ཟེར་ནས་ཁ་པར་སྒོ་རྒྱབ་པར་བརྟེན་ཁྱེད་ཧ་ཅང་གིས་ཉོབ་སྣང་གིས་མ་བཞུགས་རང་བཞུགས་ཀྱི་གནས་ཚུལ་བྱུང་བ་རེད་ཟེར། བདེན་མིན་མི་ཤེས།
ཕྱི་ཟླ་བཞི་པའི་ཚེས་གཅིག་ཉིན་ (April-Fool)ཞེས་པ་དེ་ཐོག་མར་རྒྱལ་ཁབ་གང་ཞིག་ནས་བྱུང་བ་དང༌། དེ་ལྟ་བུ་ཞིག་བྱེད་དགོས་པའི་རྒྱུ་མཚན་སོགས་ཤེས་མཁན་དྲ་གྲོགས་རྣམས་ཀྱི་ཁྲོད་དུ་ཡོད་ན། དེའི་བྱུང་རིམ་གསལ་པོ་ཞིག་བྲི་རོགས་ཞུ་རྒྱུ་ཡིན།
ལུགས་སྲོལ་ངན་པ་ནང་འདྲེན་བྱེད་མི་རིགས
ཤར་ཕྱོགས་འོད་སྣང་ཆེན་པོས།
བོད་སྐད་མ་སྦྱངས་རྨོངས་མུན།
ལེགས་པར་བསལ་ནས་བོད་རིགས།
སྐད་ཀྱི་་འོད་སྣང་རྒྱས་སོ།།