ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས།
( གཟེངས་རྟགས་ནི་གཞན་དོན་རྒྱ་ཆེར་ཡོང་བའི་སྟེགས་བུ་ཞིག་ཀྱང་ཡིན། )
འཛམ་གླིང་ཡང་རྩེར་ཆགས་པའི་བོད་ཆོས་ལྡན་ཞིང་ནི་གནའ་སྔ་མོའི་དུས་ནས་ཤར་ནུབ་ཀྱི་སྐྱེ་བོ་དག་གི་ཡིད་ངོར་འཇིག་རྟེན་འདིའི་དག་ཞིང་དུ་སྒོམ་ཞིང་། ཞིང་འདི་སྐྱོང་བའི་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་ཕྲེང་ན་རིམ་ནི་བྱམས་བརྩེ་དང་ཤེས་རབ་ཀྱི་འོད་སྣང་སྦྱིན་པའི་རླབས་ཆེན་གྱི་སྐྱེས་ཆེན་ཞིག་ཏུ་མོས་ནས་༧གོང་ས་མཆོག་གི་གཟི་བརྗིད་དང་མཚན་སྙན་ནི་སྔ་མོ་ནས་གངས་རིའི་མུ་ཁྱུད་ལས་ཡོངས་སུ་བརྒལ་ཏེ་རྒྱ་མཚོའི་ཕ་རོལ་ཏུ་གྲགས་ཤིང་། ཤར་ནུབ་ཀྱི་སྐྱེ་བོ་དག་གིས་ ༧ ཁོང་ལ་བོད་ཀྱི་བླ་ན་མེད་པའི་མགོན་སྐྱབས་དང་( God King of Tibet ) སངས་རྒྱས་སྐུ་ཤ་རློན་པ་ ( Living Buddha ) སོགས་ཀྱི་ཆེ་བརྗོད་ཕུལ་ཞིང་དུས་རབས་མང་པོའི་གོང་རོལ་ནས་འཛམ་གླིང་ཤར་ནུབ་ཀྱི་སྐྱེ་བོ་གྲངས་ལས་འདས་པ་རིགས་ཀྱི་སྒོ་ནས་ཟིལ་གྱིས་མནན་ཟིན་པ་ཡིན་མོད།
ཕྱི་ལོ་ ༡༩༥༩ ལོར་ ༧ རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་དང་། ཕྱི་ལོ་ ༡༩༦༧ ལོར་ཨེ་ཤ་ཡའི་ཤེས་འབྱོར་གྱི་ཡང་རྩེར་སོན་པའི་ཉི་ཧོང་རྒྱལ་ཁབ་ཏུ་ཐོག་མར་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་༧ཁོང་གི་དཀྱེལ་ཡངས་པའི་མཁྱེན་རླབས་དང་ལེགས་ཉེས་འབྱེད་པའི་ཤེས་རབ་ཀྱི་ནུས་སྟོབས། ལྷད་མེད་པའི་བྱམས་བརྩེ་དང་སྙིང་རྗེའི་ཉི་ཟེར་གྱི་གཟི་འོད་ཉི་ཧོང་གི་ཧྥུ་ཇིའི་ ( Mt Fuji ) གངས་རིའི་རྩེ་ནས་འཕྲོས་ཏེ། རིམ་གྱིས་འོད་སྣང་དེའི་གཟི་བྱིན་ས་སྟེང་ཡོངས་རྫོགས་སུ་ཁྱབ་ནས་དེང་གླིང་འདིའི་སྐྱེ་འགྲོའི་སེམས་ཁམས་སུ་ཞི་བའི་བདེ་དྲོད་སྦྱིན་པའི་ཉི་མ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་ནི་འུད་གཏམ་དུ་འགྱུར་བའི་དཔེ་མེད་དེ། རྒྱལ་སྲས་བྱང་ཆུབ་སེམས་དཔས་ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་ལྟར་༧གོང་ས་མཆོག་གིས་གང་ཉིད་ཀྱི་མཚན་སྙན་རྗེས་འབྲེལ་གྱི་སྒོ་ནས་སྐུ་ན་ཕྲ་དུས་ནས་རིགས་ཀྱི་སྒོ་ནས་སྐྱེ་འགྲོའི་རེ་བ་སྐོང་གནང་མཛད་པར་མ་ཟད། སྐུ་ན་སྨིན་པ་ནས་བཟུང་གཙོ་བོ་བློ་གྲོས་དང་ཤེས་རབ་ཀྱི་སྒོ་ནས་སྤྱི་ཚོགས་བྱེ་བྲག་པ་དང་རྒྱལ་ཁབ་གཅིག་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་སྨན་པའི་སྤྱི་སེམས་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས། ཁོར་ཡུག་སྲུང་སྐྱོབ་དང་ཆོས་ལུགས་མཐུན་སྒྲིལ། དམག་འཁྲུག་དང་གོ་མཚོན་མེད་པའི་འཛམ་གླིང་ཞིག་བསྐྲུན་ཐབས་སོགས་སུ་སྔ་ན་མེད་ཅིང་། གཟེངས་སུ་ཐོན་པའི་ཕྱག་རྗེས་རྣམ་མང་འཇོག་གནང་མཛད་པར་ངོས་འཛིན་དང་ཆེ་མཐོང་ཞུ་ཆེད་འཇིག་རྟེན་འདིའི་གཟེངས་རྟགས་ཆེ་མ་ཆུང་གསུམ་ཕུལ་ཞིང་། གཟེངས་རྟགས་ཐམས་ཅད་ཀྱི་ཏོག་ལྟར་གྱུར་པ་ཆེས་མཚན་སྙན་ཆེ་བའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱང་ཕྱི་ལོ་ ༡༩༨༩ ལོར་༧གོང་ས་མཆོག་ལ་འབུལ་ལམ་ཞུས་ཡོད།
སྤྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ནི་ལན་དང་གྲགས་པ་ལ་མི་ལྟ་བས་བསྟོད་སྨད་གང་བྱུང་ཡང་གཞན་དོན་གྱི་མཛད་པ་བྲི་བའི་སྐབས་ནམ་ཡང་མེད་མོད། དེ་ལྟ་ནའང་། ཆོས་ལ་མི་རྟོན། གང་ཟག་ལ་རྟོན་པའི་ཟང་ཟིང་གི་དུས་རབས་འདིའི་ཁྲོད་དུ་རྒྱལ་སྤྱིའི་ཆེས་མཚན་སྙན་ཆེ་བའི་གཟེངས་རྟགས་རྣམས་ནི་རྒྱལ་སྲས་སེམས་དཔའ་དག་ལ་མཚོན་ན། འགྲོ་དོན་རྒྱ་ཆེར་མཛད་པའི་ཡན་ལག་དང་ཆ་རྐྱེན་གལ་ཆེ་བ་ཞིག་ཡིན་པས། ༧གོང་ས་མཆོག་གིས་ཡུན་རིང་ནས་དུས་རབས་དང་སྤྱི་ཚོགས་ཀྱི་དགོས་མཁོར་འཚམ་པའི་རྨད་དུ་བྱུང་བའི་ལེགས་བཤད་རྒྱ་ཆེར་སྩལ་པའི་འཕྲིན་ལས་རླབས་པོ་ཆེ་འདིའང་རྒྱལ་སྤྱིའི་གཟེངས་རྟགས་འབུལ་བཞེས་ཀྱི་སྟེགས་བུ་འདི་བརྒྱུད་འཛམ་གླིང་མི་མང་གིས་སྔར་ལྷག་མཐོང་ཐོས་ཐུབ་པའི་གོ་སྐབས་རྩ་ཆེན་ཞིག་ཏུ་འགྱུར་ངེས་ཡིན།
༧གོང་ས་མཆོག་ལ་ཕུལ་བའི་ཕྱི་ལོ་ ༡༩༨༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ལ་མཚོན་ན་ཡང་༧གོང་ས་མཆོག་གི་གཞན་དོན་དང་མཛད་འཕྲིན་རྣམས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྔར་ལྷག་རྒྱས་པར་མཐུན་རྐྱེན་བླ་མེད་དུ་སོང་ཡོད་པ་ནི་འདས་པའི་ལོ་རྒྱུས་ལས་ཤེས་ནུས། གལ་ཏེ་༧མགོན་པོ་མཆོག་ལ་ནོ་བྷེལ་གཟེངས་རྟགས་ཐེངས་གཉིས་པ་ཞིག་འབུལ་ཐུབ་པ་བྱུང་ཚེ། དེ་ནི་སེམས་ཀྱི་དཀའ་ངལ་ཅན་གྱི་དུས་རབས་འདིའི་ནང་༧གོང་ས་མཆོག་གིས་གསར་བཏོད་མཛད་པའི་ངོ་མཚར་ཅན་གྱི་ནང་སེམས་ཀྱི་ཤེས་ཡོན་དང་གཞན་དོན་གྱི་མཛད་འཕྲིན་རྣམས་སྔར་ལས་ལྡབ་འགྱུར་གྱིས་འཛམ་གླིང་སྐྱེ་འགྲོའི་བདེ་སྐྱིད་ཀྱི་གསོས་སུ་འགྱུར་བའི་གསེར་ཟམ་ལྟ་བུར་འགྱུར་ངེས།
འོ་ན། ༧གོང་ས་ཡིད་བཞིན་ནོར་བུ་མཆོག་ལ་ནོ་བྷེལ་གཟེངས་རྟགས་གཉིས་པ་གང་ཞིག་འབུལ་འོས་སམ། ཞེ་ན། སྤྱིར་ནོ་བྷེལ་གཟེངས་རྟགས་ལ་རིགས་དྲུག་ཡོད། དང་པོ། ནོ་བྷེལ་ཞི་བདེའི་གཟེངས་རྟགས་ནི། ( Noble Peace Prize) འགྲོ་བ་མིའི་རང་དབང་དང་དམངས་གཙོ་སོགས་ཀྱི་ཆེད། གཉིས་པ། ནོ་བྷེལ་རྩོམ་རིག་གཟེངས་རྟགས་ནི། ( Noble Literature Prize) གཙོ་བོ་འཛམ་གླིང་གཡོ་འགུལ་གཏོང་ཐུབ་པའི་སྒྱུ་རྩལ་གྱི་རྩོམ་རིག་སོགས་ཀྱི་ཆེད། གསུམ་པ། ནོ་བྷེལ་དངོས་ཁམས་གཟེངས་རྟགས་ནི། ( Noble Physics Prize) གཙོ་བོ་ཚན་རིག་གི་གྲུབ་དོན་གསར་རྙེད་སོགས་ཀྱི་ཆེད། བཞི་པ། ནོ་བྷེལ་སྨན་དང་སེམས་ཁམས་རིག་པའི་གཟེངས་རྟགས་ནི།( Noble Physiology or Medicens Prize) ནད་རིགས་བཅོས་ཐབས་གསར་རྙེད་སོགས་ཀྱི་ཆེད། ལྔ་པ། ནོ་བྷེལ་རྫས་འགྱུར་གཟེངས་རྟགས་ནི།( Noble Chemistry Prize) གཙོ་བོ་སྐྱེ་དངོས་ཀྱི་འབྱུང་རྩའི་རྫས་རིགས་གསར་རྙེད་སོགས་ཀྱི་ཆེད། དྲུག་པ། ནོ་བྷེལ་ཚོང་རིག་གཟེངས་རྟགསནི།( Noble Economic Sciences Prize) གཙོ་བོ་དཔལ་འབྱོར་གྱི་སྐོར་ནས་ཁྱད་དུ་འཕགས་པའི་བྱས་རྗེས་སོགས་ཀྱི་ཆེད་ཡིན།
