ཧི་མ་ལ་ཡའི་འཕྲུལ་སྨྱུག
བདེན་བཞིའི་འཇུག་ལྡོག་དངོས་སྟོབས་ཀྱི་རིགས་པས་འགྲུབ་པ་བདེན་ན། གསུམ་ལ་སྐྱབས་སུ་མ་སོང་བའི་མུ་སྟེགས་པ་ལ་ཐར་ལམ་མེད་པའི་རྒྱུ་མཚན་མི་འདུག་སྟེ། ཁོ་ཚོས་ཀྱང་རིགས་པའི་ལམ་ནས་སྲིད་རྩེའི་དངོས་གཉེན་རྒྱུད་ལ་བསྐྱེད་ཆོག་པའི་ཕྱིར། དངོས་པོ་སྟོབས་ཞུགས་ལ་སྟོན་པ་དང་བསྟན་པའི་ཆ་རྐྱེན་རྩིས་མི་བཏུབ་པའི་ཕྱིར། དེས་ན་ཆོས་འདི་པ་ལས་ཕྱི་རོལ་ཏུ་གྱུར་པའི་མི་ལ། ཐར་པའི་སྐལ་པ་མེད་ཅེས་ཟེར་བ་ནི། སྒེར་གཅོད་ཀྱི་རང་གཤིས་ཕྱི་རུ་མངོན་པ་ཙམ་དུ་ཟད། ༼རྣམ་དཔྱོད་དང་ལྡན་ཁྱེད་ལྟ་བུས་ཀྱང་ཀྱལ་ཀ་ཆེ་བའི་ཕྱག་བྲིས་འདི་འདྲ་བ་བཀོད་གནང་བ་ཡང༌། ད་ལྟའི་རྗེས་འཇུག་པ་ཡོངས་ལ་ཉམས་སད་ཀྱི་ཆ་རྐྱེན་ཞིག་ཏུ་དོགས་ལ། ཐར་པ་ཡོད་མེད་ཀྱི་གདན་དགག་ནི། དངོས་པོའི་གནས་ལུགས་ཀྱི་བརྟེན་འབྱུང་ལ་རག་ལུས་ཤིང༌། ཡུལ་དེའི་འདུག་སྟངས་དང་མཐུན་པའི་འགྲོ་ལྡོག་ལ་སྟུན་ནས་བྱ་བ་བྱེད་དགོས་པ་མ་ཟད། དེང་དུས་ཚན་རིག་པས་ཀྱང་ལྟོས་གྲུབ་ཀྱི་ལྟ་བ་ཁས་ལེན་པ་ཡང་སྨྱོན་མེད་དུ་གྲུབ་ལ། དེར་བརྟེན་སྐབས་འདིར་སེམས་སྟེང་ནས་མཐར་པ་སྒྲུབ་སྟངས་དེ་ཡང་རྒྱུ་མཚན་དེ་ལྟར་དུ་སྙད་པས། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཞེས་པ་སོགས་རྩ་ཤེར་རབ་བྱེད་བཅོ་བརྒྱད་པོའི་རིགས་པ་ཡོད་དོ་ཅོག་འདིར་སྤུང་ཆོག་པའི་སྟེང་དུ། དབུ་མ་འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཉ་སྙད་བདེན་པ་ཐབས་སུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་བྱུང་གྱུར་བ་སྟེ། །དེ་གཉིས་རྣམ་དབྱེ་གང་ཡིན་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་དང༌། འབྲི་གུང་སྐྱོབ་པས། མཐར་པ་ཆ་ཐུན་དགའ་ཞིག་ཡོད་ཀྱང་རུང༌། །ཞེས་པ་ཙམ་ལས། མུ་སྟེགས་བོན་གྱི་བདེན་པ་མཐོང་སྐབས་མེད། །ཅེས་པའི་སྡོམ་ཚིག་གསུང་དགོས་པའང་རྒྱུ་རྐྱེན་དེ་རྣམས་ལ་ཐུག་པར་སེམས་སོ།།
