ཨེ་མ་ཧོ།
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ།
ཕྱོགས་དུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ།།
དཔལ་ལྡན་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།
འཇམ་དཔལ་ཡིད་བཞིན་ནོར་བུ་གསོལ་བ་འདེབས།།
བཀྲ་ཤིས་དོན་ཀུན་འགྲུབ་པར་བཀྲ་ཤིས་ཤོག།
ལོ་སར་ལ་སྤྱིར་ན་རང་ལུགས་དང་གཞན་ལུགས་དུ་མ་ཡོད་ན་ཡང་། འདིར་སོ་སོར་ཡུལ་གླིང་གང་ན་ཡོད་ན་དེས་ཡུལ་སྲོལ་དང་མཐུན་པར་དགའ་སྟོན་ཡིན་ཞེས་པའི་དོན་རེད། དེ་ཡང་ཉི་མ་འགའ་རེ་ནི་རྟོག་བཏགས་ཀྱི་ཉི་མ་ཞིག་དང་འགའ་རེ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་མཚོན་པའི་དུས་ཆེན་ཁྱད་པར་ཅན་ཞིག་རེད། སྲོལ་རྒྱུན་གྱི་དབང་དུ་བྱས་ན་ཡང་།།ལོ་སྔ་མ་རྫོགས་ནས་ལོ་རྗེས་མའི་འགོ་ཚུགས་པ་ལ་ཟེར་ཞིང་། དེ་ཡང་ལོ་འགོ་འཛིན་ཚུལ་མི་འདྲ་བའི་དབང་གིས་ལོ་གསར་ལ་ཡང་ཡུལ་སྲོལ་མི་འདྲ་བ་སྣ་ཚོགས་བྱུང་། དེ་ཡི་ནང་ནས་དེང་སང་བོད་ལ་ཧོར་ལུགས་སྲོལ་རྒྱུན་འཛིན་པ་ཚོས་ཧོར་ཟླ་དང་པོ་ལ་བོད་ཀྱི་ལོ་གསར་བྱེད་པ་དང་།
ཟླ་བ་དང་པོ་ནས་བཅུ་གཉིས་པའི་བར་ལ་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་བརྗོད་པའི་རྒྱུ་མཚན་ནི། ཡོན་རྒྱལ་རབས་ཀྱི་རྒྱལ་པོ་ཇིང་གེར་ཧན་གྱིས་རབ་བྱུང་བཞི་པའི་མེ་བྱི་(༡༢༡༦)ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་་གི་ཡུལ་དུ་དམག་དྲངས་ནས་རབ་བྱུང་བཞི་པའི་མེ་ཕག་(༡༢༢༧)ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་གསར་གཏོང་སྲོལ་བྱུང་བ་ཡིན།
ཞར་བྱུང་བོད་དུ་ལོ་འགོ་འཛིན་ཚུལ་མི་འདྲ་བ་བཅུ་ཙམ་བྱུང་ཡོད་པའི་སྐོར་ནི།
ཧོར་ཟླ་དང་པོ། ཧོར་ལུགས་དང་། ནག་རྩིས་ཁ་ཅིག གསོ་དཔྱད་པ།
ཧོར་ཟླ་གཉིས་པ། མདོ་ཉི་མའི་སྙིང་པོ་སོགས་ཀྱི་ལུགས།
ཧོར་ཟླ་གསུམ་པ། མདོ་གསེར་འོད་དམ་པ། ཕུག་ལུགས། དུས་འཁོར།
ཧོར་ཟླ་དྲུག་པ། སྨིན་གླིང་དང་གཏེར་གསར་ལུགས།
ཧོར་ཟླ་བརྒྱད་པ། མཆིམས་ནམ་མཁའ་གྲགས་པ་སོགས་འདུལ་འཛིན་སྔོན་མ།
ཧོར་ཟླ་དགུ་པ། པཎ་ཆེན་ཤཱཀྱའི་ཤྲི་སོགས་འདུལ་འཛིན་ཁ་ཅིག
ཧོར་ཟླ་བཅུ་པ། རྗེ་ཙོང་ཁ་པ་སོགས་འདུལ་འཛིན་ཕྱི་མ།
ཧོར་ཟླ་བཅུ་གཅིག་པ། ཁྱུང་ནག་དང་ཕུག་པ་དཔལ་མགོན།