ཚོགས་པ་མ་ཡིན་པའི་གང་ཟག་སྒེར་གཅིག་ལ་ནོ་བྷེལ་གཟེངས་རྟགས་ལན་གཉིས་ཐོབ་པའང་བྱུང་ཡོད། དཔེར་ན། ཨ་རིའི་སྐུ་ཞབས་པུ་ལིང་ ( Linus Pauling ) མཆོག་ལ་ཕྱི་ལོ་ ༡༩༥༤ ལོར་ནོ་བྷེལ་རྫས་འགྱུར་དང་ ༡༩༦༢ ལོར་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་ཡོད།
༧གོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་ནང་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོ་དེ་ཉིད་ཆ་ལག་ཡོངས་རྫོགས་ཚང་ཐབས་དང་ལམ་གསར་པ་ཞིག་ཏུ་འཁྲིད་ཐབས་ཀྱི་ཐད་ནས་རྨད་དུ་བྱུང་བའི་གསར་གཏོད་ཀྱི་མཛད་ཆེན་བསྐྱངས་གནང་མཛད་ཡོད། དེ་ཡང་དུས་རབས་ཉི་ཤུ་པའི་ལོ་རབས་བཞི་བཅུའི་སྨད་ནས་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་ཤར་ནུབ་རྒྱལ་ཁབ་མང་པོས་ཕྱིའི་དངོས་པོ་དང་ཚན་རྩལ་གྱི་ཤེས་ཡོན་ཁོ་ནའི་ཐོག་འབད་འབུང་ཆེར་སྐྱེད་བྱས་པའི་འབྲས་བུའང་མི་དམན་པ་བྱུང་ཡོད། ཡིན་ནའང་། ནང་སེམས་དང་འབྲེལ་བའི་སློབ་གསོ་དང་ཤེས་ཡོན་ལ་དོ་སྣང་དང་ཡར་རྒྱས་མ་བཏང་བའི་རྐྱེན་གྱིས་བྱམས་པ་དང་། སྙིང་རྗེ། བཟོད་སྲན། ཆོག་ཤེས་སོགས་ཀྱིས་སྤྱི་སྒེར་གཉིས་ཀ་ཕོངས་ཏེ་ཆེ་ས་ནས་དམག་འཁྲུག་དང་། ཆུང་ས་ནས་རྐུ་ཇག་འཕྲོག་གསུམ། ཐ་ན་སེམས་ནད་ཕོག་མཁན་གྱི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ནས་ཤར་ནུབ་ཀྱི་རྒྱལ་ཁབ་ཀུན་ལ་གཅིག་མཚུངས་ཀྱིས་དཀའ་ངལ་ཤུགས་ཆེན་འཕྲད་མུས་ལ་བརྟེན། སེམས་ཀྱི་དཀའ་ངལ་ཅན་གྱི་དུས་རབས། ཞེས་བོས་ཀྱང་མི་འགྲིགས་པ་མེད་པ་ལྟ་བུ་ཡིན། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ནང་སེམས་ཀྱི་སྐོར་ནས་ཤེས་ཡོན་སློབ་སྲོལ་མེད་པ་དང་མ་འདངས་པས་ལན་པས། དཀའ་ངལ་དེ་སེལ་ཐབས་སུ་ཤེས་ཡོན་སློབ་སྲོལ་གསར་པ་ཞིག་མེད་ཐབས་མེད་པ་༧གོང་ས་མཆོག་གིས་རིང་མོ་ཉིད་ནས་ཐུགས་བསམ་རྒྱ་ཆེར་བཞེས་ཏེ་ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་གོང་མཐོ་དང་དེའི་གལ་ཆེའི་རང་བཞིན། ནང་སེམས་ངོས་ནས་བདེ་སྐྱིད་འཚོལ་ཐབས་སྐོར་སོགས་ཤར་ནུབ་ཀྱི་ཚོགས་སྡེ་དང་མི་མང་། སློབ་གཉེར་ཁང་སོགས་རྒྱལ་སྤྱིའི་ཁྲོད་ཀྱི་ཤེས་ཡོན་ལྟེ་གནས་ཁང་མང་པོར་སྔ་རྗེས་སུ་བཀའ་སློབ་དང་ལམ་སྟོན་ལན་མང་གནང་།
