སློབ་དཔོན་ཟམ་གདོང་རིན་པོ་ཆེ།
སྨན་གྱི་རིག་པ་ནི་འཇིག་རྟེན་འདིར་རིག་གནས་ཁག་བྱུང་བ་དང་མཉམ་དུ་དར་བའི་ཆེས་གནའ་བོའི་རིག་གཞུང་ཡིན་པ་དང་།དེ་ཡང་ས་ཁུལ་དང་ཡུལ་ལུང་མི་འདྲ་བའི་ནང་སྐད་ཡིག་འདྲ་མིན་དུ་ནད་གསོ་བའི་སྨན་གྱི་རིག་གནས་རྒྱས་བསྡུས་སྣ་ཚོགས་སུ་དར་བ་རྣམས་ཀྱི་ནང་ནས་འཕགས་ཡུལ་གྱི་ཚེའི་རིག་བྱེད་ནི་བྱུང་སྔ་ཤོས་དང་། གཞུང་རྒྱས་ཤོས། ལག་ལེན་ཟབ་ཤོས་བྱུང་འདུག རིག་བྱེད་འདིའི་གཞུང་རྣམས་ཀྱི་ཁོག་འབུབས་པའི་སྐབས་ཕལ་ཆེར་ཡན་ལག་བརྒྱད་དུ་ཕྱེ་བས་འདིའི་རྩ་གཞུང་མང་པོར་ཡན་ལག་བརྒྱད་པ་ཞེས་འབོད།
བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་མ་བྱུང་བའི་སྔོན་ནས་ངག་རྒྱུན་གསོ་རིག་ཅིག་ཡོད་པར་མངོན་ཡང་། ད་ལྟ་མཐོང་ཆོས་སུ་མ་བཞུགས། ད་ཡོད་བོན་གྱི་སྨན་གཞུང་རྣམས་ནི་བོད་དུ་ནང་པའི་གསོ་རིག་དར་བའི་རྗེས་སུའང་དུས་མཉམ་ལྟ་བུར་བྱུང་བ་དཔོག་ནུས། བོད་དུ་གསོ་རིག་དར་ཁྱབ་ཐོག་མ་ནི་ཕྱི་ལོ་བརྒྱ་་ཕྲག་བརྒྱད་པའི་འགོ་སྟོད་དུ་བྱོན་པའི་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་རྒྱ་གར་དུ་ལན་མང་བྱོན་ཏེ་མཁས་པ་མང་པོ་ བསྟེན་ནས་འཕགས་ཡུལ་གྱི་ཚེའི་རིག་བྱེད་ལ་བྱང་ཆུབ་པ་མ་ཟད། རྒྱ་ནག་དང་ཤར་གླིང་ དབུས་མའི་ཡུལ་ལུང་ཁག་ཏུ་དར་བའི་སྨན་གྱི་རིག་གཞུང་གཞན་དག་ལའང་ཐུགས་སྣང་གིས་ལེགས་ཆ་བསྡུས་པའི་ཐོག བོད་ཀྱི་གནའ་བོའི་སྲོལ་རྒྱུན་ནས་ཀྱང་ཁ་བསྐངས་ཏེ་རྒྱ་གར་གྱི་ ཚེའི་རིག་བྱེད་ལས་ལོགས་སུ་རང་རྐང་ཚུགས་པའི་གསོ་བ་རིག་པའི་ཤིང་རྟའི་སྲོལ་གསར་པ་ཞིག་ཕྱེ་བར་མཛད།
རིག་གནས་ལྔའི་དབྱེ་བ་ཕྱེ་ཚུལ་འདི་ནང་པའི་ཐུན་མིན་བཞེད་སྲོལ་ཡིན་སྟབས། རྒྱུད་བཞི་རྩོམ་པོ་པོས་ཀྱང་རིག་གནས་འདི་ལ་ཚེའི་རིག་བྱེད་དང་། སྨན་དཔྱད་རིག་པ་སོགས་ཀྱི་ཐ་སྙད་མ་སྦྱར་བར་ནང་པའི་སྲོལ་དང་བསྟུན་ཏེ་གསོ་བ་རིག་པ་ཞེས་པའི་བརྡ་ཆད་འབའ་ཞིག་གཙོ་འདོན་མཛད་པས་དེང་སྐབས་སྤྱིར་གསོ་རིག་དང་བོད་ཀྱི་གསོ་རིག་རྣམ་གྲངས་པ་ལྟ་བུར་གྱུར།
བོད་ཀྱི་གསོ་བ་རིག་པའི་རྩ་གཞུང་དཔལ་ལྡན་རྒྱུད་བཞིར་གྲགས་པ་འདི་བོད་ཀྱི་རྩོམ་པ་པོས་བོད་སྐད་དུ་བརྩམས་པའི་བོད་གཞུང་འཁྲུལ་མེད་ཅིག་ཡིན་ནའང་། གཞུང་ཁུངས་བཙུན་པར་སྟོན་པ་དང་། ཉན་པ་པོ་སྤྲོ་བ་སྐྱེད་པའི་ཆེད་དུ་རྒྱལ་བ་རྡོ་ཆེ་འཆང་གིས་གསུངས་པའི་རྒྱུད་སྡེ་རྣམས་དང་མཚུངས་པར་མཚན་ལའང་རྒྱུད་ཀྱི་ཐ་སྙད་སྦྱར་ཞིང་། གཞུང་གི་དབུར་ཡང་མཚན་སྨྲོས་པ་དང་མཚན་བསྒྱུར་བ་སོགས་མཛད་པ་མ་ཟད། གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་ཤྰཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་སོགས་བཀོད་ཡོད་ཀྱང་། དོན་དུ་གཞུང་འདི་སངས་ རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང་། འདིའི་རྩོམ་པ་པོ་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གང་རུང་ཞིག་གམ་གང་ལྟར་བོད་ཀྱི་མཁས་པ་ཞིག་ཡིན་པར་ཚིག་ཐག་ཆོད་པོས་བརྗོད་ནུས། འོན་ཀྱང་གཞུང་འདི་རྩོམ་ཡིག་རང་བཞིན་པའི་ ངོ་བོར་བརྩམས་པ་ཞིག་ཡིན་ནམ་གཏེར་མ་ཡིན། ཡང་ན་དག་སྣང་དགོངས་གཏེར་ལྟ་བུ་ ཞིག་ཡིན་ཁ་ཚོན་གཅད་དཀའ་བར་སྣང་།
བོད་ཀྱི་འགྲེལ་མཛད་མཁས་དབང་འགའ་རེས་གཞུང་འདི་བཀའ་ཡིན་པ་དང་རྒྱ་སྐད་ནས་བོད་དུ་བསྒྱུར་བ་ཉིད་དུ་འགྲེལ་འདུག་པ་ཇི་ལྟར་དྲང་སྙམ་ན། འགྲེལ་མཛད་དེ་དག་གི་གསུང་ཚུལ་རྣ མས་དགོངས་གཞི་དགོངས་པས་དྲང་དོན་དུ་འགྲེལ་རྒྱུ་ལས་སྒྲ་ཇི་བཞིན་པར་ བཟུང་ན་རིགས་པའི་གནོད་པ་མི་ཁེབས།
བཻ་དཀར་དུའང་། “ཇ། དཀར་ཡོལ། མ་བུ་དགྲ་གྲོགས་སོགས་ཚིག་གི་ཡས་མས་མང་པོར་རྒྱ་གར་གྱི་མིན་པ་ཡོད་པར་བརྟེན་བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྟག་ལོ་སོགས་མཁས་པ་ཁ་ཅིག་ཀྱང་བོད་ཀྱི་བསྟན་བཅོས་སུ་འཁྲུལ་པ་དང་།” ཞེས་རྒྱུད་བཞིའི་ནང་རྒྱ་གར་དུ་མ་གྲགས་པའི་ཚིག་མང་པོ་ཡོད་པ་ཞལ་གྱིས་བཞེས་པའི་ཐོག སྙིགས་དུས་ཀྱི་སྐྱེ་བོ་ཚིག་ལ་བལྟ་བ་རྣམས་དྲང་ཕྱིར་ཐམས་ཅད་བཀའ་ལྟར་མཛད་པ་ལས་ཁ་སྐོང་བསྟན་བཅོས་ཀྱི་ཚིག་མང་པོ་གཡུ་ཐོག་པས་བསྣན་པ་ཡིན་ཚུལ་ཞལ་བཞེས་མ་གནང་མཐུ་མེད་བྱུང་འདུག རྒྱུད་བཞིའི་ནང་བཀའ་ཡིན་པའི་ཚིག་ཡོད་དུ་ཟིན་ནའང་། དེ་དག་གང་ནས་དྲངས་པའི་གཞུང་བཀའ་འགྱུར་དུ་མ་བཞུགས་ཤིང་། རྒྱ་དཔེའང་མཇལ་དུ་མེད། ལར་ནས་གཞུང་དཀྱུས་སུ་བཀའ་ཡིན་པའི་ཚིག་ཡོད་པ་ཙམ་གྱིས་གཞུང་དེ་བཀར་མི་འགྲུབ་སྟེ། བསྟན་ བཅོས་ཕལ་མོ་ཆེའི་ནང་མདོ་རྒྱུད་ཀྱི་ལུང་དུ་མ་དྲངས་པ་མཐོང་ཆོས་སུ་ཡོད་པས་སོ།།
གོང་སྨོས་ཀྱི་བོད་ཚིག་དེ་དག་མ་ཟད། གླེང་གཞིའི་སྐབས་”ཐང་ལ་འབར་”ཞེས་པ་དང་། དགྲ་ཕྱྰ་སྲོག་ཕྱྰ་སོགས་”ཕྱྰ་”ཡིག་དང་། མཛུབ་གུང་སྲིན་གསུམ་ལ་”ཚོན་ཀན་ཆག་” གསུམ་གྱི་ཐ་སྙད་སྦྱར་བ་དང་། “འབྲི་མར་”ཞེས་པ་སོགས་ལེའུ་བཞི་གའི་ནང་རྒྱ་སྐད་ལ་ མ་གྲགས་པའི་བོད་ཚིག་ཇི་སྙེད་ཅིག་སྣང་བ་མ་ཟད། འདིའི་རྒྱ་གར་སྐད་ཀྱི་མཚན་སྨོས་ སྐབས་ལེགས་སྦྱར་སྤྱི་འགྲོས་དང་མི་མཐུན་པར་ཨངྒཨཥྚ་ཞེས་འབྱུང་བའང་ཆེད་གཉེར་བརྡ་ཐབས་ཤིག་མིན་ནམ་སྙམ་པ་བཅས་ལ་བརྟེན་གཞུང་འདི་བཀའ་ཡིན་པ་དང་། རྒྱ་སྐད་ནས་ བསྒྱུར་བ་ཡིན་པའི་ཨུ་ཚུགས་བྱ་རྒྱུར་དགོས་པ་མཐོང་། སྰར་ནྰཐར་སྨན་གྱི་རི་བོ་ད་ལྟའང་ཡོད་པར་གསུངས་པ་སོགས་ནི་བྱིས་པ་ངོ་མཚར་སྐྱེད་བྱེད་ཙམ་དུ་ཟད་དོ།།
