རྔ་པ་ཀིརྟི་དགོན་པའི་ནུབ་ཕྱོགས་ཀྱི་གླིང་གི་ཕྱི་རོལ་ཏུ་ཡོད་པའི་སྲུང་མ་ཁང་ ལ་ཉིན་བཅོ་ལྔ་རེའི་མཚམས་སུ་ལྷ་ཚེས་ཤིག་འཚོགས་རྒྱུ་ཡོད་པ་དེ་ཕྱི་ཚེས་ ༡༥ ཉིན་ཁེལ་ཡོད་ཅིང་། ཉིན་ཤས་གོང་གློ་བུར་དུ་ཚེས་ ༡༥ ཉིན་ལྷ་ཚེས་འཚོགས་དགོས་ལུགས་བརྗོད་ཡོད་པར་མ་ཟད། མི་མང་ལ་ཡང་ལྷ་ཚེས་འཚོགས་རྒྱུ་ཡིན་ པས་མཇལ་དུ་ཡོང་ན་ཆོག་ཚུལ་གྱི་གནས་ཚུལ་གློ་བུར་བ་ཞིག་དངོས་ཤུགས་བརྒྱུད་གསུམ་ ནས་སྤེལ་བཅུག་ནས་ཉིན་དེར་མི་མང་ཧ་ཅང་མང་པོ་འདུ་འཛོམས་བྱེད་བཅུག་ཡོད་མོད། ཉིན་དེའི་ཞོགས་ཀ་སྔ་བོ་ནས་སྲུང་མ་ཁང་དུ་ཕེབས་ལམ་ཚང་མར་གློག་བརྙན་ལེན་བྱེད་ ཀྱི་དཔར་ཆས་དང་སྤྱི་བཏང་གི་དཔར་ཆས་མང་པོ་ བཀར་ནས་གྲྭ་པ་རྣམས་ཕེབས་སྒུག་བྱས་པར་བརྟེན་དགུང་ལོ་ ༦༠ ། ༧༠ ཡིན་པའི་གྲྭ་པ་རྒན་པ་བཞི་བཅུ་ཙམ་ལས་ལྷ་ཚེས་སུ་ཕེབས་མེད་འདུག་ལ། རྒྱ་གཞུང་ གི་ལས་བྱེད་པ་སྐོར་ཞིག་གིས་གྲྭ་ཤག་མང་པོར་སོང་ནས་ལྷ་ཚེས་ལ་འགྲོ་དགོས་ལུགས་ བརྗོད་ཡོད་ཀྱང་གྲྭ་པ་རྣམས་ཀྱིས་དེ་རིང་ཚོགས་འཚོགས་བཅུགས་པ་དེ་གཞུང་གིས་ དྲིལ་བསྒྲགས་རྫུན་མའི་རྒྱབ་རྟེན་དུ་ཁྲབ་སྟོན་བྱས་པ་དང་འདྲ་བས་རྩ་བ་ནས་འགྲོ་ མི་ཐུབ་ཚུལ་བརྗོད་དེ་ཕེབས་མེད་འདུག སྲུང་མ་ཁང་གི་ནང་དང་ གཡས་གཡོན་དུ་དམག་ཆས་མ་གྱོན་པའི་དམག་མི་བརྒྱ་ཕྲག་ཙམ་བཀྲམས་ཤིང་། མི་མང་གིས་བསང་བཏང་བ་གློག་བརྙན་དུ་ཕབ་ཅིང་དཔར་བླངས་ཡོད་འདུག་ ལ། མི་རེ་ཟུང་ལ་སྐད་ཆ་ཡང་དྲིས་འདུག་མོད། གྲྭ་པ་ཉུང་ཉུང་ཞིག་ལས་མ་ཕེབས་སྟབས་མི་མང་པོ་ཞིག་གིས་གསུམ་པའི་བཅུ་དྲུག་ནས་ ད་བར་ཟླ་གསུམ་ཙམ་གྱི་ རིང་གྲྭ་པ་རྣམས་ལྷན་ཚོགས་གནང་བ་མཇལ་རྒྱུ་མ་བྱུང་ཚུལ་གླེང་ཞིང་མིག་མཐའ་མཆི་ མས་བཀང་སྟེ་ཕྱིར་རང་རང་གི་ནང་དུ་ལོགས་ཡོད་འདུག།
ཕྱི་ཟླ་ ༦ ཚེས་ ༡༣ ཉིན་རྔ་པ་རྫོང་མཐའ་འགབ་མའི་རུ་ཆེན་དང་པོའི་འཕྲིན་པོ་ཚང་གི་བུ་བུ་མོ་གཉིས་ རྒྱ་དམག་གིས་གཅར་རྡུང་དྲག་པོ་བཏང་ནས་སྟབས་རྫོང་ སྨན་ཁང་དུ་ཉལ་དགོས་བྱུང་ཡོད་འདུག དེ་ཡང་འཕྲིན་ཁོ་ཚང་ལ་ཀིརྟི་དགོན་པའི་ཉེ་འདབས་ཀྱི་གཞུང་ལམ་བཞི་མདོ་རུ་མགྲོན་ ཁང་བཞི་ཐོག་ཅན་ཞིག་ཡོད་པ་ དེའི་ནང་དམག་མི་སྡོད་དགོས་ཚུལ་བརྗོད་པར་ནང་མི་རྣམས་ཀྱིས་ངོས་ལེན་རྩ་བ་ནས་མ་ བྱས་སྟབས་བུ་བུ་མོ་གཉིས་གཅར་རྡུང་བཏང་བ་ཞིག་ཡིན་འདུག དེ་བཞིན་ཕྱི་ལོ་ ༢༠༠༨ ལོར་ཡང་མགྲོན་ཁང་དུ་དམག་མི་སྡོད་དགོས་ཚུལ་བརྗོད་སྐབས་ངོས་ལེན་མ་བྱས་པས་དེ་ རྗེས་དཀའ་ངལ་མང་པོ་བཟོས་ཡོད་འདུག་ལ། ལོ་དེར་རྔ་པའི་གྲོང་སྡེ་ཁག་གི་ལས་བྱེད་པ་རྣམས་༸གོང་ས་མཆོག་ལ་ངོ་རྒོལ་བྱེད་ པའི་ཚོགས་འདུ་རུ་བསྡུས་ཤིང་། སྐབས་དེར་འཕྲིན་པོ་རུ་ཆེན་དང་པོའི་འགོ་ བ་ཡིན་སྟབས་ངོ་རྒོལ་བྱེད་དགོས་མཁན་གྱི་གྲས་སུ་ཚུད་ཡོད་ནའང་ཁོས་རྩ་བ་ནས་དང་ ལེན་མ་བྱས་སྟབས་རུ་ཆེན་དང་པོའི་འགོ་བ་ནས་གཏན་ཕུད་བྱས་ཡོད་ འདུག
ཡང་ ཉིན་ཤས་གོང་ནས་དགོན་པའི་གླིང་གི་ཕྱི་རོལ་ཏུ་ཡོད་པའི་དམག་མི་རྣམས་སྡོད་སའི་ གུར་ཕལ་ཆེ་བ་ཕབ་ཡོད་པར་མ་ཟད། ཤུལ་གཙང་མ་བཟོས་འདུག་པས། དགོན་པའི་ཕྱི་ནང་གི་བོད་མི་རྣམས་ཀྱི་མི་ཤེས་ས་ནས་ཕྱི་ལོགས་ཀྱི་གསར་འགོད་ པའམ། ཡང་ན་རྟོག་ཞིབ་ཚོགས་ཆུང་རེ་ཡོང་གི་ཡོད་པ་ཡིན་ནམ་སྙམ་ནས་ མི་མང་གིས་གླེང་སློང་ཆེན་པོ་བྱེད་ཀྱིན་ཡོད་འདུག དམག་མི་རྣམས་སྔར་བཞིན་ཡོད་ཀྱང་ལམ་སེང་གང་ཞིག་ཏུ་ཡིབ་ཆོག་ཆོག་ལྟ་བུའི་ངང་ ཡོད་པས། མི་མང་གིས་གལ་སྲིད་དེ་འདྲ་ཞིག་ཡོང་ན་རྒྱ་གཞུང་གི་མགོ་སྐོར་འོག་ཚུད་རྒྱུའི་ གཉེན་ཁ་ཡོད་ཚུལ་གླེང་གི་ཡོད་འདུག།
དེ་ སྔོན་ཕྱི་ཟླ་ ༤ ཚེས་ ༢༢ ཉིན་སྡེབ་གཅིག་ལ་གྲྭ་པ་སུམ་བརྒྱ་ལྷག་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་ པ་རྣམས་ཀྱི་ནང་ནས་ཡུལ་ཤུལ་དང་མགོ་ ལོགས་ཕྱོགས་ཀྱི་གྲྭ་པ་རྣམས་གློད་གྲོལ་བྱས་ཏེ་ཕྱིར་རང་རང་གི་ཕ་ཡུལ་ལ་བསྐྱལ་ འདུག་ཀྱང་། ད་ནས་བཟུང་ཕྱིར་ཀིརྟི་དགོན་པའི་ནང་རྩ་བ་ནས་འགྲོ་མི་ཆོག་ ཚུལ་བརྗོད་ཡོད་པར་མ་ཟད། དགོན་པའི་ནང་ཡོད་པའི་བཅའ་དངོས་རྣམས་ཀྱང་གཞུང་གིས་ཚུར་བསྐྱལ་ཡོང་རྒྱུ་ལས་ ཁྱེད་རང་ཚོ་ཕར་ལེན་དུ་འགྲོ་མི་ཆོག་ཚུལ་ བརྗོད་ཡོད་འདུག སྐབས་དེར་འཛིན་བཟུང་བྱས་པའི་རྨ་ཆུ་རྫོང་དང་རེབ་གོང་སོགས་ས་གནས་གཞན་གྱི་གྲྭ་ པ་རྣམས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་ མེད།
ཕྱི་ ཟླ་ ༦ ཚེས་ ༡༢ ཉིན་སྟེ་གཟའ་ཉི་མའི་ཉིན་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་སྤེལ་ སྐབས་ཀྱི་ཚོགས་ཆུང་རེ་ནས་གྲྭ་པ་གཉིས་རེ་དགོན་པའི་ ཕྱི་རོལ་ཀྱི་ཁྲོམ་སོགས་ལ་མངགས་ཡོད་ཀྱང་གཟའ་ཟླ་བ་ནས་སྔར་བཞིན་དགོན་པའི་ནང་ རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་མུ་མཐུད་སྤེལ་བཞིན་ཡོད་ འདུག
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༦ ལ།
ཧ་ཅང་གི་ཡག་པོ་བྱུང་འདུག་་