དེ་རིང་་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཐོག་བོད་ནང་བྱུང་བཞིན་པའི་ཛ་དྲག་གི་གནསསྟངས་ཐད་མཆོད་འབུལ་སྨོན་ལམ་ཞིག་ཚོགས་འདུག
སྐབས་དེར་བཀའ་ཁྲི་མཆོག་གིས་མཆོད་འབུལ་དང་འབྲེལ་བའི་སྐོར་ལ་གསུང་བཤད་གནང་དོན། སྐྱབས་གནས་དགེ་འདུན་གྱི་སྡེ་རྣམ་པ། མང་གཙོ་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། སྲི་ཞུ་བ་རྣམ་པ། མི་མང་རྣམ་པ། ཚང་མས་མཁྱེན་གསལ་རེད། བོད་ནང་རྒྱ་ནག་གཞུང་གིས་འཁྲེག་བཟུང་གི་སྲིད་བྱུས་འོག་བོད་མི་རྣམས་ལ་མནར་གཅོད་དང། བོད་མི་རྣམས་ཀྱང་འུ་ཐུག་ཐབས་ཟད་ཀྱི་གནས་སྟངས་འོག་ཉེ་ཆར་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག དེ་རིང་འདིར་གདུང་སེམས་མཉམ་སྐྱེ་ཆེད་འཛོམས་པ་རེད། ང་ཚོས་ཤེས་རྟོགས་བྱུང་བར་བདུན་ཕྲག་གཉིས་ནང་སླར་ཡང་རང་མེར་སྲེག་གཏོང་མཁན་བྱུང་བ་ནས་ཚུལ་ཁྲིམས། རང་ལོ་ ༢༠། བསྟན་ཉི། རང་ལོ་ ༢༠། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། རང་ལོ་ ༤༠། བློ་བཟང་འཇམ་དབྱངས། རང་ལོ་ ༢༠། བཅས་བྱུང་འདུག བློ་ཕམ་པ་ཞིག་ལ་ཁོང་རྣམ་པ་འདས་གྲོངས་སུ་གྱུར་འདུག དེ་བཞིན་ང་ཚོས་ཤེས་རྟོགས་བྱུང་བར། ད་བར་བོད་སྤྱི་ཡོངས་ནང་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་དང། ལྷག་པར་མགོ་ལོག་དར་ལག་དང་། རྔ་པ། རྒྱལ་རོང། བྲག་འགོ གསེར་རྟ་བཅས་ལ་བོད་མི་མང་པོ་ཞིག་གིས་ཞི་བའི་ངོ་རྒོལ་བྱེད་སྐབས། བོད་མི་མང་པོ་ཞིག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་འདུག དེ་ཡང་ཚེས་ ༢༣ ཉིན་རྔ་པ་རྨེའུ་རུ་མ་དང་ཀིརྟི་དགོན་པའི་མདུན་དུ་ཞི་བའི་ངོ་རྒོལ་བྱས་ཏེ་བོད་མི་མང་པོ་ཞིག་འཛིན་བཟུང་བྱས་འདུག ཁམས་བྲག་འགོ་ནང་བོད་མི་རྣམས་ཀྱིས་ཞི་བའི་ངོ་རྒོལ་བྱེད་སྐབས་རང་ལོ་ ༤༠ སོན་པའི་ནོར་པ་ཡོན་ཏན་དང། ལོ་རྒྱ་ཚང་གི་བུ་གཉིས་རྒྱ་ནག་གིས་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་བཀྲོངས་བ་དང། བོད་མི་སུམ་ཅུ་ལྷག་ལ་མེ་མདའ་ཕོག་སྟེ་རྨས་སྐྱོན་ཕོག་པའི་གནས་ཚུལ་འདུག ཁ་སང་གསེར་རྟ་རྫོང་དུ་བོད་མི་མང་པོ་ཞིག་འཛོམས་ཏེ་ཞི་བའི་སྒོ་ནས་ངོ་རྒོལ་བྱེད་སྐབས་སླར་ཡང་རྒྱ་ནག་གི་ཉེན་རྟོག་པས་མེ་མདའ་བརྒྱབ་སྟེ་པོ་པོ་རང་ལོ་ ༣༥ སོན་པ་དང་། ཟླ་བ་གྲགས་པ་རང་ལོ ༣༣ སོན་པ་གཉིས་འདས་གྲོངས་སུ་གྱུར་འདུག དེ་བཞིན་བོད་མི་ ༤༠ ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་ཡོད། འདི་དག་ཚང་མ་ཛ་དྲག་དང་ཡིད་སྐྱོའི་གནས་ཚུལ་རེད། གོང་དུ་ཞུས་པའི་བོད་མི་རྣམས་དང་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེ་ཞུ་སླད་འདིར་འཛོམས་པ་ཞིག་རེད། དེར་བརྟེན་མཆོད་འབུལ་སྨོན་ལམ་ཡག་པོ་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན་གཞུང་མང་གཉིས་ཀྱི་ཐོག་ནས་བོད་མི་སྤྱི་ཡོངས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། འཛམ་གླིང་སྤྱི་ཡོངས་ལ་ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱི་སྤྱི་ཡོངས་ཐོག་བོད་དང་བོད་མིའི་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། དེའི་སྐོར་བཀའ་ཤག་གི་ངོས་ནས་རྗེས་སུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན། ཐུགས་རྗེ་ཆེ། ཞེས་གསུང་བཤད་གནང་ཡོད། དེ་རྗེས་མུ་མཐུད་སྨོན་ལམ་གསུང་འདོན་གནང་ཡོད་པ་མ་ཟད། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་སྒོར་ ༥༠ འབུལ་ལམ་ཞུས་ཏེ་མཆོད་འབུལ་སྨོན་ལམ་གསུང་འདོན་གནང་ཡོད་པ་བཅས། །
བོད་འབངས་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་མཆོག་གི་ཐུགས་དགོངས་བཞིན་འགྲུབ་པའི་སྨོན་འདུན་ཞུ།
སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་འཛམ་གླིང་སྤྱི་ཡོངས་ལ་ཕྱི་ཟླ་ ༢ ཚེས་ ༨ རེས་གཟའ་ལྷག་པའི་ཉིན་རྒྱལ་སྤྱི་སྤྱི་ཡོངས་ཐོག་བོད་དང་བོད་མིའི་ཆེད་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།ཞེས་པ་གསུངས་པར་བཀའ་དྲིན་ཆེ། འདི་ནི་འགན་ཡོད་པའི་ཕྱག་ལས་གནང་སྟངས་ཤིག་དང་རང་ཉིད་ཀྱིས་ཁ་སྔོན་དུ་གྲགས་པ་ཧ་ཅང་དགའ་པོ་བྱུང་།
མཐོ་སྲིད་འཛིན་ནས་དམའ་བོད་མི་དཀྱིལ་མ་བ་ཡན་གདུང་སེམས་མཉམ་བསྐྱོད་གསུངས་དུས་སུ་དོན་ཅི་འདྲ་ཞིག་ལ་གོ་དགོས་སམ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་འབོད་ཚིག་ཇི་བཞིན་ལས་འགན་སྦེལ་དགོས་པ་འདོད། དེ་ཡང་་་བོད་ལ་རང་བཙན་དགོས་པ་དང་༧གོང་ས་མཆོག་བོད་ཀྱི་མི་རྗེ་རྒྱལ་ཁང་པོ་ཏ་ལའི་ནང་དུ་གདན་ཞུ་དགོས་པ་འདིར་རེད། དེ་འདྲ་ཡིན་ན་ཧ་ཅང་ལས་འགན་རླབས་ཆེན་རེད་འདོད།
ད་ནི་ངོ་རྒོལ་གྱི་ལས་འགན་སྦེལ་དགོས་དུས་འགོ་ནས་སྲིད་འཛིན་བློ་བཟང་སེང་གེ་མཆོག་གཙོ་བོ་བྱེད་ནས་བཀའ་བློན་དང་སྤྱི་འཐུས། དྲུང་ཆེ་དང་དྲུང་གཞོན་རྣམས་པ་སྔོན་དུ་ཐོན་དགོས་པ་འདོད། བོད་མི་ཉམ་ཆུང་ཚོ་སྔོན་དུ་ཐོན་ནས་སྲོག་བློས་བཏང་གིས་ངོ་རྒོལ་བྱས་ཀྱང་གྲུབ་འབྲས་མ་ཐོན། ད་ནི་འགོ་ཁྲིད་རྣམས་པ་སྔོན་དུ་ཐོན་ནས་སྐད་འབོད་དང་ངོ་རྒོལ་བྱས་ན་མི་དམངས་འགོ་ཁྲིད་རྣམས་པའི་རྗེས་སུ་ཡོད་པ་འདོད། སྔོན་མ་རྒྱ་གར་གྱི་རང་བཙན་བརྩད་སྐབས་སུ་མ་ཧ་མ་དགའ་ཏན་མཆོག་སྔོན་དུ་ཐོན་ནས་ངོ་རྒོལ་གནང་བ་ལྟར་བཀའ་སྤྱི་གཉིས་སྔོན་དུ་ཐོན་ནས་ངོ་རྒོལ་གྱི་སྣེ་འཁྲིད་དགོས་པ་འདོད་དོ།
ཇི་ཙམ་གྱིས་བོད་ཐོག་འཛིན་པའི་མཁྲེག་འཛིན་གྱི་སྲིད་ཇུས་ངན་པ་ཞིག་ལག་ལྟར་བྱས་ཀྱང་། གཞིས་ལུལ་དཔའ་བོ་རྣམ་པའི་སྙིང་སྟོབས་དང་སེམས་ཤུགས་ཀྱི་མེ་ལྕེ་ཇེ་ཆེ་ནས་ཇེ་ཆེར་འབར་བཞིན་པ་འདི་ལ་བལྟས་ན། བོད་དོན་བདེན་མཐའ་གསལ་བའི་སྐྱ་རེངས་ཤར་བར་མངོན། དེ་བཞིན་ཕྱི་ཕྱོགས་སུ་རང་དབང་ལུང་པར་ཡོད་པའི་གཞུང་སྒེར་གཉིས་ཀས་ཁོང་རྣམ་པའི་མཛད་རྗེས་དེ་རྒྱལ་སྤྱི་རང་བཞིན་ཅན་དུ་བསྒྱུར་ཐབས་ལ་སྒོ་ཀུན་ནས་འབད་རྒྱུ་དང་། ལྷག་པར་དུ་ཁོང་རྣམ་པའི་མངོན་འདོད་དངོས་མ་དེ་ཡང་ཞིབ་འཇུག་དང་རྒྱུས་ལོན་བྱས་ཏེ་གསལ་པོ་བཟོ་དགོས་པར་སེམས།