ལྷག་ཏུ་ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་གྱི་གལ་གནད་སོགས་ཀྱི་སྐོར་མི་རབས་རྗེས་མ་རྣམས་དང་དངོས་སུ་ལག་ཏུ་བླང་བདེའི་ཆེད་མཛུབ་མོ་རི་སྟོན་གྱི་ཚུལ་དུ་གཙོ་བོ་ནང་སེམས་ཀྱི་ངོས་ནས་བདེ་སྐྱིད་འཚོལ་ཐབས་ཀྱི་སྐོར་ནས་ཕྱི་ལོ་ ༡༩༩༨ ལོར་བདེ་སྐྱིད་ཀྱི་སྒྱུ་རྩལ། ( The Art of Happiness ) དང་། ཕྱི་ལོ་ ༡༩༩༩ ལོར་གཙོ་བོ་སྤྱི་སེམས་བརྗོད་བྱར་བྱེད་པའི་ཤེས་ཡོན་སློབ་སྲོལ་གསར་པའི་དཔེ་དེབ་སྟེ། སྟོང་ལོ་གསར་པའི་བླང་དོར་གྱི་རྣམ་གཞག་ ( Ethics for New Millennium ) དང་། ཕྱི་ལོ་ ༢༠༡༡ ལོར་རྒྱལ་ཁབ་དང་། མི་རིགས། ཆོས་དད་ཡོད་མེད་སོགས་ཀུན་གྱིས་ལག་བསྟར་བྱེད་ཐུབ་པའི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སློབ་སྲོལ་ཏེ། ཆོས་ལུགས་ཀྱི་མཚམས་ལས་འདས་པ་ ( Beyond Religion) ཞེས་པའི་བསྟན་བཅོས་དག་བརྩམས་གནང་མཛད་ནས་ཆ་ལག་མ་ཚང་བའི་ལམ་ཕྲན་ལྟ་བུའི་དུས་རབས་ཉེར་གཅིག་པའི་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོ་དེ་ཉིད་ལམ་ཆེན་ལྟ་བུའི་ཕྱི་ནང་གཉིས་ཀའི་ཤེས་ཡོན་ཚང་བའི་སློབ་སྲོལ་གསར་པ་ཞིག་ཏུ་སྣེ་ཁྲིད་མཛད། རིམ་གྱིས་རྒྱལ་སྤྱིའི་ཤེས་ཡོན་མི་སྣ་ཁག་གིས་དོ་སྣང་དང་། ཨ་རིའི་མཐོ་སློབ་གྲགས་ཅན་འགས་ཀྱང་ཟུར་ལྟའི་དཔེ་དེབ་ཀྱི་གྲས་སུ་བཞག་འགོ་བཙུགས་ཏེ་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོའི་ཁ་ཕྱོགས་བཟང་ཕྱོགས་ཀྱི་ཆར་གོམ་ཁ་དང་པོ་སྤོས་འགོ་ཚུགས།
༧གོང་ས་མཆོག་གིས་གསར་གཏོད་གནང་བའི་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཤེས་ཡོན་སློབ་སྲོལ།
( འཛམ་གླིང་ཞི་བདེར་ཡོང་བར། ནང་སེམས་ཀྱི་ཤེས་ཡོན་བསླབ་དགོས། )
༧གོང་ས་མཆོག་གིས་གསར་གཏོད་མཛད་པའི་ངོ་མཚར་ཅན་གྱི་རྒྱལ་སྤྱིའི་ཤེས་ཡོན་སློབ་སྲོལ་གྱི་གལ་གནད་ལ་རྒྱལ་སྤྱིའི་ཤེས་ཡོན་སྡེ་ཁག་དང་མཁས་དབང་མང་པོས་དུས་ཀྱི་དགོས་མཁོ་དང་འཚམ་པའི་གསར་གཏོད་དུ་གོ་རྟོགས་སད་མཁན་ལོ་རེར་ཇེ་མང་དུ་འགྲོ་བ་དང་། ཕྱི་ལོ་ ༢༠༡༥ ལོར་ཨ་རིའི་ཨེ་མོ་རི་ ( EMORY ) མཐོ་སློབ་དང་། དེའི་སྒོམ་སྒྲུབ་ཚན་རིག་དང་སྙིང་རྗེའི་ལྟེ་གནས་ཁང་གིས་༧གོང་ས་མཆོག་གི་བཀའ་འབྲེལ་གྱི་ཐོག་ནས་འགན་ཁུར་ཏེ་ནང་སེམས་ཀྱི་ཤེས་ཡོན་ལམ་སྲོལ་དེ་ཉིད་རྒྱལ་སྤྱིའི་རང་བཞིན་ཅན་དུ་བསྒྱུར་རྒྱུའི་ཆེད།[1] ཕྱི་ལོ་ ༢༠༡༥ ལོར་རྒྱལ་སྤྱིའི་རང་བཞིན་ཅན་གྱི་བསླབ་གཞིའི་ཟིན་བྲིས་ཐོག་མར་གཏན་འབེབས་དང་།[2] དེ་རྗེས་ཡང་བསྐྱར་རྒྱལ་སྤྱིའི་ཤེས་ཡོན་ཐོག་གྲགས་ཅན་མཁས་དབང་གྷོལ་མཱན་( Daniel Goleman) དང་རཱོ་སིར། ( Dr Robert Roeser ) གཞན་རྒྱལ་ཁབ་འདྲ་མིན་གྱི་སློབ་དཔོན་ཆེན་མོ་གང་མང་མཉམ་འཛོམས་ཀྱིས་ཡང་དང་བསྐྱར་དུ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ལན་མང་བྱས་རྗེས། སྔོན་འགྲོ་ནས་མཐོ་རིམ་བར་གྱི་ནང་སེམས་ཀྱི་ཤེས་ཡོན་སློབ་དེབ་གསར་བསྒྲིགས་གནང་སྟེ། དེའི་མིང་ལ། (SEE Learing ) ( Social , Emotional, Ethical) སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་ཞེས་བཏགས་ནས་ཕྱི་ལོ་ ༢༠༡༩ ཟླ་ ༤ ཚེས་ ༥ ཉིན་ ༧ གོང་ས་མཆོག་དབུ་བཞུགས་ཐོག་རྒྱལ་ས་ལྡི་ལིར་བསླབ་གཞིའི་སློབ་དེབ་དེ་ཉིད་སྐད་རིགས་མི་འདྲ་བ་ ༡༢ དང་། རྒྱལ་ཁབ་ ༣༧ ནས་སློབ་སྤྱི་དང་དགེ་རྒན། ཤེས་ཡོན་མི་སྣ་བཅས་ཁྱོན་མི་གྲངས་ ༣༠༠༠ ལྷག་མཉམ་འཛོམས་ཀྱིས་ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་གསར་པ་དེ་ཉིད་རྒྱལ་སྤྱིའི་རང་བཞིན་ཅན་གྱི་ཤེས་ཡོན་སློབ་གསོར་དངོས་སུ་དབུ་འབྱེད་གནང་། ད་ལྟའི་ཆར་ཤེས་ཡོན་སློབ་སྲོལ་དེ་ཉིད་དངོས་སུ་ལག་བསྟར་བྱེད་མཁན་གྱི་རྒྱལ་ཁབ་དང་ཤེས་ཡོན་སྡེ་ཁག་ཇེ་མང་དུ་འགྲོ་བཞིན་པ་དང་། འབྱུང་འགྱུར་ལོ་ཟླའི་ཁྲོད་དེ་བས་ཀྱང་མང་དུ་འགྲོ་ངེས་ཡིན་ཞིང་། དེ་དག་ཐམས་ཅད་ནི་སྤྱིར་༧གོང་ས་མཆོག་གིས་རྟག་ཏུ་སྐྱེ་འགྲོ་སྤྱིའི་བདེ་དོན་ཉག་གཅིག་ལ་གཞོལ་བའི་སྙིང་རྗེ་དང་ལྷག་བསམ། ལྷག་པར་གོང་དུ་སྨྲས་པའི་གསུང་རྩོམ་གསུམ་གྱི་འཕྲིན་ལས་དང་མཛད་རྗེས་ཁོ་ན་ལས་བྱུང་བ་ཡིན།
༧གོང་ས་མཆོག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་འབུལ་འོས།
( ༧གོང་ས་མཆོག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཕུལ་བ་ནི། ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་གོང་མཐོར་བཏང་བ་དང་གཅིག་ཡིན། )
༧གོང་ས་མཆོག་གིས་ལྗགས་རྩོམ་གནང་བའི་ནང་སེམས་ཀྱི་ཤེས་ཡོན་བརྗོད་བྱར་བྱེད་པའི་བསྟན་བཅོས་རྣམས་ནི་དེང་གི་ཆར་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོའི་ཁྲོད་དུས་ཐོག་ཆར་པ་ལྟར་གྱུར་པའི་སཱི་ཤེས་ཡོན་( See Learing ) གྱི་འབྱུང་ཁུངས་གཙོ་བོ་དེ་ཡིན། ད་ལྟའི་ཆར་ཤེས་ཡོན་པ་ ༧༠༠༠ ལྷག་མཉམ་འབྲེལ་གྱིས་རྒྱལ་སྤྱིའི་ཁྲོད་རྒྱལ་ཁབ་ ༢༥ ཡི་ནང་དངོས་སུ་སློབ་ཁྲིད་བྱེད་མུས་ཡིན་པས་བཟང་ཕྱོགས་ཀྱི་འགྱུར་བ་ཤུགས་ཆེན་ཐོན་དང་འཐོན་བཞིན་པ་ནི་མིག་མཐོང་ལག་ཟིན་དང་།[3] དུས་རབས་ཉེར་གཅིག་པའི་ནང་རྒྱལ་སྤྱིའི་ཤེས་ཡོན་སློབ་གསོའི་ནང་དེ་ལས་ལྷག་པའི་རླབས་ཆེན་གྱི་ལེགས་སྐྱེས་འབུལ་མཁན་ཧ་ལམ་བྱུང་མྱོང་མེད་ཅིང་། རྒྱལ་སྤྱིའི་མཁས་དབང་མང་པོས་གདེང་འཇོག་བླ་མེད་དང་། ཕྱི་ལོ་ ༢༠༡༦ ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བཏོན་པའི་འཛམ་གླིང་བདེ་སྐྱིད། ཅེས་པའི་དཔེ་དེབ་ཏུའང་། ༧གོང་ས་མཆོག་གི་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཤེས་ཡོན་སློབ་གསོའི་བཀའ་སློབ་ལུང་འདྲེན་ཡང་བྱས་[4]ཡོད་པས་འབྱུང་འགྱུར་ལོ་ཟླའི་ཁྲོད་དུས་རབས་འདིའི་ནང་ཆེས་མེད་ཐབས་མེད་པའི་ཤེས་ཡོན་སློབ་སྲོལ་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད།
སྤྱིར་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ནི། གཙོ་བོ་འཛམ་གླིང་ཧྲིལ་པོར་ཤུགས་རྐྱེན་ཐེབས་ཐུབ་པའི་ཆེས་ཁྱད་དུ་འཕགས་པའི་སྒྱུ་རྩལ་ཅན་གྱི་སྙན་ངག་དང་སྒྲུང་བརྩམས་པའི་ཆ་ནས་རྩོམ་པ་པོ་རྣམས་ལ་འབུལ་སྲོལ་ཡོད་ཀྱང་། དེ་ལྟར་མཐའ་གཅིག་ཏུ་ནི་མ་ངེས་ཏེ།
