“ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར།”གྱི་དོ་དམ་ཚོགས་ཆུང་གིས།
ཨ་རིའི་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ལ་རྩེ་དཔེ་མཛོད་ཁང་གིས་ རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་༧ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་གི་དགོངས་གཞི་དང་ལམ་སྟོན་འོག་ ༢༠༡༦ ལོ་ནས་“ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར།” ཞེས་པའི་ལས་འཆར་ཞིག་ཟུར་འཛུགས་ཀྱིས་སྒྲུབ་བཞིན་ཡོད། དེའི་ཁོངས་ནས་བཅུ་ཚན་དང་པོའི་མ་དེབ་རྣམས་ལེགས་འདེམས་ཀྱིས་འགྱུར་ཡང་ཁག་ཅིག་གྲུབ་ཅིང་གཞན་རྣམས་འགྲུབ་ལ་ཉེ་བའི་སྐབས་འདིར་ད་ལྟ་བཅུ་ཚན་གཉིས་པའི་ལས་རིམ་སྒྲིག་བཞིན་ཡོད། ང་ཚོས་ཕྱི་རྩོམ་གྱི་མ་དེབ་འདེམས་སྐབས། འཛམ་གླིང་རྩོམ་རིག་གི་གྲས་སུ་གནས་བབ་མཐོ་ལ་ཀློག་གྲངས་ཀྱང་མཐོ་བའི་གྲས་ནས་བོད་པ་གང་མང་གི་ཀློག་ཁམས་དང་མཐུན་པར་སྙམ་པ་རྣམས་འདེམས་རྒྱུ་དེ་དམིགས་སྒོར་འཛིན་གྱི་ཡོད།
ང་ཚོས་བཅུ་ཚན་དང་པོའི་ལས་ཀ་སྒྲུབ་བཞིན་པའི་སྐབས་སུ་ཉམས་མྱོང་ཞིག་བྱུང་བ་ནི། ང་ཚོས་གསལ་བསྒྲགས་སྤེལ་ཏེ་ (འབྲེལ་ཐག་འདི་ནས་གཟིགས།) ༢༠༡༦ ལོའི་བསྒྱུར་བྱའི་གྲས་སུ་བདམས་པའི་དཔེ་དེབ་རྣམས་ཀྱི་ཐོ་གཞུང་བཀྲམས་ན་ཡང་། དེའི་ཁྲོད་ཀྱི་ཡིག་སྒྱུར་བྱེད་བཞིན་པའི་དེབ་གཅིག་བོད་ནས་བསྒྱུར་ཏེ་ཉེ་ཆར་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་ཀྱང་བྱས་ཟིན་འདུག དེས་ན་ང་ཚོས་གཞན་གྱིས་བསྒྲུབས་ཟིན་པ་ཞིག་སྐྱར་ཟློས་མི་བྱེད་པ་དང་། ང་ཚོའི་འབད་པ་ཆུད་ཟོས་སུ་མི་གཏོང་ཆེད་དེབ་དེའི་ཡིག་སྒྱུར་གྱི་ལས་མཚམས་ཅམ་འཇོག་བྱས་པ་ཡིན།
གནས་ཚུལ་འདི་འདྲ་ཡང་སྐྱར་མི་འབྱུང་ཆེད། བཅུ་ཚན་གཉིས་པའི་བསྒྱུར་བྱ་རྣམས་མཐའ་མའི་གཏན་འཁེལ་མ་བྱས་སྔོན་ལ་གསལ་བསྒྲགས་འདི་སྤེལ་ནས། གཞན་སྐད་ཀྱི་གྲགས་རྩོམ་གང་ཞིག་བསྒྱུར་འདུན་ཡོད་པའམ་ཡང་ན་ད་ལྟ་སྒྱུར་བཞིན་པའི་ལོ་ཙཱ་བ་རྣམས་ཀྱིས་གཤམ་གསལ་གྱི་གློག་འཕྲིན་ཁ་བྱང་ཁག་གཉིས་བརྒྱུད་ནས་ང་ཚོ་ལ་འབྲེལ་གཏུགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
གལ་སྲིད་སུ་ཞིག་གིས་ཡིག་སྒྱུར་བྱེད་བཞིན་པའམ་ཡིག་སྒྱུར་བྱེད་རྒྱུ་གང་ཞིག་ང་ཚོའི་ལས་འཆར་གྱི་ནང་དུ་ཞུགས་འདོད་ཡོད་ཚེ། ང་ཚོས་དེ་ལ་དགའ་བསུ་ཞུ་བ་ཡིན་ལ། ཁྱེད་ཀྱི་བསྒྱུར་བྱའི་བརྩམས་ཆོས་དེ་དང་དེའི་རྩོམ་པ་པོ། དཔེ་སྐྲུན་གྱི་གནས་ཚུལ་མདོར་བསྡུས་ཤིག ད་དུང་འགྱུར་ལས་ཤོག་ངོས་ ༥ ནས་ ༡༠ ཙམ་གྱི་དཔེ་མཚོན་བཅས་ང་ཚོར་བསྐུར་རོགས། གལ་སྲིད་ཁྱེད་ཀྱི་བསྒྱུར་བྱའི་དེབ་དང་འགྱུར་གྱི་སྤུས་ཚད་གཉིས་ང་ཚོའི་དམིགས་ཡུལ་དང་མཐུན་ཏེ། ང་ཚོའི་ལས་གཞིའི་ཁོངས་སུ་ཚུད་པ་ཡིན་ན། འདིར་ང་ཚོས་གཏན་འབེབས་བྱས་པའི་སྒྱུར་ཡོན་འབུལ་རྒྱུ་ཡིན་པ་མ་ཟད། འགྱུར་གྱི་ཞུས་དག་དང་། པར་སྐྲུན་བདག་དབང་ཞུ་སྒྲུབ། པར་སྐྲུན། འགྲེམས་སྤེལ་སོགས་ཀྱི་འགན་ཆ་ཚང་ང་ཚོའི་ལས་རིམ་སྤྱི་མཚུངས་ལྟར་བྱེད་ངེས་ཡིན།
གསལ་བསྒྲགས་འདི་བརྒྱུད་སྤེལ་རྒྱ་གང་ཆེ་ཞིག་གནང་རྒྱུའང་ཐུགས་ལ་འཛིན་འཚལ།
“ཕྱི་རྩོམ་བོད་འགྱུར་མ་བརྒྱ་རྩ་བརྒྱད་ཀྱི་ལས་འཆར།”གྱི་དོ་དམ་ཚོགས་ཆུང་གིས་ ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༢ ཚེས་ ༥ ལ་ཕུལ།
འབྲེལ་གཏུགས་གློག་འཕྲིན་ཁ་བྱང་།
བོད་འགྱུར་གྱི་ཆོག་མཆན་སྒྱུར་པ་པོ་རང་ངོས་ནས་ཞུ་དགོས་སམ་ལ་རྩེ་དཔེ་མཛོད་ཁང་གིས་ཞུ་གི་རེད། ཁ་གསལ་ཞིག་གསུང་རོགས། འདི་གནད་འགག་ཅིག་ཆགས་བསྡད་འདུག
སྐལ་མེད་ས་རྐེ་སྲང་ནས་
ངས་ཝི་ཐི་ནམ་གྱི་ནང་པའི་སློབ་དཔོན་སྙན་གྲགས་ཅན་ཐིག་ན་ཧན་་གྱིས་བརྩམས་པའི”བདག་གི་སློབ་དཔོན་གྱི་གཟན་”ཞེས་པའི་དེབ་ཆུང་ཞིག་དབྱིན་སྒྱུར་བྱེད་རྩིས་ཡོད། ཡིན་ཡང་རྩོམ་པ་པོར་སྒྱུར་དབང་ཞུ་དགོས་མིན་མ་ཤེས་པར་བསྡད་ཡོད། དེ་ཆུང་དེ་ལ་རྩེའི་འཆར་གཞིའི་ནང་དུ་བཞག་ཆོག་གམ།
རྒན་ཀླུ་སྨྱོན། སྔོན་ལ་ཁོང་ཚོས་ཁྱེད་ཀྱི་དེབ་དེ་ཁོང་ཚོའི་ཆ་རྐྱེན་དང་མཐུན་མིན་དཔྱད་པ་བྱ་རྒྱུ་རེད་འདུག དེ་ནས་ཁོང་ཚོའི་ལས་གཞིའི་ནང་ལ་འཇོག་རྒྱུར་མོས་མཐུན་བྱུང་ན། ཁོང་ཚོས་པར་དབང་དང་སྒྱུར་གླ་རྩིས་རྒྱག་རྒྱུ་རེད་འདུག གང་ལྟར། ཨ་སྒོར་ཁྲི་གཉིས་གསུམ་སྟབས་བདེ་པོར་བཟོ་བའི་མཁའ་འགྲོའོ་གྲོགས་རེད་འདུག མགྱོགས་པོ་གློག་འཕྲིན་ཐོག་ཁོང་ཚོས་འབྲེལ་བ་བྱོས། མགྱོགས་པོ་གྱིས། ད་རྒྱུགས། སོང་སོང་། གྷ་ཏེ། གྷ་ཏེ། སི་ཏར་ཅའོ།
ཕྱི་རྩོམ་བོད་སྒྱུར་བྱེད་པར་དགའ་བསུ་ཡོད།
བོད་རྩོམ་ཕྱི་སྒྱུར་བྱེད་པར་རྒྱབ་སྐྱོར་མེད།
གཞན་སྐད་གཞན་ལ་བསྒྱུར་ན་འབྲེལ་བ་མེད།
གཞན་གྱི་བྲན་གཡོག་བྱེད་མིན་ཁྱོད་ཀྱིས་ལྟོས།
