དེ་རིང་ནི་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ ཉིན་རྒྱལ་གཅེས་དཔའ་བོ་གྲྭ་ཕུན་ཚོགས་ལགས་ཀྱིས་རང་ལུས་མེར་སྒྲོན་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ནས་ཟླ་བ་གསུམ་དང་ཉིན་གྲངས་ཉེར་བརྒྱད་འཁོར་བའི་ཉིན་མོ་ཡིན་ལ། ཉིན་མོ་འདིར་ད་དུང་ཡང་ཟླ་བ་གསུམ་དང་ཉིན་གྲངས་ཉེར་བརྒྱད་ཀྱི་སྔོན་ལྟར་རྔ་པ་ཀིརྟི་དགོན་པ་གཙོ་བོར་གྱུར་པའི་རྔ་པའི་དགོན་གྲོང་མང་པོ་དམག་མིའི་དམ་བསྒྲགས་འོག་ཡོད་པར་མ་ཟད། རྔ་པ་ཀིརྟི་དགོན་པའི་ཕྱི་ནང་གི་འགྲུལ་བཞུད་ཚང་མ་དྲག་ཆས་སྤྲས་པའི་དམག་མི་སོགས་ཀྱིས་ཐད་ཀར་བཀག་ སྡོམ་བྱས་ཡོད་པ་དང། དགོན་པའི་ནང་དུ་དགེ་འདུན་པ་རྣམས་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྔར་བཞིན་ཚོགས་ཆུང་ལྔ་བཅུ་ང་ལྔར་ཁག་བགོས་བྱས་ཏེ་སྤེལ་མུས་ཡིན་འདུག་ལ། ད་ལོའི་ཕྱི་ཟླ་ ༣ ཚེས་ ༡༦ རྗེས་སུ་སྔ་ཕྱིར་འཛིན་བཟུང་བཀག་ཉར་བྱས་ཏེ་ཐག་གཅོད་ཡང་མ་བྱས་པའི་སྐྱ་སེར་སོ་བཞི་ཙམ་འཛིན་བཟུང་བཀག་སྐྱིལ་བྱས་པ་ནས་གར་ཡོད་ཅི་བྱུང་གི་གནས་ཚུལ་གཅིག་ཀྱང་འབྲེལ་ཡོད་དགོན་གྲོང་གིས་ཤེས་རྟོགས་མ་ཐུབ་པར་ཁྲི་མུན་དུ་མི་སྤྱོད་ལས་འདས་པའི་མནར་གཅོད་དྲག་པོ་མྱངས་དང་མྱོང་བཞིན་ལྷག་ཡོད། དེ་ལས་ཧ་ཅང་མང་པོ་ཞིག་ཁ་སྣ་ཚོགས་ལ་གཡར་ནས་དགོན་པའི་སྒྲིག་ཁོངས་ནས་བཙན་དབང་ གིས་གནས་དབྱུངས་བཏང་སྟེ་ཆགས་ས་བསྟེན་ས་མེད་པར་བཟོས་ཡོད། ད་ལྟ་དགོན་ནང་དུ་ཡོད་པའི་དགེ་འདུན་པ་རྣམས་ལ་ནི་ཉིན་མཚན་ལྟོས་མེད་དུ་གཞུང་ གི་ལས་བྱེད་པ་དང་། རྒྱལ་ཁབ་ཀྱི་དམག་མི། ཉེན་རྟོག་པ། དམིགས་བསལ་ཉེན་རྟོག་པ་བཅས་བརྒྱ་ཕྲག་མང་པོས་གཅིག་འཕྲོར་གཅིག་མཐུད་ནས་ལྟ་རེས་ དང་ཉུལ་རེས་བྱས་ཏེ་ཡོད་ལ། དེས་ཀྱང་མ་ཚིམས་པར་དེང་རབས་ཀྱི་འཕྲུལ་ཆས་མང་པོ་དགོན་པའི་ཕྱོགས་ཚང་མར་ལྕགས་ཀྱི་ཀ་བ་རིང་བོ་རེའི་རྩེ་ནས་བཀར་ཏེ་འགྲོ་འཆགས་ཉལ་འདུག་གི་བྱ་བ་ཚང་མ་ཁོང་ ཚོའི་ལག་མཐིལ་དུ་བཟུང་ཡོད། གསུམ་པའི་བཅུ་དྲུག་ནས་བརྩིས་པའི་ཟླ་བ་གསུམ་དང་ཉིན་གྲངས་ཉེར་དྲུག་གི་རིང་ལ་ དགོན་པའི་བསླབ་པ་སློབ་གཉེར་གྱིས་མཚོན་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་ཕྲ་མཐའ་ དག་གཅིག་ཀྱང་སྤེལ་བཅུག་མེད་པར་ཡོངས་སུ་བཀག་སྡོམ་བྱས་ཡོད་པར་བརྟེན། དགོན་པ་ཞིག་ལ་ཆེས་གལ་ཆེ་བའི་དབྱར་ཁས་ལེན་གྱི་བྱེད་སྒོ་འདི་ཟླའི་ཕྱི་ཚེས་ ༡༣ ལ་ཁེལ་ཡོད་པ་དེ་ཡང་སྤེལ་བཅུག་མེད་པར་ཆོས་དང་ཆོས་པ་ལ་རྒོལ་སེམས་ཀྱི་ཞེ་ངན་ རུས་པའི་གཏིང་ལ་ཟུག་པའི་མི་སྣ་དག་གིས་གང་དྲན་དྲན་རེ་བཤད་ནས་ཉི་མ་སྟོང་ཟད་ དུ་གཏོང་བཞིན་ཡོད་འདུག
གཞན་ཡང་ཟླ་འདིའི་ཚེས་ ༡ ཙམ་ནས་རྔ་པའི་སྟོད་སྨད་བར་གསུམ་དུ་དམར་དམག་ཁྱུ་དང་ཁྱུ་བྱས་ནས་དགོན་གྲོང་ཚང་མའི་ ཁང་ཐོག་ཏུ་ཁྲག་མདོག་གི་དར་དམར་བཙུགས་ཡོད་ལ། སྐབས་དེར་’’དར་དམར་མར་ཕབ་ན་ལོ་བཅུར་བཙོན་འཇུག་བྱེད་ཀི་ཡིན་’’ཟེར་ནས་རེ་རེ་བཞིན་དུ་འཇིགས་སྐུལ་བྱས་ཡོད། འདིའི་སྐོར་ལ་བོད་ནང་ནས་བཏང་བའི་ཡི་གེ་ཞིག་ཏུ་འདི་ ལྟར་གསལ། (བརྩེ་བའི་་་་་་་་་་ལགས་སྐུ་ཁམས་བདེ་མོ་ཡིན་ནམ། གུས་་་་་ཉིན་བཅོ་ལྔའི་རིང་རང་གི་ཕ་ས་སྐྱིད་པའི་རྔ་གཡང་ཕྱུག་མོ་རུ་དབྱར་སེང་དུ་སོང་ཡང་། ཡིད་སྐྱོ་བ་ཞིག་ལ་ངའི་ཕ་ཡུལ་གྱི་རི་གྲོང་ཚང་མ་དམར་བོ་ཁྲག་ལ་བྱུག་པའི་དར་དམར་གྱིས་གཡོགས་འདུག་ལ། ངེད་ཅག་གི་སྙིང་དབུས་ན་ནམ་ཡང་ཟུམ་པ་མེད་པའི་ཀིརྟིའི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་ད་དུང་རྒྱ་དམག་གི་མཐའ་སྐོར་ཏེ་དགེ་འདུན་པ་རྣམ་ནི་རང་དབང་སྤུ་ཙམ་མེད་པར་བཙོན་འོག་ན་མི་སྤྱོད་ལས་འདས་པའི་དཀའ་སྡུག་མྱོང་བཞིན་པ་འདི་ཚོ་ཅིག་མཐོང་དུས་ངོ་མ་རང་གི་ཕ་ཡུལ་དང་ནང་མི་སྤུན་མཆེད་སོགས་མཇལ་བས་སྔར་གྱི་དགའ་སྤྲོའི་སྣང་བ་དེ་ཚོ་མ་རེག་པར་སྐྱོ་སྡུག་རི་བོའི་གཏོས་དང་མཉམ་པ་ཞིག་ཁུར་ནས་མིག་ཆུ་མ་དང་ལྷན་ཕྱིར་་་་་ཡུལ་དུ་ཕུགས་མདུན་ཞིག་གི་ཆེད་དུ་སླེབ་ཡོད། ཨ་ཤི་རེ་ཁོ། དཀོན་མཆོག་མཁྱེན་ནོ།) གོང་གསལ་གྱི་ཡི་གེས་བསྟན་པ་དེ་ལྟར་དར་དམར་གྱི་རི་ཐང་ཁེབས་པའི་སྣང་བ་འདི་དང། འདིའི་རྒྱབ་ལོག་གི་འཇིགས་ཡེལ་བའི་གནས་ཚུལ་འདི་གཉིས་ཀྱིས་རྔ་པའི་ཡུལ་མི་ཚོའི་སེམས་ལ་ཅི་འདྲའི་རྨ་ཁ་ཞིག་ཆེན་པོ་ཞིག་བཟོས་དང་བཟོ་བཞིན་ཡོད་དམ།
བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས། ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༡༤ ལ།
དུས་ལྟར་གནས་ཚུལ་མཁོ་སྒྲིག་གནང་བ་ཐུགས་རྗེ་ཆེ།་
ཕ་ཡུལ་གཞིས་ལུས་སྤུན་ཟླ་རྣམས་འདི་ལྟར་རེད་ཡ། ལོ་རྒྱུས་ཀྱི་རང་བཞིན་ཅན་བོད་རྒྱལ་ཁབ་སྐྱར་གསོའི་སླད་དུ་བོད་རང་བཙན་ཡིན། རྒྱ་བོད་ཁ་ཁ་རེད། རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་དགོས་སོགས་འབོད་ཚིག་འདི་རེད། རང་དབང་ལུང་པ་ན་ཡོད་མཁན་དག་གིས་ནི་བོད་རང་བཙན་མི་དགོས། ང་ཚོ་རྒྱ་དང་མཉམ་སྡོད་བྱ་རྒྱུ་ཡིན་དེ་ལམ་དབུ་མ་ཟེར་བ་དེ་ཡིན་སོགས་ཕོ་ལྷ་གཙོང་བའི་ལས་ཀ་རྐྱང་རྐྱང་བྱེད་བཞིན་ནང་ཁུལ་ལ་ཆབ་སྲིད་བརྫུན་མ་ཁྲབ་ནས་སྡད་ཡོད། ད་དུང་བོད་གཞུང་ཟེར་བ་དེ་དེང་སང་བཙན་བྱོལ་ནང་འབོད་མི་ཆོག་པ་ཉེ་ཆར་དུས་དབང་སྐབས་སྐལ་ལྡན་བློ་གྲོས་ཟེར་བ་དེའི་བྱེད་སྟངས་ལ་གཞིག་ན་ཁོ་བའི་རྒྱབ་ད་དུང་རྒྱ་ཁྱི་ཤུགས་ཆེན་མང་པོ་ཡོད་ཚོད་འདུག དེར་རྟེན་བོད་དུ་ལས་འགུལ་སྤེལ་བ་ལ་དཀའ་ངལ་ཡོད་པ་ཇི་བཞིན་རང་དབང་ལུང་པ་ལའང་གཅིག་ཚུངས་ཆགས་ཚར་འདུག ད་ནས་བཟུང་འབོད་སྐད་ལ་ང་ཚོ་རྒྱ་མིའི་མཉམ་དུ་སྡད་བཅུག་རོགས། བོད་གཞུང་གཏོར་ཚར་ཡིན། རང་བཙན་རྩོད་མཁན་ལ་ངོ་བརྒོལ་ཡོད། རྒྱ་མི་བོད་དུ་ལོག་ཤོག བོད་རྒྱ་གཉིས་ཁྲི་ལོ་བརྟན་པར་ཤོག ཟེར་ནས་ཁྲོམ་སྐོར་བྱས་ན་ཡག་ཤོས་མ་རེད་དམ། གཞུང་མེད་ན་རྒྱལ་ཁབ་ཟེར་བའི་ཐ་སྙད་མེད་པས་རྒྱལ་དར་དང་རྒྱལ་གླུ་རྣམས་ལག་ཏུ་འཁྱེར་བ་དང་། ངག་ནས་གྱེར་ན་ཁྲིམས་འགལ་གྱི་བྱ་བ་ངོས་འཛིན་བྱེད་པའི་དུས་སྐབས་ལ་སླེབས་ཡོད་པར་མངོན་ནོ། །