ཧོར་ཟླ་བཅུ་གཉིས་པ། མཁའ་འགྲོ་རྒྱ་མཚོའི་རྒྱུད། ནག་རྩིས་ཐོར་བུ་བཅས་འདོད་ཚུལ་མི་འདྲ་བ་ཡོད་ཀྱང་། བོད་དབུས་གཙང་སོགས་ས་ཁུལ་མང་ཆེ་བར་ཧོར་ཟླ་དང་པོ་ལ་ལོ་འགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད། བོད་ཀྱི་ལོ་གསར་གཏོང་ཚུལ་རྣམས་རྒྱས་པ་གོང་གི་བ་སྡེའི་བོད་ཀྱི་ལོ་གསར་ཞེས་པར་གསལ། དེས་ན་ལོ་རེ་ཞག་པོ་སུམ་བརྒྱ་དྲུག་རེ་ལྔ་ལ་ལོ་གསར་ཡང་དེས་གྲངས་བཞིན་ཚེས་པ་རེད། ཡིན་ན་ཡང་དེ་རིང་ནི་ཕྱི་ལོའི་ལོ་གསར་གྱི་ཚེས་པ་གཅིག་གི་ཉིན། རང་གི་དབྱིན་ཇིའི་རྒན་གྱི་བཀའ་དང་། གྲོགས་པོའི་ངོ་དང་གྲོགས་མོའི་མགྲོན་འབོད་ལ་སོང་བ་ཡིན། ཁྱད་པར་ཡར་ངོའི་ཚེས་བཅུའི་ཚོགས་འཁོར་དང་རྟེན་འབྲེལ་མ་བསྒྲིག་རང་འགྲིག་ཏུ་སོང་བས་མཆོད་པ་འབུལ་དུ་མོས་ནས་སོང་བ་ཡིན། རྒྱ་དང་བོད་སོག་གང་གིས་ལོ་སར་མིན་ཡང་།དངོས་སུ་འབྱོར་བ་དང་ཡིད་སྤྲུལ་མཆོད་འབུལ་དུ་གང་ནུས་བྱས་པ་ཡིན། ཁྱད་པར་བོད་དབུས་པའི་ལོ་གསར་འདྲ་བོ་ང་ཡོད་ས་འདིར་དཔྱིད་ཀྱི་ལུ་གུ་མེ་ཏོག་བཞད་ཅིང་། རྩི་ཤིང་སྣ་ཚོགས་ཁ་འབུས་ཤིང་། དཔྱིད་རླུང་གི་དྲི་བཟང་ཕྱོགས་ཀུན་ཁྱབ་ཅིང་། ནོར་འཛིན་ཡོངས་ལ་སྣུམ་ཞག་ཆགས་བཞིན་པའི་དུས་ཚོད་གཅིག་ཡིན།
ངོ་མ་བཤད་ན་བདག་གི་དྲིན་ཆེན་རྩ་བའི་བླ་མ་དམ་པ་ཆོས་རྗེ་ཡིད་བཞིན་ནོར་བུ་དགོངས་པ་རྫོགས་ཟིན་པ་དང་རང་ཡང་ས་མཐར་འཁྱམས་ནས་ལོ་ངོ་བཅུ་ཕྲག་ཕྱིན་པ་ལ་དགའ་སྟོན་ཞིག་མེད་ཀྱང་། སྤྱོད་ལམ་གྲོགས་དང་མཐུན་པར་ཚོགས་བསགས་དང་སྒྲིབ་སྦྱོང་དུ་འབད་པ་ལས། རང་ནི་སྐྱེ་བོ་ཐ་མལ་ལྟར་དུད་ཆང་རྒྱན་པོ་དང་རྩེད་མོ་དང་། རྣམ་གཡེང་ལ་རྒྱས་སྤྲོས་གཏོང་མཁན་ཞིག་མིན་པར་ངའི་ཆོས་མཆེད་ཚང་མས་མཁྱེན་དགོས། ང་དང་འདྲ་བའི་ས་མཐའ་ན་བོད་མི་ཡིན་པའི་སྤུན་ཟླ་དག་གིས་ཚབ་བྱས་ནས་ཟིན་ཐུང་འདི་བྲིས་པ་ཡིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས།
སླད་དོན།
གངས་ཅན་བོད་པ་ཡོངས་ལ་ལོ་གསར་གཅིག་མཐུན་དང་ཆིག་སྒྲིལ་ཞིག་འབྱུང་བ་ཞིག་གི་སྙིང་གི་རེ་བ་ཡིན། དེ་ཡང་རྒྱལ་ཟླའི་ཡར་ངོའི་ཚེས་པ་གཅིག་ལ་སྔོན་ཆོས་རྒྱལ་དམ་པ་དག་གི་དགོངས་པ་ལས་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ངོས་འཛིན་པ་དེ་དགེ་བཅག་དང་བོད་ལུགས་སྲོལ་རྒྱུན་མིན་པར་ཀུན་གྱིས་མཁྱེན་པར་འཚལ།།
རིགས་མཐུན་འགྲོ་བ་ཡོངས་ལ་གནས་སྐབས་ཀྱི་ཕན་པ་དང་མཐར་ཐུག་གི་བདེ་བ་ཐོབ་པའི་སྨོན་ལམ་བཅས།
ཨོཾ་སྭ་སྟི།
ཕན་བདེའི་འབྱུང་གནས་བསྟན་པ་དར་གྱུར་ཅིག།
ཚེ་རབས་ཀུན་ཏུ་ཆོས་ལ་སྤྱོད་གྱུར་ཅིག།
རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་རྒྱས་གྱུར་ཅིག།
འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག།
རབ་རྒྱན་ཤིང་རྟའི་ཟླ་ཚེས་དགེ་བ་འམ་ཕྱི་ལོ་༢༠༡༥ ༡ ༡ ཉིན་ཨེ་མ་ཧོས་དྲ་གྲོགས་འགའ་ལ་ཕན་དུ་དམིགས་ནས་བགྱིས་པར་དགེའོ།། །།
གང་ཤེས་ཡིག་ནོར་མང་པོ་བཙོང་རྒྱུ་འདུག་་
བཀྲ་ཤིས་གང་ཞིག་སྲས་བཅས་རྒྱལ་ཀུན་གྱིས།།
བསྟན་འགྲོར་ཕན་པའི་སྨོན་འབྲས་མངོན་གྱུར་ཏེ།།
རྫོགས་ལྡན་དུས་སྟོན་གསར་བའི་སྣང་བ་ཡིས།།
ནོར་འཛིན་ཁྱོན་ཀུན་ཡོངས་སུ་འགེང་གྱུར་ཅིག །།
ཡིན་ན་ཡང་ཨེ་མ་ཧོས་མཁྱེན་དགོས་པ་ཞིག་ལ་་་་༧ཀུན་མཁྱེན་བླ་མ་དམ་པ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་འདི་ལྟར་གསུངས་འདུག ལོ་སར་བོད་ལོ་སར་དགོས། ད་ཕན་ཆད་ཁྱོད་རྣམས་ཀྱིས་ལོ་སར་ཡིན་ན་བོད་ལོ་སར་དགོས་པ་རེད། ལྷ་སའི་ལོ་ཐོ་ལྟར་དུ་སར་དགོས་པ་རེད་མ་གཏོགས་རྒྱ་ལོ་སར་དོན་ཅི་ཡང་ཡོད་མ་རེད། ང་ཚོ་བོད་ལ་བོད་ཀྱི་རིག་གནས་ཡོད་པས་བོད་ཀྱི་ཚེས་གྲངསལྟར་དུ་བྱེད་དགོས།
ཁྱོད་རྣམས་ཀྱིས་ལོ་སར་ཡིན་ན་རྒྱ་ལོ་དང་ཚེས་གྲངས་ཤིག་བརྩིསམན་རྒྱ་ཚེས་དེ་འདྲ་ཟེར་གྱིན་མ་འདུག ང་ཚོས་སྐར་མ་འཕྲོད་སྦྱོར་སོགས་འདི་ཚོ་བོད་ཀྱི་དུས་འཁོར་ནང་ལྟར་ལྷ་སའི་ལོ་ཐོ་འདི་ལ་བལྟས་ནས་འགྲོ་དགོས་སོ།། ཞེས་གསུངས་པར་ཐུགས་རྨད་དོ། ཤེས་རབ་སྙིང་བརྗེའི་དྲ་བ་ལས་དྲངས།།
ལོ་སར་མ་རེད། ལོ་གསར་རེད། བོད་ཀྱི་ལོ་གསར་མ་རེད། སྤྱི་ལོའི་ལོ་གསར་རེད། སྤྱི་ལོའི་ལོགསར་ཇན་ཝ་རིའ་ཚེས་དང་པོ་ཤར་བ་ལ། དྲ་གྲོགས་ཀུན་བཀྲ་ཤིས་བདེ་ལེགས་ཡོད་གདའ།
་་་་་་་་་་་་་་་ ང་དང་འདྲ་བའི་ས་མཐའ་ན་བོད་མི་ཡིན་པའི་སྤུན་ཟླ་དག་གིས་ཚབ་བྱས་ནས་ཟིན་ཐུང་འདི་བྲིས་པ་ཡིན། ཚང་མ་ལ་བཀྲ་ཤིས་བདེ་ལེགས།
སླད་དོན།
གངས་ཅན་བོད་པ་ཡོངས་ལ་ལོ་གསར་གཅིག་མཐུན་དང་ཆིག་སྒྲིལ་ཞིག་འབྱུང་བ་ཞིག་གི་སྙིང་གི་རེ་བ་ཡིན། ་་་་་་་་་་་་་་་་་་
ལོ་གསར་མ་རེད་ལས་གསར་རེད་།
ཁང་རྩི་གཏོང་རྒྱུ་ལས་གསར་རེད་།
གནས་ཁང་གཙང་བཟོ་ལས་གསར་རེད་།
མགྲོན་འབོད་བྱ་རྒྱུ་ལས་གསར་རེད་།
གོས་གསར་ཉོ་རྒྱུ་ལས་གསར་རེད་།
ཚན་ཚོགས་བྱ་རྒྱུ་ལས་གསར་རེད་།
ཆང་རག་ཐུང་རྒྱུ་ལས་གསར་རེད་།
ཟས་ཞིམ་ཟ་རྒྱུ་ལས་གསར་རེད་།
ཧ་ཧ་ཧ་བོད་པའི་ལོ་གསར་མ་རེད་ད་།ཤེས་པ་གྱིས་ཧཧཧ