ཕྱི་རྩོམ་བོད་རྒྱུར་བྱས་པ་དངོས་གནས་དགའ་བ་སྟོང་གི་བསུ་་་་ང་ཚོའི་སྤྱི་ཚོགས་ནང་ལ་གཞན་གྱི་རིག་གནས་དང་ཁྱབ་སྲིད་དཔལ་འབྱོལ་སོགས་ཀྱི་གོ་རྟོགས་ཧ་ཀྱང་ཞན་པའི་དེའི་རིགས་གང་མང་མང་རྒྱུར་རོགས་ཞུ།
ངས་ངོ་སྤྲོད་བྱས་པའི་དེབ་དེ་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་དེབ་དེ་འདྲ་མ་རེད། ཡིན་ཡང་རྩོམ་པ་པོ་སྐད་གྲགས་ཅན་རེད། ཕལ་ཆེར་ཁག་པོ་མིན་འགྲོ ཕྱོགས་གཞན་ཞིག་ནས་རྒྱལ་སྤྱིའི་སྟེང་སྐད་གྲགས་ཡོད་པའི་རྩོམ་ཡིག་མང་པོ་བོད་པའི་མིའི་བསམ་བློ་དང་ཁ་ཁ་ཡིན་པས། དེ་ཚོས་བོད་པ་ཚོར་མཐའ་གཅིག་ཏུ་བྲོ་བ་མི་འདྲ་བ་ཞིག་སྟེར་མི་ཐུབ། དཔེར་ན་པིས་ཁ་སོའི་རི་མོ་དང་བྷེ་ཏོ་ཧྥིན་གྱི་རོལ་དབྱངས་ལ་བོད་པ་བརྒྱ་ཆའི་དགུ་བཅུ་གོ་དགུས་བོང་བུ་ཞིག་གི་རིན་ཐང་ཡང་མི་འཇོག་པ་མཁྱེན་གསལ་རེད།
ནུབ་ཕྱོགས་ནས་ཉིག་ཡོར་དུས་བབ་ཀྱི་ཚོང་བྲིན་ཤོས་ New York Times Bestseller ཞེས་པ་ཞིག་དཔེ་དེབ་ཡག་པོའི་ཚད་གཞིར་འཇོག་བཞིན་འདུག ལ་རྩེ་ཚང་གི་སྒྱུར་གཞི་ཚང་མ་ཚད་ཐིག་དེའི་སྟེང་དུ་ཡོད་པ་རེད་དམ།
བོད་པའི་བསམ་བློ་དང་མཐུན་མི་ཐུན། དེ་ལྟ་བུའི་བྲོ་བ་སྟེར་ཐུབ་མི་ཐུབ་དེ་རྩོམ་པ་པོའི་རྩལ་བཟང་ངན་ཀ་ཐུག་ཡོད། འོན་ཀྱང་རྒྱུ་མཚན་དེ་དག་ཀ་བརྟེན་ནས་བྱ་བ་བཟང་པོ་འདི་མཚམས་འཇོག་བྱ་དགོས་རེད་དམ།
བརྗོད་གཞི་འདི་ནི་ཁྱབ་ཆུང་དྲགས་འདུག་སྙམ།
གཙོ་བོ་དེང་རབས་ཀྱི་ཚན་རིག་དང་ལྷག་པར་མཚན་ཉིད་རིག་པའམ་ལྟ་གྲུབ་ཀྱི་སྐོར་ལ་སྒྱུར་དགོས་རྒྱུ་གལ་ཆེ་བར་མཐོང་།
ཕྱིར་ཡོད་ནང་འདྲེན་ཐུབ་ན། བརྗོད་བྱ་གང་ཡིན་མིན་གལ་མི་ཆེ། རྗོད་བྱེད་བོད་སྐད་དུ་ཡོད་པ་ཙམ་ཉིད་ཀྱིས་ང་ལ་ནི་མི་འཚིམས་པ་མི་འདུག་པས་་་་་་་་
ལས་འཆར་འདིར་རྗེས་སུ་ཡི་རངས་ཡོད། བསམ་འཆར་ཐུང་ངུ་ཞིག་ཞུ་རྒྱུ་ཡོད། བསྒྱུར་བྱ་རིག་པའི་གཞུང་ལུགས་ཤིག་ཡིན་ཚེ། གཞུང་ཆ་ཚང་བསྒྱུར་ཐུབ་དགོས་པ་དང་། སྐྱེ་བོ་སྒེར་བ་རེའི་མི་ཚེའི་ལོ་རྒྱུས་ལྟ་བུ་ཡིན་ཚེ་བསྡུས་སྒྱུར་བྱས་ན་ལེགས་སྙམ། རབ་བྱུང་ན་ཁྱེད་རྣམ་པའི་དམིགས་གཏད་ཀྱི་ཡུལ་དུ་གྱུར་པའི་ཕྱི་རྩོམ་བརྒྱ་རྩ་བརྒྱད་ཀྱི་མཚན་བྱང་ཞིག་སྔ་འགོད་ཐུབ་ན་བསྐྱར་ཟློས་མི་ཡོང་བར་ཕན་ཐོགས་ཆེ་བར་སྙམ། ལས་འཆར་འདིར་ལེགས་ལམ་ཡོང་བའི་སྨོན་འདུན་ཞུ།
བོད་འགྱུར་བྱས་ཚད་ལ། དགའ་བསུ་དང་། རྒྱབ་སྐྱོར་ཡོད་གདའ།