གལ་ཏེ་རྒྱུད་བཞི་གཙོ་བོ་རྒྱ་གར་གྱི་སྐད་ནས་བསྒྱུར་བར་འདོད་ན་བོད་ཀྱི་གསོ་བ་རིག་པའང་འཕགས་ཡུལ་གྱི་ཚེའི་རིག་བྱེད་ཀྱི་ཆ་ཤས་ཙམ་ལས་བོད་ཀྱི་ཐུན་མིག་རིག་གནས་ཡིན་པ་ནམ་མང་མི་འགྲུབ།
དེང་དུས་ཀྱི་མཁས་པ་འགས་རྒྱུད་བཞི་ཡོན་ཏན་མགོན་པོ་རྙིང་མས་བརྩམས་ཚུལ་གསུངས་པའང་བྱུང་བ་རིག་པ་དང་མཐུན་དཀའ་ཞིང་། ཅི་སྟེ་དེ་འདྲ་ཞིག་ཏུ་ངེས་པར་བསྒྲུབ་འདོད་ན་རྒྱུད་བཞི་ཆ་ཚང་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་བརྩམས་ཏེ་ཡོངས་གྲགས་མ་གནང་བར་གཏེར་དུ་སྦས་པ་ཕྱིས་སུ་གྲྭ་པ་མངོན་ཤེས་སམ། ཡང་ན་གཡུ་ཐོག་ཡོན་ཏན་མགོན་པོ་གསར་མ་སུ་རུང་ཞིག་གིས་གཏེར་ནས་བཞེས་ཞེས་བཤད་ན་རིགས་པའི་གནོད་པ་ཉུང་ངམ་སྙམ།
དེ་ལྟར་རྒྱུད་བཞི་བོད་གཞུང་ཡིན་ཡང་གཞུང་སྤྱིའི་ཁོག་འབུབས་སྟངས་རྒྱུད་དང་རྒྱ་གཞུང་ལ་གང་མཐུན་གནང་འདུག་པ་ནི་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་སམ་གཞི་རྟེན་གཙོ་བོ་རྒྱ་གར་གྱི་ཚེའི་རིག་བྱེད་ཡིན་པ་གསལ་བར་བྱ་བའི་ཕྱིར་དེའི་རྩོམ་འགྲོས་དང་མཐུན་པར་མཛད་དམ་སྙམ། གཞུང་འདིའི་མཚན་ལའང་”བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་”ཅེས་གསུངས་ཏེ་མི་ན་བར་གནས་པ་དང་། ན་བ་གསོ་བའི་ཐབས་སུ་ འཕགས་ཡུལ་གྱི་སྨན་གཞུང་མང་ཆེ་བ་ཡན་ལག་བརྒྱད་དུ་བསྡུས་ནས་གསུངས་པ་ལྟར་འདིར་ཡང་ཡན་ལག་བརྒྱད་དུ་བསྡུས་ཤིང་། སྣོད་མིན་ལ་གསང་བའི་མན་ངག་གི་རྒྱུན་ རྫོགས་པར་ཡོད་པས་མན་ངག་གི་རྒྱུད་ཀྱི་མཚན་འདོགས་པར་སྣང་། དེ་བཞིན་གསང་སྔགས་ཀྱི་རྒྱུད་སྡེ་གཞན་དང་མཐུན་པར་རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་རྒྱུད་ཅེས་མཚན་ འདོགས་ཀྱང་དོན་དུ་རྒྱུད་བཞི་ག་རྒྱུད་གཅིག་གི་ཆ་ཤས་ཡིན་པ་ལས་རྒྱུད་རང་རྐྱ་བ་བཞི་མིན་པ་དང་། བརྗོད་དོན་ཁ་ཤས་ཟློས་པ་ལྟ་བུར་སྣང་ཡང་དེ་དག་མདོར་བསྟན་རྒྱས་ བཤད་དམ། ཡང་ན་དོགས་སེལ་བོགས་འདོན་གྱི་ཚུལ་དུ་རབ་ཏུ་བྱེད་པ་འདྲ་མིན་གྱིས་ བསྟན་པ་ལས་ཟློས་སྐྱོན་མིན། གསོ་བ་རིག་པ་མཐར་ཕྱིན་པ་ཞིག་སྦྱང་བར་རྒྱུད་བཞི་གར་ཐོས་བསམ་མ་བྱེད་པར་མི་འགྲུབ་པས་རྒྱུད་བཞི་དུམ་བུ་ཐ་དད་དང་ལེའུའི་གྲངས་སོ་སོར་བཞུགས་ཀྱང་མཚན་གཅིག་དང་། བརྗོད་དོན་མཐར་ཆགས་སུ་གནས་སོ།། འོ་ན་གཞུང་ལས་བློ་རབ་འབྲིང་མཐའ་གསུམ་དང་ཤིན་ཏུ་རྨོངས་པ་བཅས་བཞི་ལ་རྒྱུད་བཞི་གསུངས་པར་བཤད་ན་རྒྱུད་རེ་རེས་ཀྱང་གསོ་བ་རིག་པའི་བརྗོད་བྱ་ཚང་བར་བསྟན་མི་དགོས་སམ་ཞེ་ན། རྒྱུད་ཀྱི་དུམ་བུ་སོ་སོའི་ཆེད་དུ་བྱ་བའི་གདུལ་བྱའི་བློ་རབ་འབྲིང་ཡོད་སྲིད་ཀྱང་གསོ་བ་རིག་པའི་རྒྱུད་བཞི་ཡུམ་རྒྱས་འབྲིང་ལྟ་བུར་རྗོད་བྱེད་རྒྱས་བསྡུས་ལས་བརྗོད་བྱ་གཅིག་ཡིན་པ་ཁོ་བོ་མི་འདོད། གསོ་རིག་གི་དོན་ས་བོན་གྱི་ཚུལ་དུ་སྟོན་པ་རྩ་རྒྱུད་དང་། དེ་དག་བཤད་ཐབས་ ཀྱི་སྒོ་ནས་བསྟན་པའི་བཤད་རྒྱུད། ལག་ལེན་གྱི་སྒོ་ནས་བསྟན་པའི་མན་ངག་གི་རྒྱུད། དེ་དག་ ལ་དོགས་སེལ་བོགས་འདོན་དང་ཁྱེར་བདེ་བར་བསྟན་པའི་ཕྱི་མ་རྒྱུད་དེ་རྒྱུད་བཞི་རྗོད་བྱེད་རྒྱས་བསྡུས་ཙམ་མིན་པར་བརྗོད་བྱ་དང་བསྟན་ཚུལ་མཚུངས་པ་ལས་མི་མཚུངས་པ་མང་བ་ ཤིན་ཏུ་གསལ་ལོ།། དེ་ཡང་རྩ་རྒྱུད་རང་དུ་གསོ་བ་རིག་པའི་ངོ་བོ་དང་དེ་ལ་བསླབ་ཚུལ་ བསྟན་པའི་སྐབས་མི་ན་བར་གནས་པ་དང་། ན་བ་གསོ་བའི་ཐབས་ལ་གསོ་རིག་ཏུ་བསྟན་ཏེ་ དེ་ཇི་ལྟར་བསླབ་པའི་ཚུལ་ལ་རྒྱུད་དང་། ཡན་ལག གནས། སྐབས། མདོ། ལེའུ་བཅས་ལ་ བསླབ་པར་གསུངས་པས་དེ་དག་རྒྱུད་བཞི་གར་མ་བསླབ་པར་མི་འགྲུབ་བོ།། དེ་ཡང་རྒྱུད་ལ་སློབ་ཚུལ་དུ་རྒྱུད་བཞི་གར་བསླབ་དགོས་པར་གསུངས་པ་མ་ཟད། ཡན་ལག་ དང་། སྐབས་ལ་སློབ་ཚུལ་དུའང་ཡན་ལག་བརྒྱད་ཀ་དང་། སྐབས་བཅོ་ལྔ་ཡོངས་ལ་བསླབ་ དགོས་པར་གསུངས་པས་དེ་རྣམས་རྒྱུད་གཅིག་ཏུ་ཚང་བར་མ་བསྟན་ནོ།
རྒྱུད་འདིའི་མཚན་ལ”་ཡན་ལག་བརྒྱད་པ་”ཞེས་གསུངས་པ་མ་ཟད། བསླབ་ཚུལ་དུའང་ ཡན་ལག་བརྒྱད་གཙོ་བོར་བསྟན་པ་འདི་རྒྱ་གར་གྱི་ཚེའི་རིག་བྱེད་ཀྱི་གཞུང་ལུགས་སྤྱི་དང་། ཁྱད་པར་ནང་པའི་མཁས་པ་སློབ་དཔོན་ཕ་ཁོལ་གྱིས་བརྩམས་པའི་ཡན་ལག་བརྒྱད་པའི་སྙིང་པོ་དང་དེའི་འགྲེལ་པ་འགྲེལ་བཤད་སོགས་ལ་གཙོ་བོ་ཁུངས་བཅོལ་བར་གསལ་ཞིང་། ཡན་ལག་བརྒྱད་ཐད་ཀར་བགྲངས་སྐབས་རྩ་རྒྱུད་དང་ཡན་ལག་བརྒྱད་པའི་སྙིང་པོ་གཉིས་ཡན་ལག་གཅིག་གི་དོན་མི་མཚུངས་ཀྱང་སྐབས་བཅོ་ལྔ་བཤད་སྐབས་གོང་དུ་མ་གསལ་བའི་ཡན་ལག་དེ་ཡང་གསལ་བས་རྒྱུད་བཞིས་ཡན་ལག་བརྒྱད་པའི་སྙིང་པོའི་བརྗོད་བྱ་ཆ་ཚང་བ་བསྟན་པའི་ཐོག་ད་དུང་ལྷག་མ་མང་པོ་སྟོན་པ་བདེ་བླག་ཏུ་རྟོགས་ནུས་སོ།།
དེ་ལྟར་གལ་གནད་ཆེ་བའི་རྒྱུད་བཞི་འདིའི་རྩ་རྒྱུད་དང་། བཤད་རྒྱུད་གཉིས་དྷ་ས་སྨན་རྩིས་ཁང་ནས་ཨིན་སྐད་དུ་སྒྲ་བསྒྱུར་གྱིས་པར་བསྐྲུན་ཟིན་རྗེས། ད་ཆ་ཕྱི་མ་རྒྱུད་ཀྱང་ཨིན་བསྒྱུར་གྱིས་རྒྱུད་གསུམ་ཆ་ཚང་ཨིན་སྐད་དུ་པར་སྐྲུན་གནང་བ་འདིས་བོད་ཀྱི་གསོ་བ་རིག་ པའི་རྒྱུན་འཛིན་དང་ཁྱབ་སྤེལ། དེང་རབས་ཀྱི་མཁས་པ་ཚོས་ཉམས་ཞིབ་དང་མཚུངས་བསྡུར་བྱ་གཞི་སོགས་ལ་ཕན་རླབས་ཧ་ཅང་ཆེ་བ་ཡོང་རྒྱུ་གདོན་མི་ཟ་ཞིང་། འབྱུང་འགྱུར་ མན་ངག་ཡོན་ཏན་རྒྱུད་ཀྱང་བསྒྱུར་ཐུབ་ན་གསོ་རིག་བསྟན་པའི་གསོས་སྨན་དུ་འགྱུར་ངེས། ཕྱི་རྒྱུད་འདིར་ཤིན་ཏུ་གལ་གནད་ཆེ་བའི་རེག་པ་རྩ་དང་མཐོང་བ་ཆུ་ལ་བརྟག་ཐབས་རྒྱས་པར་བསྟན་པའི་ལེའུ་གཉིས། སྨན་སྦྱོར་སྡེ་ཚན་བཅུའི་རྒྱས་བཤད་ལ་ལེའུ་བཅུ། ལས་ལྔ་སྔོན་ འགྲོ་ལོག་གནོན་བཅས་ལ་ལེའུ་བདུན། དཔྱད་ལྔ་ལོག་གནོན་བཅས་ལ་ལེའུ་དྲུག རྒྱུད་བཞི་ མཇུག་དོན་བསྡུས་པའི་ལེའུ་གཅིག རྒྱུད་ཡོངས་སུ་གཏད་པའི་ལེའུ་གཅིག་བཅས་ཁྱོན་ ལེའུ་ཉེར་བདུན་བཞུགས་པ་ལས་མཇུག་དོན་དང་ཡོངས་གཏད་རྒྱུད་བཞིའི་སྤྱི་ཁྱབ་དང་། དེ་འཕྲོས་ཕྱི་མའི་རྒྱུད་ཉིད་ཀྱི་ཐུན་མིན་བརྗོད་བྱ་བསྟན་པའི་ལེའུ་ཡིན་པས། སྨན་པ་སུ་ཞིག་འཚོ་བྱེད་ཀྱི་ལས་སུ་ཞུགས་པ་ལ་ཕྱི་མའི་རྒྱུད་ཀྱི་བསྟན་དོན་ཡོངས་རྫོགས་ལ་ངེས་པར་བྱང་ཆུབ་དགོས་པ་་ཡིན་ནོ།།
དེ་ལྟ་བུའི་རྩ་ཆེའི་རྒྱུད་འདི་ཨིན་སྐད་དུ་སྒྱུར་བ་པོ་ལོ་ཙྰ་བ་རྣམས་ཀྱིས་གུས་རྟག་གི་བརྩོན་ ཤུགས་ཆེན་པོས་གཞུང་དོན་རྣམས་ལྷག་ཆད་ནོར་གསུམ་གྱི་སྐྱོན་དང་བྲལ་བར་བསྒྱུར་འདུག་པ་ཡི་རངས་བསྔགས་བརྗོད་ཀྱི་གནས་སུ་གྱུར་ཅིང་། བོད་སྐད་ནས་ཨིན་སྐད་དུ་སྒྱུར་ཐབས་ བཀས་བཅད་ལམ་སྟོན་སོགས་མེད་པས་ལོ་ཙྰ་བ་སོ་སོའི་རང་འདོད་ལྟར་སྐད་དོད་དང་ཚིག་འགྲོས་གང་སར་མཐུན་མིན་ཇི་སྙེད་ཅིག་ཡོད་སྟབས་མཐའ་གཅིག་ཏུ་ཞུས་ཤིང་དག་པའི་ ཚད་གཟུང་དཀའ་ནའང་། འགྱུར་འདིས་ལོག་རྟོག་སྤེལ་བའི་ཉེན་ཁ་མེད་པ་ཚིག་ཐག་ ཆོད་པོས་སྨྲ་ནུས་སོ།།
དེ་སྐད་དུ་ཤྰཀྱའི་དགེ་སློང་ཟམ་གདོང་པ་བློ་བཟང་བསྟན་འཛིན་གྱིས་ཕྱི་ལོ་ ༢༠༡༡ ཟླ་༢ ཚེས་༨ ཉིན་ཆེད་དུ་བརྗོད་པ་དགེ་བར་གྱུར་ཅིག། ཇཡཇགཏ།། །།
་་་་་་་་་་་ བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་མ་བྱུང་བའི་སྔོན་ནས་ངག་རྒྱུན་གསོ་རིག་ཅིག་ཡོད་པར་མངོན་ཡང་། ད་ལྟ་མཐོང་ཆོས་སུ་མ་བཞུགས། ད་ཡོད་བོན་གྱི་སྨན་གཞུང་རྣམས་ནི་བོད་དུ་ནང་པའི་གསོ་རིག་དར་བའི་རྗེས་སུའང་དུས་མཉམ་ལྟ་བུར་བྱུང་བ་དཔོག་ནུས། ་་་་་་་་་་
ཞེས་དང་།
་་་་་་་་་་་་ གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་ཤྰཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་སོགས་བཀོད་ཡོད་ཀྱང་། དོན་དུ་གཞུང་འདི་སངས་ རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང་། ་་་་་་་་་་་་་་
སློབ་དཔོན་ཟམ་གདོང་ནི་རྒྱ་གར་ཧིན་དྷུའི་ལྟ་བ་ཤུགས་ཆེན་པོ་ཡོད་པར་མ་ཟད་ཁོང་ཧིན་དྷུའི་ལྟ་བ་ཤུགས་ཆེར་འཛིན་པའི་ཚོགས་པ་ཞིག་གི་ཚོགས་མི་ཞིག་ཡིན་པའང་གོ་ཐོས་བྱུང་བདེན་མིན་མི་ཤེས།། ཁོང་བཀའ་བློན་གནང་སྐབས་སུ་མོན་ཏ་བང་རྒྱ་གར་གྱི་ཡིན་རབས་བསྒྲུབ་ཡོང་སྟངས་དང་གཞན་ཡང་བོད་ཀྱི་ཡོད་ཚད་རྒྱ་གར་ལ་གཏུག་སྟངས་འདི་ལ་མོས་མཐུན་བྱེད་ཁག་པོ་རེད། དེ་ལ་བལྟ་དུས་ཆབ་སྲིད་ཀྱང་དགོངས་ཀྱི་ཨེ་ཡོད་ན་བསམ་བྱུང།