དགོངས་གཅིག་སྣང་མཛད་ཡེ་ཤེས་སྒྲོན་མེ་ལས། མུ་སྟེགས་ཀྱི་སྒོར་ཞུགས་ཀྱང་བདེན་པ་མི་མཐོང་བའི་རྒྱུ་མཚན། ལྟ་བ་ལོག་པ། དེའི་གཞུང་ལུགས་དང་གཉིས་སོ། །དང་པོ། ལམ་འཚོལ་བར་ཞུགས་པ་འདྲ་ན་ཡང༌། ནང་པའི་ལམ་ནི་ཡང་དག་པའི་ལམ་ཡིན། ཕྱི་རོལ་པའི་ལམ་ནི་ལོག་པའི་ལམ་ཡིན་པས། མི་མཐོང་བའི་རྒྱུ་མཚན་ཡང་ལོག་ལྟས་དབང་བྱས་པའི་ཕྱིར། དཀོན་མཆོག་གསུམ་ལ་སྐྱབས་སུ་མི་འགྲོ། ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་ནི་སྐྱབས་འགྲོ་ཡིན་པས། དེ་མིན་ན་ཅིས་ཀྱང་མི་ཕན། ཤམ་ལོག་པ་ལ་ལུས་སྐམས་པའི་བརྩོན་འགྲུས་ཀྱང་བྱས་མ་བྱས་མེད་དེ། འབྲས་བུ་མི་འབྱུང༌། གལ་ཏེ་བདེན་པ་མཐོང་བར་འདོད་ན། མུ་སྟེགས་ཀྱི་ལྟ་ལོག་སོ་སོའི་གྲུབ་མཐའ་དེ་དོར་ནས། ནང་པའི་སྒོར་ཞུགས་ཏེ། གཞུང་ནས་འབྱུང་བ་ལྟར་ཉམས་སུ་བླངས་ན། གཟོད་ཆོས་ཉིད་ཀྱི་བདེན་པ་མཐོང་བར་འགྱུར། ཞེས་སོ།།༽
རྒྱ་ཆེའི་ཀློག་པ་པོ་རྣམ་ལ་གསལ་བཤད་ཞུ་རྒྱུ། སྤྱི་ཡོངས་ཀྱི་ཡི་གེ་དཀྱུས་མ་རྣམས་ནི། ཚ་བ་མདའ་སྨྱུག་པའི་ལོག་རྟོགས་སྙིང་སྟོབས་ཀྱི་ཚིག་འབྲུ་རང་སོར་བཞག་པ་ཞིག་ ཡིན་ལ། གུག་རྟགས་༼༽འདིའི་ནང་དུ་བཅུག་པའི་ཡི་གེ་རྣམས་ནི། ཁོ་བོས་བསམ་ཚུལ་གསར་དུ་བྲིས་པ་ཞིག་ཡིན་པ་དགོངས༌འཇག་འཚལ།
ཧཧཧཧ་ལུང་ནི་འདམ་གྱི་ཕུར་པ་དང་འདྲ་སྟེ་་་་་རིགས་པའི་རྒྱབ་བརྟེན་མེད་ན་གར་དྲངས་དྲངས་ཡིན་པའི་ཕྱིར། སྔོན་ནས་ཞུས་ཡོད། ཤག་བསྟན་རྗེས་འཇུག་པ་དག་གིས་བོན་ལ་ངན་སྨྲས་བྱེད་བབས་དེ་ལས། མདའ་ཚན་པའི་གནམ་མདའ་སྒྲོ་དཀར་དེ་ལ་མདུང་གཅིག་ཡོད་ན་གང་དྲགས། མདའ་ཚན་པའི་རིགས་པ་མདའ་མོ་དང་འདྲ་བ་དེ་ལ་ངོ་མ་ངོ་མཚར་ཆེ་བྱུང། ་ཧཧཧཧ་སྐྱོབས་པ་ལ་དགག་པ་སྔར་ནས་མང་པོ་བཀག་ཟིན་འདུག་་་་སླར་ཡང་འདིར་ཁྱེར་དགོས་ཀྱི་དོན་སྙིང་སྟོང་ངོ།
མུ་སྟེགས་གཞན་གྱི་གཞུང་ལུགས་ལ།།ཇི་ལྟ་ཇི་ལྟར་ནམ་བསམ་པ།།དེ་ལྟ་དེ་ལྟར་མགོན་ཁྱོད་ལ།།བདག་གི་ཡིད་ནི་དད་པར་འགྱུར།།ཞེས་པ་ལྟར་སོ་སོའི་ངོས་ནས་རྒྱུ་མཚན་ཡོད་མེད་ལ་དཔྱད་པ་བཏང་སྟེ་ཕྱི་རོལ་པ་ལ་ཐར་བ་མི་འདུག་ཟེར་བ་དེ་ཚོས་ཐར་བ་སྒེར་གཅོད་དུ་མངོན་ཚུལ་ཟེར་བ་ལྐུགས་གཏམ་ཁོ་ན་ལས་མ་འདས། སྒེར་གཅོད་ཅེས་པ་ཆབ་སྲིད་ཀྱི་མངའ་ཁོངས་ཡོད་ཚད་སྒེར་གྱིས་ཐག་གཅོད་པ་ཟེར་བ་ཞིག་གོ་མྱོང་། མི་སུ་ཞིག་ཡིན་རུང་སྡུག་བསྔལ་ལས་ཐར་མི་འདོད་པ་ཞིག་མེད་ན་ཡང་ཐར་བ་ལ་རང་དབང་ཐོབ་པའི་མི་ཁྱད་པར་བ་ཞིག་ཡོད་ཀྱང་དེ་སྒེར་གཅོད་པ་མ་རེད། རང་རྒྱུད་མ་གཏོགས་གཞན་རྒྱུད་ལ་མེད་པས་སོ། རྒྱུ་ནོར་ལ་སྒེར་གཅོད་བྱས་ནས་བདག་བཟུང་བྱེད་པ་དེ་ནི་ཐར་བ་དང་ལྡོག་ཕྱོགས་རེད། སྔོན་གྱི་སློབ་དཔོན་ཆོས་གྲགས་ལ་སོགས་པ་མི་དེ་ཚོ་དང་པོ་ཕྱི་རོལ་པའི་གྲུབ་མཐའ་ཞུགས་ནས་རྗེས་སུ་ནང་བསྟན་ལ་ཞུགས་པ་ནི་ངོམ་སོ་ཁྱེར་བ་མ་ཡིན་པས་ཆགས་སྡང་སྤངས་ནས་གཟུར་གནས་ཀྱི་རིགས་པ་དེའི་རྗེས་སུ་འབྲངས་བ་རེད། གང་དགའ་དགའ་དང་གང་སྐྱིད་སྐྱིད་ཀྱི་ཚ་བ་འདམ་སྙིགས་ལྟ་བུ་ག་ལ་ཡིན།
བདག་ནི་སྟོན་པ་གཞན་སྤངས་ནས། །
བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆིས། །
དེ་ཅིས་ཞེ་ན་བཅོམ་ལྡན་ཁྱོད། །
སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གསུང་མཁན་འདི་དང་པོ་ཕྱི་རོལ་པ་རེད།
མུ་སྟེགས་པའི་ཐར་པ་དང་། ནང་པའི་ཐར་པ་གཉིས་ལ་ཁྱད་པར་ཡོད། མུ་སྟེགས་པ་ཚོས་རྟག་གཅིག་རང་དབང་ཅན་གྱི་བདག་ཡོད་པའི་སྟེང་ནས་ཚངས་པ་ཆེན་པོའམ། སྤྱི་གཙོ་བོ་སོགས་མངོན་སུམ་དུ་བདག་དེས་མཐོང་བའི་ཚེ་ཐར་པ་འཐོབ་པར་འདོད། འོན་ཀྱང་ནང་པ་སངས་རྒྱས་པས་ནི། བདག་དང་བདག་གི་བ་མེད་པ་རྣལ་འབྱོར་མངོན་སུམ་གྱིས་དམིགས་པས་སྲིད་པའི་རྒྱུན་ཆད་པ་དེ་ཐར་པ་ཡིན་པར་འདོད།
དེ་བཞིན་སྡུག་བདེན་ལ་ཆ་བཞག་ན། མུ་སྟེགས་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་འདུས་བྱས་ཀྱི་ཆོས་ཡོངས་ལ་ཁྱབ་པ་ཁས་མི་ལེན།
དེ་བཞིན་ཀུན་འབྱུང་གི་བདེན་པ་ལ་ཆ་བཞག་ན། བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས།། རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད།། ཅེས་གསུངས་པ་བཞིན་བདག་ནི་ཉོན་མོངས་ཀྱི་རྩ་བར་ཁས་ལེན་ཀྱང། ཕྱི་རོལ་མུ་སྟེགས་པ་སུས་ཀྱང་དེ་ལྟར་ཁས་མི་ལེན།
ཡང་འགོག་བདེན་ལ་ཆ་བཞག་ན། བདག་བཀག་པའི་འགོག་པ་དེ་འདྲ་ནི་ཕྱི་རོལ་པ་སུ་ཡི་བློ་ཡུལ་དུ་མི་ཤོང་། དེ་ཡང་། ཕུང་པོ་སྐད་ཅིག་སྨྲ་བ་ཡི།། ཤཱཀྱ་པ་རྣམས་བདག་མེད་ན།། མཐོ་རིས་ཐར་པ་ལ་དགོས་པའི།། འབད་པ་དོན་མེད་ཉིད་དུ་འགྱུར།། ཞེས་ཧང་སང་མདོག་བྱེད།