ཕྱི་ལོ་ ༡༩༥༠ ལོར་དབྱིན་ཇིའི་( United Kingdon ) སྐུ་ཞབས་རཱ་སལ་ ( Bertrand Rusesell ) ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་དང་། དེ་ནི་ཁོང་གིས་འགྲོ་བ་མིའི་བདེ་སྡུག་དང་བསམ་བློའི་རང་དབང་གི་སྐོར་ནས་འགྲན་དུ་མེད་པ་བྲིས་པས་ཡིན།
ཕྱི་ལོ་ ༡༩༥༧ ལོར་ཧྥ་རན་སའི་( France ) སྐུ་ཞབས་ཁེ་མུསུ་ ( Albert Camus ) ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་དང་། དེ་ནི་ཁོང་གིས་འགྲོ་བ་མིའི་དཀའ་ངལ་སེལ་ཐབས་ཀྱི་སྐོར་ནས་འབུར་དུ་ཐོན་པ་བརྩམས་པས་ཡིན།
ཕྱི་ལོ་ ༡༩༦༤ ལོར་ཧྥ་རན་སིའི་( France ) སྐུ་ཞབས་པཱོལ་ ( Jean Paul ) ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པ་དང་། དེ་ནི་ཁོང་གིས་བདེན་པ་དང་རང་དབང་གི་སྐོར་ནས་ཁྱད་དུ་འཕགས་པ་བརྩམས་པས་ཡིན།[5]
དེ་བཞིན་དུ། ཕྱི་ལོ་ ༡༩༠༨ དང་ ༡༩༢༧ སོ་སོར་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་མཁན་སྐུ་ཞབས་ཨོ་ཀཱན་( Rudolf Christoph Eucken ) དང་སྐུ་ཞབས་བྷེ་སཱོན་( Henri Bergson ) ཡང་ལྟ་གྲུབ་ཀྱི་རྩོམ་པ་པོ་དང་། ཕྱི་ལོ་ ༡༩༠༢ ལོར་ནོ་བྷེལ་རྩོམ་རིག་ཐོབ་མཁན་སྐུ་ཞབས་མོན་སཱམ་( Theodor Mommsen ) ཡང་རྒྱལ་རབས་རྩོམ་པ་པོ་ཡིན།[6]
དེར་བརྟེན། ༧གོང་ས་མཆོག་གིས་གསར་གཏོད་གནང་བའི་ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་བརྗོད་བྱར་མཛད་པའི་བསྟན་བཅོས་ཁག་ལ་ཕྱི་ལོ་ ༢༠༢༢ ལོའི་ནོ་བྷེལ་རྩོམ་རིག་གཟེངས་རྟགས་འབུལ་འོས་པའི་ཆ་རྐྱེན་ཚང་ཞིང་། དུས་ལའང་བབས་འདུག་སྙམ། དེ་ཡང་ཐོག་མར་ནོ་བྷེལ་ཚོགས་པའི་སྒྲིག་སྲོལ་ལྟར་མི་སྣ་གྲགས་ཅན་གང་མང་གིས་ནོ་བྷེལ་ཚོགས་ཆུང་ལ་ངོ་སྤྲོད་དང་མཚམས་སྦྱོར་བྱེད་དགོས་པ་དང་། དེ་ནས་སྔོན་འགྲོའི་འོས་མི་དང་། ཐ་མའི་ཐག་གཅོད་བཅས་རིམ་གྱིས་ཡོང་།
གལ་ཏེ་༧གོང་ས་མཆོག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཤིག་འབུལ་ཐུབ་ཚེ། དེ་ནི་༧གོང་ས་མཆོག་གི་སྐུ་སྒེར་གྱི་མཚན་སྙན་དང་ཁེ་ཕན་ལས་འཛམ་གླིང་སྤྱི་ལ་ཁེ་ཕན་དང་དགེ་མཚན་ཆེ་བ་ཡོད་དེ། ༧གོང་ས་མཆོག་ནས་གསར་གཏོད་གནང་བའི་ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་ ( See Learning སཱི་ཤེས་ཡོན་གྱི་སློབ་གསོ་) དེ་ཉིད་རྒྱལ་སྤྱིའི་སློབ་གསོའི་རང་བཞིན་ཅན་དུ་འགྱུར་བཞིན་པར་ཆར་པ་ཆུ་གྲོགས་ཀྱི་དཔེ་ལྟར། ཤར་ནུབ་ཀྱི་རྒྱལ་ཁབ་ཕལ་མོ་ཆེའི་ནང་སློབ་གསོའི་རྩ་འཛིན་ཞིག་ཏུ་འགྱུར་བར་གོམ་སྟབས་གཅིག་གིས་ཇེ་མགྱོགས་སུ་འགྲོ་བའི་མཐུན་རྐྱེན་དང་། དེ་ལ་བརྟེན་ནས་འཛམ་གླིང་ཧྲིལ་པོར་ཞི་བདེ་ཡོང་བར་མིག་མཐོང་ལག་ཟིན་གྱི་འབྲས་བུ་ཞིག་སྨིན་ཐུབ་པ་ནི་སྨོས་མ་དགོས་པ་ཞིག་ཡིན།