༼ད་ཡོད་བོན་གྱི་སྨན་གཞུང་རྣམས་ནི་བོད་དུ་ནང་པའི་གསོ་རིག་དར་བའི་རྗེས་སུའང་དུས་མཉམ་ལྟ་བུར་བྱུང་བ་དཔོག་ནུས། བོད་དུ་གསོ་རིག་དར་ཁྱབ་ཐོག་མ་ནི་ཕྱི་ལོ་བརྒྱ་་ཕྲག་བརྒྱད་པའི་འགོ་སྟོད་དུ་བྱོན་པའི་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་རྒྱ་གར་དུ་ལན་མང་བྱོན་ཏེ་མཁས་པ་མང་པོ་བསྟེན་ནས་འཕགས་ཡུལ་གྱི་ཚེའི་རིག་བྱེད་ལ་བྱང་ཆུབ་པ་མ་ཟད། རྒྱ་ནག་དང་ཤར་གླིང་དབུས་མའི་ཡུལ་ལུང་ཁག་ཏུ་དར་བའི་སྨན་གྱི་རིག་གཞུང་གཞན་དག་ལའང་ཐུགས་སྣང་གིས་ལེགས་ཆ་བསྡུས་པའི་ཐོག བོད་ཀྱི་གནའ་བོའི་སྲོལ་རྒྱུན་ནས་ཀྱང་ཁ་བསྐངས་ཏེ་རྒྱ་གར་གྱི་ཚེའི་རིག་བྱེད་ལས་ལོགས་སུ་རང་རྐང་ཚུགས་པའི་གསོ་བ་རིག་པའི་ཤིང་རྟའི་སྲོལ་གསར་པ་ཞིག་ཕྱེ་བར་མཛད།༽
འདིར་བོན་གྱི་སྨན་གཞུང་སྐོར་ནས་གླེང་དུས་ཚིག་ཐག་ཆོད་མདོག་གིས་བོད་དུ་གསོ་རིག་དར་ཁྱབ་ཐོག་མ་ནི་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མས་བྱས་རགས་བཤད་བཞག །
༼གླེང་གཞིའི་ནང་དྲང་སྲོང་གི་གནས་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཏུ་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་སོགས་བཀོད་ཡོད་ཀྱང་། དོན་དུ་གཞུང་འདི་སངས་རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང་། འདིའི་རྩོམ་པ་པོ་ཡང་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གང་རུང་ཞིག་གམ་གང་ལྟར་བོད་ཀྱི་མཁས་པ་ཞིག་ཡིན་པར་ཚིག་ཐག་ཆོད་པོས་བརྗོད་ནུས།༽
ཡང་འདིར་གསོ་རིགས་ཀྱི་གཞུང་འདིའི་མཛད་པ་པོ་སུ་ཡིན་དང་མིན་ཁ་གསལ་པོ་མེད་པའི་སྒང་ལ། གམ་སྒྲ་ཞིག་གིས་བརྒྱན་ཏེ་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་སུས་ཀྱང་བྱས་རབས་ཐག་ཆོད་མི་འདུག ཆོས་ལུགས་པའི་མཁས་པ་འདི་ཚོས་གསུངས་སྟངས་འདི་རིགས་ལ་ད་ནི་ཡིད་ཐང་ཆད་སོང་ངོ་། །
ཟམ་གདོང་བླ་མས་ཚིག་ཐག་ཆོད་པོས་དོན་དུ་གཞུང་འདི་སངས་རྒྱས་ཀྱི་བཀའ་མིན་པར་བསྟན་བཅོས་ཀྱི་ངོ་བོར་གནས་པ་དང་གསུངས་བཞག དེ་འདྲ་ཡིན་ན་སྟོན་པ་ཤཱཀྱའི་རྒྱལ་པོ་སངས་རྒྱས་སྨན་བླའི་སྐུར་བཞེངས་ཏེ་གསུང་ཚུལ་དེ་དག་གཡུ་ཐོག་ཡོན་ཏན་མགོན་པོ་གསར་རྙིང་གང་རུང་ཞིག་གམ་བོད་ཀྱི་མཁས་པ་ཞིག་གིས་རྫུན་བསྒྲིགས་དེ་ལྟར་བྱས་ནས་བོད་ཀྱི་སློབ་བུ་ཚོ་མགོ་བསྐོར་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། །
ལྡོང་གསེར་མིག་ལགས་འདིར་ཚིག་ཁ་ཤས་ཅིག་བཤད་ཤོར་སོང་བས་དགངོས་འགལ་མེད་པ་ཞུ། །
མཁས་པ་མང་བོ་བདག་གིས་མཐོང་།
གཏམ་གྱི་བྱེད་པོ་མང་བོ་མཐོང་།
བྱ་བྱེད་སྤྱོད་ཀུན་སྤྱི་དོན་དུ།
པཎ་ཆེན་ཉིད་འདྲ་ཤིན་ཏུ་ཉུང་།
