རྔ་པ་རྫོང་ཆོས་རྗེ་མ་ཞང་གི་ཆོས་རྗེ་མ་སྡེ་བའི་རྒྱ་མཚོ་ (གདོང་ཤོ)། རང་ལོ་ ༦༣ ཙམ་ཡིན་པ་ཁོང་ཟླ་ ༤ ཚེས་ ༢༧ ཡས་མས་སུ་འཛིན་བཟུང་བཀག་ཉར་བྱས་ཡོད་ཅིང་། ད་ལྟ་མུ་མཐུད་བཀག་ཉར་ བྱེད་མུས་ཡིན་འདུག ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་རྐྱེན་ནི་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༢ ནས་ཚེས་ ༢༢ བར་ཉིན་མཚན་གཉིས་ཀར་རྔ་པ་ མི་མང་གིས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་འཛིན་བཟུང་བྱེད་མི་ཆོག་པའི་རྣམ་ འགྱུར་བསྟན་ནས་དྲག་དཔུང་གི་གདོང་ལ་ལངས་ཡོད་ལ། ཉིན་དེ་དག་གི་རིང་རྒྱ་གཞུང་གིས་ཞི་དྲག་སྣ་ཚོགས་ ཀྱིས་མི་མང་རྣམས་རང་རང་སར་འགྲོ་དགོས་པའི་སྐུལ་མ་བྱས་ཀྱང་གཏན་ནས་འགྲོ་འཇུག་ ཐུབ་མེད་སྟབས། རྒྱ་མཚོས་རྫོང་སྲིད་གཞུང་ལ་བརྗོད་དོན། གལ་སྲིད་དངོས་གནས་གྲྭ་པ་རྣམས་འཛིན་བཟུང་བྱེད་རྒྱུ་མིན་ན་ཁེགས་ཐེག་ཡི་གེ་ བྲིས་ དང་མི་མང་རྣམས་རང་རང་སར་འགྲོ་འཇུག་རྒྱུའི་འགན་ངས་ལེན་ཐུབ་ཅེས་བཤད་མོད། རྒྱ་གཞུང་ལ་འཆར་གཞི་ཡོད་པས་ཡི་གེ་ག་ལ་འབྲི། ཉིན་ཤས་རྗེས་ནས་རྔ་པ་རྫོང་ཉེན་རྟོག་མི་སྣས་ཁོང་རྨ་ཆུ་རྫོང་ཐོག་ནས་འཛིན་ བཟུང་གིས་བཀག་ཉར་བྱས་ཡོད་ལ། ཁོང་འཛིན་བཟུང་བཀག་ཉར་བྱས་ པ་ནས་ས་གནས་གང་དུ་བཀག་ཉར་བྱས་ཡོད་མེད་ཙམ་གྱི་གནས་ཚུལ་ཡང་གསལ་པོ་འབྲེལ་ཡོད་ ཚོས་ཤེས་རྟོགས་ཐུབ་ཀྱི་མེད་འདུག ཁོང་གི་ཤུལ་དུ་གཟའ་ཟླ་མ་གཏོགས་ནང་མི་གཞན་གང་ཡང་མེད་འདུག
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༦ ཉིན་རྔ་པ་ཁུལ་འཐབ་ཕྱོགས་གཅིག་གྱུར་ཁང་དང་རྔ་པ་ཁུལ་ཆོས་ལུགས་ལས་ཁུངས་གཉིས་ཀྱིས་རྐང་འགན་ ཁུར་ནས་རྔ་པ་ཀིརྟི་དགོན་པའི་གྲྭ་པ་རྣམས་ཐོ་འགོད་བྱས་ཡོད་འདུག་ལ། ཉིན་དེར་ཐོ་གཞུང་དུ་མ་ཐེབ་པ་རྣམས་དེ་ནས་བཟུང་དགོན་པའི་ སྒྲིག་ ཁོངས་ནས་བཙན་དབང་གིས་གནས་དབྱུང་བཏང་བ་ཡིན་ཚུལ་སྒྲོག་གིན་ཡོད་འདུག ཉིན་དེར་ཐོ་འགོད་བྱས་ཡོད་པའི་གྲྭ་པ་ ༡༢༠༠ ནས་ ༡༣༠༠ བར་ཡིན་འདུག་པས་འདི་གཞིར་བཞག་བྱས་ན་དགེ་འདུན་པ་ ༡༢༠༠ ལྷག་དགོན་པ་ནས་གནས་དབྱུང་བཏང་ཡོད་འདུག དེང་སྐབས་དགོན་པའི་ནང་དགེ་འདུན་པ་སྐོར་ཞིག་གི་མིང་སོགས་ཡིག་ཐོག་ནས་གསལ་ བསྒྲགས་བྱས་ཏེ་དགོན་པའི་ནང་ནས་འགྲོ་དགོས་ཚུལ་དང་། ཁོང་རྣམས་ཀྱི་གྲྭ་ཤག་རྒྱ་གཞུང་བརྩིས་ལེན་བྱེད་རྒྱུ་ཡིན་ཚུལ་སོགས་བརྗོད་ ཀྱིན་ཡོད་ཀྱང་། དགེ་འདུན་པ་རྣམས་ཀྱིས་ངོས་ལེན་གནང་གི་མེད་པར་དགོན་པའི་ནང་ཨུ་ཚུགས་ཀྱིས་ བསྡད་ཡོད་མོད། རྒྱ་གཞུང་གིས་ཉེན་རྟོག་པ་འཁྲིད་ནས་མ་ཡོང་སྔོན་དུ་རང་འགུལ་གྱིས་སོང་ན་བཤད་ མེད་དང་། ཉེན་རྟོག་པ་སླེབས་དུས་འགྲོ་ས་བཙོན་ཁང་མ་གཏོགས་མེད་ཚུལ་སོགས་བརྗོད་ནས་འཇིགས་ སྐུལ་ཡང་ཡང་བྱེད་བཞིན་ཡོད་འདུག གོང་གསལ་གྱི་དགེ་འདུན་པ་རྣམས་དགོན་པའི་ནང་ནས་གནས་དབྱུང་བཏང་བ་ཡིན་ཚུལ་གྱི་ ཡི་གེའི་ཐོག་དགོན་པའི་ཆོས་ལུགས་དོ་དམ་ཁང་གི་མིང་དང་ཐེལ་རྩེ་རྫུན་མ་བརྒྱབས་ ནས་དགོན་པའི་ཆོས་ལུགས་དོ་དམ་ཁང་གིས་གནས་དབྱུང་བཏང་བ་ཡིན་ཚུལ་སྒྲོག་བཞིན་ ཡོད་འདུག་པ་སོགས་ཕྱི་ནང་གཉིས་དང་ལུས་སེམས་གཉིས་ཀར་བཙུར་གནོན་ཁོ་ནས་ངང་ཡོད་ པ་བཅས།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༢༨ ལ།
གནས་ཚུལ་མཁོ་གཏོང་བྱེད་སྐབས་སྒེར་གྱི་སེམས་ཚོར་ནང་དུ་བསྲེས་ན་གསར་འགྱུར་གྱི་རིན་ཐང་བརླག་འགྲོ་བ་ཡིན་པས་དེའི་ཐད་གཟབ་རོགས། གསར་གནས་དུས་ལྟར་བཏང་པར་ཐུགས་རྗེ་ཆེ།
དེང་སྐབས་ཕ་ཡུལ་ཨ་མདོ་དང་། ཀར་མཛེས་ཁུལ་དུ་རང་རིགས་གཞིས་ལུས་ཁག་གཅིག་ནས་ལས་འགུལ་སྣ་ཚོགས་ཞིག་སྤེལ་བཞིན་པ་ནི་བྱེས་འབྱོར་རང་དབང་ལུང་པར་ཡོད་པའི་སྤུན་ཟླ་ཡོངས་ནས་ཡི་རངས་བསྔགས་བརྗོད་དང་རྒྱབ་སྐྱོར་བྱ་དགོས་པ་སྨོས་མེད་ལ། འོན་ཀྱང་༧གོང་ས༧མཆོག་གི་བཀའ་དགོངས་དང་ཁེ་གྱོང་ལ་དགོངས་པ་ཡག་པོ་བཞེས་རྒྱུ་གལ་ཆེ། དེ་མིན་འདི་ནས་མགོ་བདེ་དྲན་རྒོད་འགའ་ཞིག་ནས་གཞིས་ལུས་རྣམས་ནས་ལས་འགུལ་སྤེལ་ན་རྒྱལ་སྤྱི་རུ་ཁྱབ་སྒྲག་ཆེ་ཚུལ་དང་། གཞིས་ལུས་རྣམས་བློ་སྟོབས་དང་ལྷག་བསམ་ཆེ་ཚུལ་སོགས་དངོས་ཤུགས་རྒྱུད་གསུམ་ནས་དོན་མེད་རྒྱུད་སྐུལ་བྱས་ཏེ་མཐའ་མའི་གྲུབ་འབྲས་ནི་ད་ལྟ་ཀིར་ཏི་དགོན་པ་རུ་མྱོང་བཞིན་པའི་གནས་ཚུལ་འདི་རེད། ཕྱི་ནང་བོད་རིགས་ནང་ཕན་ཚུན་ཐུག་ཕྲད་བྱེད་རྒྱུར་ཕན་གནོད་གང་འདྲ་འདུག ལས་འགུལ་ནང་ཞུགས་མཁན་རྣམས་དང་ནང་མི་རྣམས་ལ་ཕན་གནོད་གང་འདྲ་འདུག མདོ་དབུས་ཁམས་གསུམ་གྱི་ཁུལ་དུ་རང་དབང་ཐོག་འགྲོ་སྐྱོད་བྱ་རྒྱུར་ཕན་གནོད་གང་འདྲ་འདུག རྒྱ་གཞུང་ནས་ཆོས་བྱེད་པ་གྲྭ་ཆས་གྱོན་མཁན་ཡོངས་ལ་དཀའ་ངལ་ག་ཚོད་སྤྲད་ཀྱི་འདུག དེ་ལ་སོགས་པའི་ཁེ་གྱོང་ལ་བརྟག་དཔྱད་གཟབ་ནན་གནང་སྟེ་འགྲོ་བཟོ་སྡོད་མཁས་བྱ་རྒྱུ་ནི་གལ་ཆེ་བར་མཐོང་།
དངོས་ནས་ཀིརྟི་དགོན་པའི་དགེ་འདུན་པ་འདི་དག་དང་རྔ་བའི་གནས་སྟངས་ལ་སྙིང་ནས་མྱ་ངན་ཞུ།
གོང་དུ་དབྱིན་མིང་པ་ཕྲིན་ལས་ཟེར་པས་བཤད་པ་ལ་རྒྱུ་མཚན་ཆེན་པོ་འདུག བོད་ནང་དུ་གནས་ཚུལ་བྱུང་སྐབས་ལམ་སང་སྐད་རྒྱག་རྐྱང་བྱས་ན་ཕན་ལས་གནོད་ཆེ་བའང་ཡོང་སྲིད་པ་རེད།