ཐ་ན་༧གོང་ས་མཆོག་ནོ་བྷེལ་རྩོམ་རིག་གཟེངས་རྟགས་ཀྱི་དངོས་གཞིའི་འོས་མིར་ཚུད་ཙམ་གྱིས་ཀྱང་༧གོང་ས་མཆོག་གིས་གསར་གཏོད་གནང་བའི་ཤེས་ཡོན་སློབ་སྲོལ་དེ་ཉིད་རྒྱལ་སྤྱིའི་ཁྱོན་ཡོངས་ནས་སྔར་ལས་ལྷག་པའི་དོ་སྣང་དང་ལག་བསྟར་བྱེད་པར་ཤུགས་རྐྱེན་ཐེབས་ངེས་ཡིན། དེར་བརྟེན། གཟི་བརྗིད་དང་རིན་ཐང་ལྡན་ཞིང་། འཛམ་གླིང་སྤྱི་ལ་ཕན་པའི་རླབས་ཆེན་གྱི་ལས་འགུལ་དེ་ཉིད་གང་མགྱོགས་སྤེལ་དགོས་འདུག
ལོ་རྒྱུས་ཀྱི་དེབ་ཐེར་དུ་འགོད་འོས་པའི་རླབས་ཆེན་གྱི་ལས་འགུལ་དེ་འགོ་རྩོམ་ཐུབ་ཚེ། འོད་སྟོང་ལྡན་པའི་གྲུབ་འབྲས་ཤིག་ཐོབ་ངེས་པ་ནི། འཛམ་གླིང་ཤར་ནུབ་ལན་གཅིག་གཡོ་འགུལ་བཏང་མྱོང་བའི་ཕྱི་ལོ་ ༡༩༨༩ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཀྱི་བྱུང་བ་ལས་ཀྱང་དཔོག་ཐུབ་པར་མ་ཟད། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་ཙམ་རིང་། ཉེ་རིང་མེད་པར་སྐྱེ་འགྲོ་ཀུན་འཛུམ་མདངས་ཀྱིས་བསུ་བའི་༧ཁོང་གི་ཞལ་རས་དང་། ཟླ་མེད་པའི་༧ཁོང་གི་མཁྱེན་པ་དང་ཤེས་རབ། ལྷད་མེད་པའི་༧ཁོང་གི་གཞན་ཕན་དང་བྱམས་བརྩེས་སྔར་ལས་ལྡབ་འགྱུར་གྱིས་འཛམ་གླིང་མི་དམངས་ཀྱི་ཡིད་སེམས་བཀུག་ཡོད་ཅིང་། འཛམ་གླིང་མི་དམངས་ཀྱིས་ཀྱང་སྔར་ལས་ལྷག་པའི་སྒོ་ནས་༧ཁོང་ལ་གུས་བརྩི་དང་རེ་བཞག་གི་མིག་འབུར་ཡང་གཏོད་བཞིན་ཡོད། ནང་སེམས་ཀྱི་ཤེས་ཡོན་སློབ་སྲོལ་གསར་པ་དེ་ཉིད་ཀྱང་རྒྱལ་སྤྱིའི་ཁྲོད་དུས་ཐོག་ཆར་པ་ལྟར་གྱུར་ནས་རྒྱལ་ཁབ་མང་པོས་དོ་སྣང་དང་ལག་བསྟར་བྱེད་བཞིན་པའི་དུས་བཟང་ཞིག་ཀྱང་ཡིན་ནོ། །
མཐར་༧གོང་ས་མཆོག་གིས་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་ནས་མི་ལོ་ཧྲིལ་པོ་ ༣༡ འཁོར་བར་འཚམས་འདྲི་དང་། འཛམ་གླིང་གི་ལོ་རྒྱུས་སུ་གསེར་ནག་གི་ཐིགས་པས་བྲི་འོས་པའི་༧མགོན་པོ་མཆོག་གི་བྱམས་བརྩེ་དང་ཤེས་རབ་ལས་འཁྲུངས་པའི་སེམས་ཀྱི་ཤེས་ཡོན་སློབ་གསོའི་བརྩམས་ཆོས་དག་ལ་ནོ་བྷེལ་རྩོམ་རིག་གཟེངས་རྟགས་འབུལ་བའི་སྐལ་བཟང་མངོན་དུ་གྱུར་ཏེ་སློབ་གསོ་དེ་ཉིད་རྒྱལ་སྤྱིའི་ཁྱོན་ཡོངས་སུ་ཁྱབ་ནས་འཛམ་གླིང་ཞི་བདེ་མྱུར་དུ་འབྱུང་བར་སྨོན།
བཞུགས་སྒར་རྒྱལ་བའི་ཕོ་བྲང་གི་ཉེ་འདབས་ནས། ཨ་ལགས་རྗེ་སྤྲུལ་བློ་གྲོས་ཆོས་བཟང་གིས། ཕྱི་ལོ་༢༠༢༠ ཟླ་ ༡༢ ཚེས་ ༧ ཉིན།
[1] སྰི་ཤེས་ཡོན་སློབ་གསོའི་རྒྱུན་སྤྱོད་ལག་དེབ་ཀྱི་སྔོན་གླེང་དུ་སྩལ་པའི་༧གོང་ས་མཆོག་གི་གསུང་འཕྲིན།
[2] Secular Ethics in Education, A proposed Curriculum for K-12 and College Education. By The Emory -Tibet Partnership Emory University, Draft:October 21, 2015
[3] www. seelearning.com
[4] Layer, Richard. “Promoting Secular Ethics.”Ed.Helliwell, J., Layard, R.,&Sachs,J.(2016).World Happiness Report 2016, Update(Vol.l).New York:Sustainable Development Solutions Network.