བོད་ཀྱི་གསོ་རིག་ཡར་རྒྱས་ནི། །
ཆང་གིས་ཁྲག་གཅོད་ལ་སོགས་པའི། །
གཉའ་ཁྲི་སྔོན་གྱི་སྨན་དཔྱད་དང་། །
གྲི་གུམ་སྐབས་ཀྱི་སྨན་པ་སོགས། །
སྟག་རི་གཉན་གཟིགས་མིག་འབྱེད་པ། །
སྲོང་བཙན་སྔོན་གྱི་སྨན་བཅོས་དག །
དེ་དག་སུ་ཡི་གསོ་རིག་རེད། །
ཟམ་གདོང་བླ་མར་དྲི་ཐལ་ཤོར། །
བོད་རྒན་སྨན་པར་གུས་བཏུད་ནས། །
སངས་རྒྱས་ཤཀ་ཐུབ་བཀའ་དྲིན་ཆེ། །
སངས་རྒྱས་སྨན་བླ་བྱིན་རླབས་ཆེ། །
ཕྱི་རོལ་དྲང་སྲོང་ལ་ཡང་འདུད། །
དེས་ན་བོད་ཀྱི་གསོ་རིག་ནི། །
སྔར་བྱུང་བོན་གྱི་མཁས་པ་དང་། །
ཕྱི་འབྱུང་རྒྱ་གར་མཁས་པ་དང་། །
རྒྱ་ཧོར་ཏག་ཟིག་ལ་སོགས་ཀྱི། །
སྨན་པའི་ཚོགས་ཆེན་མང་འཚོགས་ནས། །
བོད་ཀྱི་གསོ་རིག་བོད་ཙམ་མིན། །
ཡུལ་ལུང་མང་པོའི་སྨན་དཔྱད་དག །
གཅིག་ཏུ་བསྡུས་པའི་སྡེ་སྣོད་ལགས། །
བོད་གངས་ཅན་པའི་གནའ་བོའི་གསོ་དཔྱད་སྨན་གྱི་རིག་པའི་བྱུང་ཁུངས་དངོས་དེ། བོད་རང་ཡུལ་ཙམ་མིན་པར་གཞན་ཡུལ་གྱི་སྨན་རིག་མང་པོ་བསྡུས་ནས་བྱུང་བར་འདོད་མཁན་གྱི་ཁ་བོ་ཆེ་འདི་ཚོས་སྐད་ངན་འདི་ལྟར་ཤོར་དགོས་པའི་རྒྱུ་མཚན་རྩ་བ་དེ་གང་ལ་ཐུག་ཡོད་ཁྱེད་ཚོས་ཨེ་ཤེས། བོད་ཀྱི་ལོ་རྒྱུས་ཡོངས་རྫོགས་འདི་འདྲ་ཟང་ངེ་ཟིང་ངེ་དང་། ནག་གེ་ནོག་གེ་ཤ་སྟག་ཅིའི་ཕྱིར་དུ་བཟོས་པ་ཡིན་ནམ། བོད་རིགས་གཞོན་སྐྱེས་ཚོ་མགོ་བོ་འཐོམ་ནས་མགོ་ནད་ཕོག་ཉན་འདུག་གོ །
༼བོད་དུ་ཡིག་གཟུགས་དང་བརྡ་སྤྲོད་རིག་གནས་མ་བྱུང་བའི་སྔོན་ནས་ངག་རྒྱུན་གསོ་རིག་ཅིག་ཡོད་པར་མངོན་ཡང་།༽ ཧ་ཧ་ཧ། ཡིག་ཐོག་ན་མེད་ན་ཡོད་པ་ཤེས་བཞིན་དུ་རྩིས་མེད་ལ་གཏོང་གི་ཡིན་ཟེར་ན། དེ་ཡང་འཇིགས་པོ་ཞིག་ག་ལ་མིན། ཧ་ཧ་ཧ།
སྐད་ཆ་འདི་ཚོ་ཚང་མ་ཁྱབ་བ་མི་ཤོར་ཙམ་ལ་བཤད་པ་ལས། གནས་ཚུལ་འཚོལ་བསྡུ་ངོ་མ་ཞིག་བྱེད་ཀྱི་མེད་པ་གསལ་པོ་རེད། ཧ་ཧ་ཧ།
ང་ཚོའི་ཕ་ཡུལ་ཡང་སྔོན་མ་བོན་ཡིན། བོན་ཆོས་ལས་སངས་ཆོས་ཡག་པོ་ཡོད་པས། སངས་ཆོས་ལ་འགྱུར་བ་རེད། དེ་ནི་ཡག་པོ་ཞིག་ཡིན་ཐག་ཆོད་རེད། བོན་པོ་དེ་ཚོ་ལ་ཡ་ང་སྙིང་རྗེ་མེད་པའི་བྱེད་ལས་མང་པོ་ཡོད་པ་གོ་ཡོད། རིག་ཡོད།
ཡོད་ཚད་བོན་ནས་བྱུང་བ་རེད་ལབ་ན། ད་གཟོད་བོན་པོ་ལགས་བློ་བདེ་ངེས་རེད། གཞན་ལོ་རྒྱུས་དངོས་ལ་སོང་ན་ནི་ད་ལྟ་བོད་ཀྱི་གསོ་རིག་འདི་བོད་ཀྱི་གདོད་མའི་གསོ་རིག་ལ་རྨང་བཞག་དེའི་ཐོག་རྒྱ་དཀར་ནག་དོལ་པོ་སོགས་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ལེགས་ཆ་བསྡུས་ཡོད་པ་དངོས་གསལ་རེད་དོ།།
མི་གང་ནས་བྱུང་བ་རེད་།
འཇིག་རྟེན་འདི་གང་ནས་བྱུང་བ་རེད་།ཧ་ཧ་།
འཇིག་རྟེན་བཀོད་པ་པོའི་བཟོས་པ་རེད་།
འཇིག་རྟེན་འདི་འགུལ་ཀྱོག་ག་པར་རྒྱག་ན་འཇིག་རྟེན་བཀོད་པོའི་ལག་པར་
ཡོད་རེད་།
དྲ་འབུ་དེ་ཚོ་མི་འཇོན་འཇོན་མདོག་་།
ལོ་རྒྱུས་འདྲ་གླེང་རྐུབ་ཉི་མ་ལ་དཀྲག་།
སྟོང་བཤད་རྒྱབ་།
བོད་རྒྱ་མི་ལ་རྩིས ་སྤྲད་།
ངོ་ཚ་།
མི་རབས་རྗེས་མ་ག་པར་འགྲོ་ག་ཧ་ཧ་ཧ་
༄༅། །ན་མོ་གུ་རུ། །གསོ་རིག་འབུམ་བཞི་བོན་གྱི་མཁས་པས་མཛད། །ཨ་མདོའི་འ་ཞས་བོད་རྗེའི་མིག་ནད་བཅོས། །མི་འཇིགས་མཚོན་ཆ་སྲོང་བཙན་སྒམ་པོས་གཟིགས། །རྒྱལ་པོའི་བླ་དཔྱད་པོ་ཏི་སྨུག་པོ་བསྐྲུན། །གཡུ་ཐོག་གཉིས་ཀྱིས་གསོ་རིག་རྒྱལ་མཚན་སྦྲེངས། །མཁས་པ་མི་དགུས་སྨན་དཔྱད་ཁྱབ་བརྡལ་སྤེལ། །གྲྭ་བ་མངོན་ཤེས་ཟབ་གཏེར་སྒོ་ཆེན་ཕྱེས། །བོད་ཀྱི་གསོ་རིག་མཁན་པོ་ཕྱག་གི་ཡུལ། །
བོད་སྨན་མཁས་པ་མི་དགུ་དང་དེ་དག་གིས་མཛད་པའི་བསྟན་བཅོས་ནི། །གོང་སྨན་དཀོན་མཆོག་འཕན་དར་གྱིས་མཛད་པའི་གསོ་རིག་དགོས་འདོད་ཀུན་འབྱུང་ལས། །
བོད་དུ་ཡོངས་གྲགས་མཁས་པ་མི་དགུ་ལ། །བླ་ཡིག་འོད་འབར་མདོ་བརྒྱད་སྨན་སྒྲོམ་དང་། །ཐུགས་བདུན་སྒྲོན་མེ་ལ་སོགས་བི་བྱིའི་ལུགས།༼བི་ཇི༽ །ཡན་ལག་ཁོག་པ་བཞི་ཡི་སྒྲོམ་དང་ནི། །བསྡུས་དོན་འདུ་བ་སྤྱི་བཅོས་འུག་པའི་ལུགས། །བདུད་རྩི་ཐིག་པ་མ་བུ་སྡེ་སྐོར་དང་། །ཐིགས་ཆུང་གསལ་སྒྲོན་ལ་སོགས་ཆེར་རྗེའི་ལུགས། །ཉམས་ལེན་བརྒྱ་རྩ་ལག་ལེན་པོད་ཆུང་སོགས། །བླ་སྨན་གཉིས་པ་གཡུ་ཐོག་མགོན་པོའི་ལུགས། །ཚིག་དོན་བརྒྱད་པ་མཁས་ཁྱད་བཅུ་གཅིག་དང་། །སྨན་གྱི་ཐེམ་ཡིག་ཆེན་མོ་ལ་སོགས་པ། །མཁས་པའི་མཆོག་གྱུར་བྲང་ཏི་པ་ཡི་ལུགས། །དུམ་ཆེན་ནག་པོ་རྨ་ནི་སྐོར་གསུམ་དང་། །དམྱལ་བ་ཁྲག་འཛག་ལ་སོག་མི་ཉག་ལུགས། །སྡེ་སྐོར་བཤད་སྒྲོས་སྟོང་སྨན་སེང་གྲགས་ལུགས། །རྩ་ཚིག་སྒོས་བཅོས་མཁས་པ་གཉའ་ཡི་ལུགས། །བྱང་ཁོག་སྐོར་གསུམ་འདུ་བ་རྣམ་གསུམ་དང་། །ཐོར་དཔྱད་མུ་ཐིག་ཕྲེང་སོགས་མཐའ་བཞིའི་ལུགས། །མཁས་མཆོག་མི་དགུའི་གདམས་ངག་མཛད་ཚུལ་ཡིན། །ཞེས་པའི་ལོ་རྒྱུས་སུ་གཟི་འོད་འབུམ་དུ་འབར་བའི་མཁས་པའི་ཚོགས་ཇི་སྙེད་བྱུང་བར་ཡང་ཐུགས་ཉམས་འཇོག་དགོས་པར་སྣང་ངོ། །
སྔོན་བྱོན་མཁས་པའི་ལོ་རྒྱུས་གཏེར་མཛོད་ལ་།
དེང་དུས་སྤྱང་པོའི་རང་མིང་གྲགས་ལ་འབད་།
ཕ་ཨ་གུ་བཙན་དན་སྡོང་པོ་ལ་།
བརྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་།
བོད་ཀྱི་སྨན་དཔྱད་སློབ་སྟོན་རྙིང་། །
བོན་གྱི་སྨན་པ་བོད་པའི་དང་། །
བོད་ཀྱི་གསོ་རིག་བོད་ཀྱི་རེད། །
བོད་རིགས་ཡོངས་ཀྱིས་གསོ་རིག་སྦྱོངས། །
བོད་ཀྱི་གསོ་བ་རིག་པ་ནི་འཛམ་གླིང་འདིར་ངོམས་སུ་འོས་པའི་བོད་ཀྱི་རིག་གནས་གཅིག་བུ་འདི་རེད།
བོད་ཀྱི་གསོ་རིག་ནང་ལ། །
རླུང་འཁྲིས་བད་ཀན་གསུམ་པོ། །
འདོད་ཆགས་ཞེ་སྡང་གཏི་མུག །
གསུམ་ལས་བྱུང་བར་གསུངས་འདུག །