ལམ་བདེན་ལ་ཆ་བཞག་ན། ཕྱི་རོལ་པ་ནི་ལམ་གྱི་སྤང་བྱ་བདག་མིན་ཀྱང་། ནང་པ་སངས་རྒྱས་པ་ནི་ལམ་གྱི་སྤང་བྱའི་གཙོ་བོ་བདག་ཡིན་པ་ཡོངས་གྲགས་རེད།
དེས་ན་ལམ་ཞིག་བསྒོམས་ན་འབྲས་བུ་འཐོབ་པ་ནི་ངེས་ཀྱང་། འབྲས་བུ་ལ་ཁྱད་པར་ཡོད་དོ།། ནང་པ་སངས་རྒྱས་པས་ཕྱི་རོལ་པ་ལ་ཐར་པ་མེད་ཅེས་པ་ནི། ནང་པའི་གཞུང་ནས་བཤད་པའི་ཐར་པ་མེད་ཟེར་བ་མ་གཏོགས། ཁོ་རང་ཚོ་རང་རང་གིས་དཀའ་ཐུབ་ཅིག་སྤྱད་ནས་འཐོབ་རྒྱུ་གང་ཡང་མེད་ཅེས་པའི་དོན་ནི་མ་ཡིན་ནོ།།
མགོན་པོ་ཀླུ་སྒྲུབ་ཀྱིས། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད།།ཅེས་པ་ལྟར་རྒྱ་གར་མཁས་པ་དེ་ཚོས་ཕྱི་རོལ་བའི་གྲུབ་མཐའ་ལ་ཟུར་ཟ་ལྟ་བུར་མཛད་པ་ཡང་འབྱུང་བཞིའི་སྟེང་དུ་ཐར་བ་མི་འདོད་པས་ཐར་བ་ནི་སེམས་ཀྱི་སྟེང་དུ་བཞག་དགོས་པ་རེད།
༄། །དཔལ་ལྡན་ཟླ་བས། །སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་པ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་ཐར་པ་ནི། སྒྲུབ་ན་ཁྱིམ་ན་གནས་ནའང་ཐར་པ་ཡོད། ཅེསལུས་ཁྱིམ་པར་གནས་ཀྱང་སེམས་ཉོན་མོངས་པའི་གཞན་དབང་དུ་མ་སོང་བའམ་མ་བཅིངས་པ་ཞིག་་ཐར་པ་ཞེས་བརྗོད་པར་སྙམ། སེམས་ཐར་པ་དང་ལུས་ཐར་པ་གཉིས་དང་། སེམས་བདེ་དང་ལུས་བདེ་གཉིས་ལས་སེམས་བདེ་དང་སེམས་ཐར་གཉིས་སྒྲུབ་དཀའ་བ་ཡིན། ཐར་པ་དང་ངེས་ལེགས་ནི། དངོས་སྟོབས་རིགས་པས་སྒྲུབ་ཐུབ་པར་གསུངས་ཡོད། དེས་ན་ཐར་པ་དེ་ཡོད་ན་རྟག་མི་རྟག་གང་ཡིན་ནམ། མི་རྟག་པ་བཞག་ན་བདེ་པོ་མེད། ཐར་པ་བརྟན་པོ་མེད་ན་གཏན་གྱི་འདུན་མ་ཞེས་གཏན་ཆགས་པ་མིན་པའི་ཐར་པར་ཡིད་རྟོན་དཀའ། རྟག་པ་ཡིན་ན་རང་ལས་འབྲེལ་མེད་ཕྱི་རོལ་གླིང་ལྟ་བུ་བཞག་ན་སྐྱོན་ཡོད། དེ་མིན་རང་གི་སེམས་སྟེང་ནས་མ་གཏོགས་ལུས་ནི་ངེས་པར་འཇིག་རྒྱུ་ཡིན་པས་སོ།།སེམས་ཀྱི་གནས་ལུགས་སྟོང་ཉིད་དེར་གློ་བུར་དྲི་མ་བྲལ་བའི་དབྱིངས་དེ་ཐར་པ་འཇོག་ན་སྐྱོན་མེད་དམ་སྙམ།
སྟོན་པའི་ཆོས་ཚུལ། ཀླུ་སྒྲུབ་ཡབ་སྲས་ཀྱི་རིང་ལུགས། དཔལ་ལྡན་ཟླ་བའི་རིགས་ལམ་སྟེང་ནས་ཐོན་པའི་ཐར་པ་ནི། རང་ངོས་ནས་གྲུབ་པས་སྟོང་པའི་སྟོང་ཉིད་སྟེང་ནས་ཡིན་ལུགས་ཕུ་ཐག་ཆོད་གོས་ན། ཐར་པའི་རྣམ་གཞག་དེ་ནི་འཇོག་པར་དཀའ་འོ།།