[5] www.dailynous.com/A nobel prize for philosophy
[6] www.britannica.com/winners of Nobel Prize for Literature
གཟེངས་རྟགས་བཞི་པ་ནོ་བྷེལ་སྨན་དང་སེམས་ཁམས་རིག་པའི་གཟེངས་རྟགས་ནི།( Noble Physiology or Medicens Prize) ནད་རིགས་བཅོས་ཐབས་གསར་རྙེད་སོགས་ཀྱི་ཆེད་དུ་༸གོང་ས་མཆོག་ལ་གཟེངས་རྟགས་གཉིས་པར་ཐོབ་པ་ལ་ཀུན་གྱིས་ཐུགས་འཁུར་བཞེས་ཐུབ་ན། འདི་ནི་༸གོང་ས་མཆོག་ལ་ཤིནད་ཏུ་ནས་འོས་ཤིང་འཚམ་པ་ཞིག་རེད་འདུག་སྙམ་ལགས།།
རྣམ་དཔྱོད་མཆོག་ཏུ་ཡངས་པ་ཨ་ལགས་རྗེ་སྤྲུལ་ལ་བཀའ་དྲིན་ཆེ་ཞུ། སྐུ་ཉིད་ཀྱི་རྩོམ་ཡིག་འདིས་གུས་པས་དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན། ནང་དོན་དང་དམིགས་ཚད། ཧ་ཅང་དཀྱེལ་ངས་པའི་རྨི་ལམ་སོགས་སྒོ་གང་ཐད་ནས་ཡིད་སྨོན་སྐྱེ་དགོས་པ་ཞིག་བྲིས་འདུག མཇུག་མཐར་ཕྱི་ལོ་ ༢༠༢༢ ལོར་ང་ཚོ་ལྷན་དུ་༧གོང་ས་མཆོག་ལ་ནོ་བྷེལ་རྩོམ་རིག་བྱ་དགའ་ཐོབ་པའི་དུས་སྟོན་ལ་རོལ་ཐུབ་པར་སྨོན།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ།
་
སོ་ལྔར་འཁྲུངས་ལ་གསོལ་བ་འདེབས།
ང་དགུར་བྲོས་ལ་གསོལ་འདེབས།
གྱ་དགུར་བཞེས་ལ་གསོལ་བ་འདེབས།
སོ་གཅིག་སོང་ལ་གསོལ་བ་འདེབས།
་
ཀརྡོས།
ཡག་པོ་བྲིས་འདུག ཨ་ལགས་ཚང་།
The Art of Happiness-བདེ་སྐྱིད་ཀྱི་ཐབས་ལམ།
དབྱིན་ཡིག་གི་Art ཞེས་པ་འདི་སྒྱུ་རྩལ་གཅིག་པོར་མི་གོ་བར་ཐབས་ལམ་ལ་ཡང་གོ་བས། སྐབས་འདིའི་དེབ་དེའི་བརྗོད་བྱ་ལ་གཞིགས་ན། བདེ་སྐྱིད་ཀྱི་ཐབས་ལམ་ཞེས་བསྒྱུར་དགོས་སྙམ།
བསམ་ཚུལ་དང་ལེགས་གསོལ་གནང་མཁན་རྣམས་ལ་ཐུགས་རྗེ་ཆེ། བརྒྱུད་བསྐུར་མང་ཙམ་གནང་རོགས།
ཤིན་ཏུ་བདེན།
ལས་འགུལ་འདི་བཞིན་གཞུང་མང་ཚང་མས་མཉམ་རུབ་བྱས་ཐོག། འབྲེལ་ཡོད་རྒྱལ་སྤྱིའི་སློབ་ཆརན་ཁག་དང་ཚོགས་སྡེ་ཁག་གིས་ཀྱང་ཤུགས་བརྒྱབ་ན་ད་གཟོད་འབྲས་བུ་གཡུར་དུ་ཟ་བ་ཡོང་ཐུབ་རྒྱུ་རེད་འདོད། དེ་བཞིན་གནད་ཡོད་ཀྱི་མི་སྣ་ཚོས་ཀྱང་འགན་གཙོ་བོར་བཞེས་ཏེ་སྣེ་ཁྲིད་བྱས་ན་རེ་བ་འདི་ནི་དོན་དངོས་ཤིག་ཡིན་སྟབས་མྱུར་དུ་མངོན་འགྱུར་ཡོང་བའི་སྨོན་ལམ་འདེབས།
རྩོམ་པ་པོའི་རྣམ་དཔྱོད་དང་ལྷག་བསམ་ལ་ཐུགས་རྗེ་ཆེ་ཞུ།
ཨ་ལགས་རྗེ་སྤྲུལ་ཚང། བཀའ་དྲིན་ཆེ། གང་ཡིན་ཞེ་ན་ཁྱེད་ཀྱིས་རྣམ་རྒྱུན་དཔྱད་རྩོམ་གང་ལེགས་རྐྱང་རྐྱང་བྲིས་པར་མ་ཟད། ལྷག་ཏུ་ད་ཐེངས་གལ་གནད་ཅན་གྱི་རྩོམ་ཡིག་ཅིག་སྤེལ་འདུག དེས་ན་ཕྲན་གྱི་རེ་བར་“ཕྱི་ལོ་ ༢༠༢༢ ལོའི་ནོ་བྷེལ་རྩོ་རིག་གཟེངས་རྟགས་༸གོང་ས་༸སྐྱབས་མགོན་རྒྱལ་བའི་དབང་པོ་མཆོག་ལ་འབུལ་འོས།” ཞེས་པའི་རྩོམ་ཡག་དེ་དབྱིན་ཡིག་ཏུ་བསྒྱུར་ཐུབ་ན་ཧ་ཅང་གི་དགེ་མཚན་དང་ཕན་ཐོགས་ཆེ་བས། དེ་ལུགས་ཐུགས་འཛིན་གནང་རྒྱུ་བཀའ་དྲིན་ཆེ།