ཆ་རུས།
དགུ་བཅུ་གོ་བརྒྱད་ཀྱི་ལོ་མཇུག་ཅིག་ལ། རང་ས་རང་ཡུལ་དང་གྱེས་ཏེ། འཆི་གསོན་ངེས་མེད་ཀྱི་རྒྱང་རིང་གི་ལམ་བུ་ཞིག་ལ་སྙེགས། དངངས་སྐྲག་དང་ལྷན་དུ་རེ་དལ་རེ་མགྱོགས་ཀྱིས། རི་ལུང་ཆེ་ཆུང་སྣ་ཚོགས་དང་བྱེ་ཐང་། ད་དུང་ཆུ་བོ་ཆེ་ཆུང་གང་མང་ཞིག་བརྒལ། དམིགས་འདུན་གཅིག་གི་སླད་དུ། གྲང་ངར་གྱི་ཁུར་བོ་དང་ལུས་སེམས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱེད་ཞོར། ས་མཐའ་ལ་འབྱོར་ཙམ་བྱུང་།
ཡ་ང་བའི་པར་རིས་འདི་མཐོང་ཐེངས་ཤིག་གིས། འདས་ཟིན་པའི་ཀྱག་ཀྱོག་གི་ལམ་བུ་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱི་གྲོགས་པོ་དག་ཡིད་ལ་ལྷང་ལྷང་དྲན་བྱུང་། རྒྱབ་ཀྱི་སེམས་འཕྲེང་དང་མདུན་གྱི་མུན་ནག་གཉིས་ཀྱིས་བསྡམས་པའི་གྲོགས་པོ་འགས། ལུས་སེམས་ཀྱིས་མ་ལྕོགས་པར་འཆི་ལམ་གདམ་པ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་མ་ཡིན་ནམ། ཕྱིར་ཏུ་ལྷག་པའི་ཁེར་རྐྱང་གི་རྣམ་པ་འདི། ཁྱེད་ཅག་གང་རུང་ཞིག་གི་ཤུལ་ཡིན་ཡང་སྲིད།
ང་ཚོ་རྒྱུ་འབྲས་ལ་བརྩི་སྲུང་བྱེད་མཁན་རྐྱང་ཡིན་པས། མ་མཐའ་ཡང་ཉིན་འགར་འདང་བའི་རྩམ་ཕྱུར་མར་གསུམ་བཞག་ཡོད་མོད་ཀྱང་། མི་མེད་ལུང་སྟོང་ཞིག་ནས་ཁྱེད་ཅག་ཇི་ལྟར་འཚོ་ཐུབ་བམ། ཧ་ཅང་དཀའ་མོ་རེད། ཆུ་མེད། སྲོག་ཆགས་མེད། མཐའ་ན་རྩི་ཤིང་ཡང་དབེན་པའི་ས་གཞི་དེར་ཡུན་རིང་གནས་མི་ཐུབ་པ་ནི་བརྗོད་ཀྱིས་མི་ལང་། ང་ཚོས་ནུས་ཤུགས་གང་ཡོད་ཀྱི་ཁྱེད་ཅག་ཁུར་དྲུད་སོགས་བྱས་མོད། འོན་ཀྱང་། ཁྱེད་ཅག་གིས་ང་ཚོའི་དཀའ་སྡུག་ལ་བསམ་གཞིགས་དང་རང་གི་ལས་སེམས་ཀྱི་དཀའ་སྡུག་ལ་གདོང་ལེན་བྱེད་མ་ཐུབ་པས། མཐའ་མཇུག་བདེ་མོའི་ཁ་ཆེམས་བཞག་སོང་།
བགྲང་བྱ་བཅུ་ཕྲག་འདས་རྗེས་ཀྱི་དེ་རིང་། ཁྱེད་ཅག་ཤི་གསོན་གྱི་སྐད་ཆ་ཙམ་ཡང་མ་ཐོས་མོད། ཁོ་བོ་དགེ་སྒྲུབ་ལ་ཞུགས་ཚེ་སྨོན་ལམ་རྣམ་དག་རེ་སྐྱེས་སུ་འབུལ་ངེས།
༢༠༡༤/༠༥/༣༡།